༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐའེ་ཝན་གྱི་ས་ཡོམ་གོད་ཆག་ཁྲོད་ནས་རྐྱེན་འདས་དང་རྨས་སྐྱོན་ཕོག་པ་སོགས་གནོད་སྐྱོན་ཐེབས་མཁན་རྣམས་ལ་ཐུགས་སྨོན་མཛད་འདུག
ཁ་སང་རེས་གཟའ་ལྷག་པའི་ཉིན་ཐའེ་ཝན་མཚོ་གླིང་རྒྱལ་ཁབ་ཀྱི་ཧྭ་ལིན་( Hualien) གྲོང་ཁྱེར་སོགས་སུ་ཚད་རིམ་ ༧།༤ ཅན་གྱི་ས་ཡོམ་བརྒྱབ་སྟེ། ཁུལ་དེའི་མི་རྒྱུ་གཉིས་ལ་རང་བྱུང་གི་གོད་ཆག་ཐེབས་ཡོད་སྟབས། ཁ་སང་ཕྱི་ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། རང་བྱུང་གོད་ཆག་གི་ཁྲོད་ནས་རྐྱེན་འདས་དང་རྨས་སྐྱོན་ཐེབས་མཁན་རྣམས་ལ་ཐུགས་སྨོན་མཛད་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། རང་བྱུང་གོད་ཆག་གི་རྐྱེན་གྱིས་མི་མང་དག་ཅིག་ལ་རྨས་སྐྱོན་ཐེབས་ཡོད་པ་རེད། ངོས་རང་གིས་ལྕམ་སྐུ་མཆོག་གཙོས་རང་བྱུང་གོད་ཆག་གི་སྐྱོ་གར་འདིའི་ཁྲོད་དུ་གནོད་འཚེ་ཐེབས་མཁན་ཡོངས་ལ་ཐུགས་གསོ་ཞུ་ཡི་ཡོད། ངོས་རང་གིས་ཐའེ་ཝན་གཞུང་དང་འབྲེལ་ཡོད་ཚོས་གནོད་འཚེ་ཐེབས་མཁན་རྣམས་ལ་མྱུར་སྐྱོབ་དང་ངལ་སེལ་གྱི་རོགས་འདེགས་གནང་བར་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་གསུངས་འདུག
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྐུ་སྒེར་གྱི་ཨེག་སི་སྤྱི་ཚོགས་དྲ་ལམ་སྟེང་། ང་ཚོས་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་དང་ཐའེ་ཝན་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་བྱས་ནས་སྐྱོ་གར་འདིའི་ཁྲོད་རྐྱེན་འདས་སུ་གྱུར་བའི་ཉེ་འབྲེལ་ཡོངས་ལ་སྙིང་དབུས་ནས་སྨོན་ལམ་འདེབས་ཀྱིན་ཡོད། ཅེས་གསུངས་འདུག་ལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ངས་ཐའེ་ཝན་གཞུང་དམངས་གཉིས་ཀྱི་གོད་ཆག་འདིའི་ཁྲོད་ནས་གཏོར་སྐྱོན་དང་རྐྱེན་འདས་སུ་འགྱུར་མཁན་རྣམས་ལ་སྙིང་དབུས་ནས་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ཐའེ་ཝན་ལ་དཀའ་ངལ་ཧ་ཅང་ཆེ་བའི་དུས་སྐབས་འདིར་ང་ཚོའི་སྨོན་འདུན་དང་སེམས་པ་ཐའེ་ཝན་མི་མང་ལྷན་དུ་ཡོད། ཅེས་གསུངས་འདུག
ཁ་སང་ཐའེ་ཝན་མཚོ་ཁུལ་གྱི་ཧྭ་ལིན་( Hualien) གྲོང་ཁྱེར་སོགས་སུ་ཚད་རིམ་ ༧།༤ ཅན་གྱི་ས་ཡོམ་བརྒྱབ་སྟེ། འདས་པའི་ཆུ་ཚོད་ཉེར་བཞིའི་རིང་ལ་མི་གྲངས་ ༩ རྐྱེན་འདས་དང་། མི་གྲངས་ ༡༠༥༠ ལྷག་ལ་རྨས་སྐྱོན། དེ་བཞིན་ད་ལྟའང་མི་གྲངས་ ༡༠༡ ལྷག་རྡིབ་སྐྱོན་བྱུང་བའི་ཁང་པའི་ནང་ལྷག་བསྡད་ཡོད་པས་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་འདུག་ལ། ས་ཡོམ་དེ་ནི་མི་ལོ ༢༥ ཙམ་གྱི་རྗེས་སུ་ཐའེ་ཝན་དུ་བྱུང་བའི་ཤུགས་ཚད་ཆེ་ཤོས་ཆགས་ཡོད་འདུག
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།