རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་པདྨ་ཞུ་བ་ཞིག་གིས་རྔ་བ་རྫོང་དཔའ་བོའི་སྲང་ལམ་དུ་ཞི་བའི་ངོ་རྒོལ་གནང་སྟེ་རྒྱ་ནག་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་པ་མ་ཟད་ས་གནས་སུ་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་དམ་དྲག་དོགས་ཟོན་སྔར་ལྷག་བྱེད་བཞིན་ཡོད་འདུག
འདི་གར་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ཀིརྟི་དགོན་པའི་འདབས་ཀྱི་དཔའ་བོའི་སྲང་ལམ་དུ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་པདྨ་ཞུ་བ་ཞིག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཆེན་པོ་ཞིག་ལག་ཏུ་བཟུང་སྟེ། རྒྱ་ནག་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དེ་འཕྲལ་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། ཀིརྟི་དགོན་པ་དང་རྔ་བ་རྫོང་ཐོག་བཅས་ལ་དམག་མི་ཧ་ཅང་མང་པོ་འགྲེམས་འཇོག་བྱས་ཏེ། ས་གནས་སེར་སྐྱ་མི་མང་ལ་དམ་དྲག་དང་སུན་གཙེར་ཆེན་པོ་བཟོ་བཞིན་ཡོད་འདུག
ད་ལྟའི་ཆར་ཁོང་གི་མཚན་ཆ་ཚང་ལ་ག་རེ་ཞུ་ཡི་ཡོད་པ་དང་། ཁྱིམ་མིའི་གནས་སྟངས། ངོ་རྒོལ་སྐད་འབོད་སྐབས་འབོད་ཚིག་ག་རེ་བསྒྲགས་ཡོད་མེད། འཛིན་བཟུང་བྱས་རྗེས་ས་གནས་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ད་དུང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
དགེ་འདུན་པ་པདྨ་ལགས་ནི་རྔ་བ་སོ་རུ་མ་ཡུལ་ཚོ་ནས་ཡིན་ཞིང་། ད་ལྟ་རྔ་བ་ཀིརྟི་དགོན་གྱི་བཀའ་རམས་བཅུ་པའི་འཛིན་གྲྭ་ནང་སློབ་གཉེར་གནང་བཞིན་ཡོད་པ་མ་ཟད། ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གཉེར་ཁང་གི་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་བཞིན་ཡོད་འདུག
རྩོམ་སྒྲིག་པ། པདྨ་མཚོ།