མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ཕེབས་སྐབས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་ལོ་ཧྲིལ་པོར་བྱམས་བརྩེའི་ལོ་ཞེས་སྲུང་གཙི་ཞུ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་ཏ་མང་ (Prem Singh Tamang)མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་མོར་འཛམ་གླིང་ཁྱོན་ཡོངས་སུ་བྱམས་སྙིང་རྗེའི་ཉིན་མོར་སྲུང་གཙི་ཞུ་བཞིན་ཡོད་སྐོར་སོགས་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུ་བཞིན་པ། ༢༠༢༤།༧།༦ དུས་བབ་ཀྱི་པར།

དེ་རིང་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༩ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་སྲུང་གཙི་གནང་སོང་ལ། དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་ཏ་མང་ (Prem Singh Tamang)མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཏ་པིར་གྷའོ་ (Tapir Gao) ལགས་གཉིས་ཀྱི་དབུས་མགྲོན་པོ་ ། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་ནོར་བུ་གཤེར་པ་ལགས། ཁེ་ན་ཌ་ཨེན་ཊེ་རིའོ་མངའ་སྡེའི་ས་གནས་གྲོས་ཚོགས་ཚོགས་གཞོན་བུ་འཁྲིད་དཀར་པོ་ཆེ་ལགས། འབྲས་ལྗོངས་མངའ་སྡེའི་བློན་ཆེན་རྣམ་རྒྱལ་ལེབ་ཆ་ལགས། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་རུང་ལེབ་ཆ་ལགས། འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་སན་ཇི་ཏི་ (Sanjeet Kharel) ལགས། སུད་སི་ (Oetwill am See) གྲོང་སྡེའི་སྤྱི་ཁྱབ་པ་གངས་གཞོན་ཚང་རྣམ་རྒྱལ་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་འཛོམས་འདུག

མཛད་སྒོའི་ཐོག་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་སྲིད་སྐྱོང་སྤེན་པ་ཚེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ལ་ཕྱག་རྟགས་ཕུལ་སོང་ལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་རྣམ་པར་ཞལ་ཐང་དང་སྐུ་འདྲ་སོགས་ཕྱག་རྟགས་སུ་གནང་སོང་། དེ་བཞིན་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ལས་བྱེད་ལས་དོན་གཟེངས་ཐོན་འགན་འཛིན་སྡེ་ཚན་ཁོངས་ནས་ལྡེ་ར་ལྡུན་གྱི་ས་གནས་མགོ་འཛིན་ཟུང་དྲུང་དོན་གྲུབ་རྒྱལ་པོ་ལགས་དང་། ལས་བྱའི་སྡེ་ཚན་ཁོངས་ནས་ཀ་སྦུག་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་དོ་བསྟན་འཛིན་ཆོས་དབྱིངས་ལགས་རྣམ་གཉིས་ལ་གཟེངས་རྟགས་ཕྱག་འཁྱེར་གནང་བ་དང་། དེ་བཞིན་ཞབས་ལོ་ ༢༥ འཁོར་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ ༦ ལ་བྱ་དགའ་གསོལ་རེས་གནང་སོང་ལ། འཕགས་བོད་གཉིས་གནའ་བོའི་བླ་སློབ་དང་དེང་གི་མཛའ་བརྩེའི་འབྲེལ་ལམ་ཞེས་པའི་བོད་འགྱུར་དེབ་ཅིག་དང་། ནུབ་ཧི་མ་ལ་ཡའི་བུ་ཆེན་མ་ཎི་བ་དང་ཕོ་བ་རྡོ་གཤག་གི་རབ་བྱེད་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་ཏ་མང་མཆོག་ལ་སྲིད་སྐྱོང་མཆོག་ནས་ཞལ་ཐང་ཕུལ། ༢༠༢༤།༠༧།༠༦ བོད་མིའི་སྒྲིག་འཛུགས་ཀྱི་པར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་༧སྐུའི་འཁྲུངས་སྐར་ཀྱི་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱངས་གནང་སྐབས། འཛམ་གླིང་ས་ཕྱོགས་གང་སར་༸མགོན་པོ་གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་པའི་དུས་ཚེས་ཁྱད་པར་ཅན་འདིར། ང་ཚོ་ཚང་མས་རྣམ་པ་འདྲ་མིན་གྱི་དགའ་སྟོན་ལ་རོལ་པ་དང་ཆབས་ཅིག། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱམས་བརྩེ་ལྡན་པའི་གོ་ལ་ཞིག་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་མཛད་འགན་བསྐྱངས་དང་སྐྱོང་བཞིན་པར་དྲིན་གཟོ་སླད་མི་རེ་ངོ་རེས་བྱམས་བརྩེའི་ཉམས་ལེན་བསྟེན་པའི་དུས་ཚེས་ཤིག་ཡིན་པར་དྲན་བསྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་འབྲེལ། བོད་ལུགས་ལྟར་ན། ད་ལོ་༸མགོན་པོ་མཆོག་གོ་སྟོན་རྟེན་འབྲེལ་གྱི་ཉིན་མོར་འཁེལ་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༧ པ་ནས་བཀའ་ཤག་གིས་ཕྱི་ལུགས་ལྟར་རྒྱལ་སྤྱིའི་ཁྱོན་ལ་ལོ་འཁོར་ཧྲིལ་པོར་བྱམས་བརྩེའི་ལོ་ཞེས་གཞུང་འབྲེལ་གོ་སྟོན་གོ་སྒྲིག་ཞུ་གཏན་འཁེལ་ཏེ་མཛད་རིམ་རྣམ་མང་འཆར་སྒྲིག་ཞུ་བཞིན་ཡོད་པ་དང་། དེར་སྟ་གོན་གྱི་ཚུལ་དུ་དེ་རིང་ནས་ཡོང་འགྱུར་གྱི་གཞུང་འབྲེལ་མཛད་སྒོ་ཁག་བཞིར་༸མགོན་པོ་མཆོག་གི་མཛད་འགན་བཞིའི་སྐོར་ངོ་སྤྲོད་སྙིང་བསྡུས་བརྒྱུད། རྗེས་འཇུག་ཀུན་ལ་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་ཞུ་གལ་སྐོར་དྲན་སྐུལ་ཞུ་འཆར་ཡིན་ཞེས་དང་།

ད་ལྟ་འཕྲད་བཞིན་པ་དང་། འབྱུང་འགྱུར་གྱི་མི་རབས་རྣམས་ལའང་འཕྲད་པར་འགྱུར་བའི་ཇེ་སྡུག་ནས་ཇེ་ཐུར་འགྲོ་བཞིན་པའི་དབུལ་ཕྱུག་གི་བར་ཁྱད་དང་། “ང་ཚོ་དང་ཁོང་ཚོའི་” བར་ཐག་གི་འཐབ་རྩོད་ཀྱི་དཀའ་ཁག་རྣམས་ལ་གདོང་ལེན་ཆེད། ཁེར་རྐྱང་བ་དང་རང་ཚུགས་ཐུབ་པས་སྟོང་པའི་རྟེན་འབྲེལ་ལྟོས་གྲུབ་ཀྱི་ལྟ་གྲུབ་ལ་རྒྱབ་རྟེན་བཅོལ་བའི་ཕན་ཚུན་བསམ་ཤེས་གུ་ཡངས་དང་འགན་འཁུར། ཀུན་ལ་བྱམས་བརྩེ་ལྡན་པའི་མི་ཚེ་སྐྱེལ་སྟངས་ཀྱི་ཤེས་ཡོན་དང་། དཀའ་ངལ་གྱི་འབྱུང་རྩ་ “ ང་དང་ངའི་ ” ཞེས་པའི་མཁྲེགས་འཛིན་གྱི་བསམ་བློ་སྤོང་ཐབས་ཀྱི་དགོངས་གཞི་རྒྱ་ཆེར་བཀྲལ་ཅིང། བྱམས་བརྩེ་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཤེས་ཡོན་སྤྲོད་སྟངས་ཤིག་དེང་རབས་སློབ་གསོའི་ལམ་ལུགས་ཁོངས་འཇུག་གལ་ནན་སྐུལ་མཛད་པ་བཞིན། ད་ལྟའི་ཆར་རྒྱལ་ཁབ་ ༡༣༠ ལྷག་ནང་དངོས་སུ་ལག་བསྟར་བྱེད་བཞིན་པ་དང་། རྒྱལ་སྤྱིའི་རང་བཞིན་གྱི་བགྲོ་གླེང་ཡང་ལོ་ལྟར་འཚོགས་བཞིན་ཡོད་ཅིང་། ནུབ་ཕྱོགས་ཀྱི་ཡུལ་གྲུ་མང་པོས་༸མགོན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་འདིར་བཀུར་གཟོས་མཚོན་སླད་ད་བར་གཟེངས་རྟགས་དང་ཕྱག་འཁྱེར་གྲགས་ཆེ་བ་ ༣༠༠ སྐོར་འབུལ་བཞེས་བྱུང་ཡོད། ༸མགོན་པོ་མཆོག་རྒྱལ་ཁབ་ ༦༠ ལྷག་ཙམ་ཞིག་གི་ནང་ཐེངས་ ༣༠༠ མ་ཟིན་ཙམ་ཞིག་ཕྱོགས་ཕེབས་གནང་སྟེ། རྒྱལ་ཁབ་སོ་སོའི་ཆབ་སྲིད་དང་ཆོས་ལུགས་ཁག་གི་དབུ་ཁྲིད་ ༥༠༠ མ་ཟིན་ཙམ་ཞིག་ལ་མཇལ་མོལ་དང་། མང་ཚོགས་ལ་བཀའ་སློབ། སྙན་གྲགས་ཅན་གྱི་གཙུག་ལག་སློབ་གཉེར་ཁང་བཅུ་ཕྲག་དྲུག་ཙམ་ཞིག་ཏུ་ཞབས་སོར་བཀོད་དེ། ༸མགོན་པོ་མཆོག་གི་མཛད་འགན་བཞི་ཡིས་མཚོན་པའི་གུ་ཡངས་དཀྱེལ་ཆེའི་བཞེད་དགོངས་རྣམས་རྒྱས་པར་གསུང་གླེང་མཛད་པས། སྐལ་ལྡན་སྐྱེ་བོ་ས་ཡ་དུ་མར་བླང་དོར་གྱི་བློ་མིག་ཕྱེས་ཡོད་ཅེས་སོགས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་མཁྱེན་པ་རྒྱས་ཤིང་། དེང་གི་ཚན་རིག་བཅས་ལ་ཐུགས་སྣང་ཆེན་པོ་གནང་སྟེ་འཛམ་གླིང་ནང་ཆེ་དགུ་ཀུན་གྱིས་བཀུར་བ་དང་། ཁོང་གི་མཛད་འཕྲིན་ལ་ཡིད་སྨོན་ཆེན་པོ་ཞུ་བཞིན་ཡོད། ཆོས་ཕྱོགས་ནས་དད་ལྡན་འབུམ་ཕྲག་མང་པོར་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གནང་ཞིང་། ལྷག་པར་དུ་ཕྱི་ལོ་ ༡༩༥༤ ནས་བཟུང་ད་བར་དུས་འཁོར་དབང་ཆེན་ཐེངས་ ༣༤ བསྩལ་གནང་མཛད་ཅིང་། ཉིན་མཚན་དུས་དྲུག་ཏུ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཐུགས་ཉམས་སུ་བཞེས་པའི་སྒོ་ནས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་ནང་ཕན་ཚུན་དམ་ཚིག་འོ་ཆུ་གཅིག་འདྲེས་མཛད་པ་ཙམ་དུ་མ་ཟད། འཛམ་གླིང་ནང་གི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐབས་སུ་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས་ས་ཕྱོགས་གང་སར་ཆིབས་བསྒྱུར་མཛད་ནས་བཀའ་སློབ་ལམ་སྟོན་གནང་འབྲས་སུ་ནང་པ་མ་ཡིན་པའི་ཆོས་ལུགས་གཞན་ཁག་གི་བླ་ཆེན་རྣམ་པའི་རྗེས་འབྲང་དང་བཅས་པས་ཀྱང་མོས་གུས་ཆེན་པོའི་སྒོ་ནས་བཀའ་གསུང་དང་ལེན་ཞུས་དང་ཞུ་བཞིན་ཡོད་ཅེས་དང་།  ཉེ་ཆར་༸མགོན་པོ་གང་ཉིད་མཆོག་ཨ་རིར་ཞབས་པུས་སྨན་བཅོས་གནང་བར་ཕེབས་ཤིང་ཞབས་པུས་སྨན་བཅོས་ཆེས་ལེགས་གྲུབ་བྱུང་བར་རང་ཅག་རྣམས་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད་དུས་དེར་རིས་མེད་དགོན་སྡེ་ཁག་དང་། བོད་གཞིས་བྱེས་གཉིས། ཧི་མ་ལ་ཡའི་རི་བརྒྱུད། ཆོས་ལུགས་གཞན་བཅས་ཀྱིས་ཞབས་རིམ་བསྒྲུབས་ཤིང་། གནད་ཡོད་མི་སྣ་མང་པོས་༸སྐུའི་འཕྲོད་བཞེས་བཟང་ཞིང་གང་མྱུར་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་གནང་བ་དང་། ཨ་རི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་སྨན་ཁང་ (Hospital for Special Surgery) གི་སྨན་པ་དང་སྨན་ཞབས། སྐུ་བཅར་ཞབས་ཞུ་བ་རྣམ་པ་བཅས་འབྲེལ་ཡོད་ཚང་མར་དེ་རིང་གི་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་བཞིན་པ། ༢༠༢༤།༧།༦ དུས་བབ་ཀྱི་པར།

དེ་བཞིན་དེ་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ཀྱི་དགའ་དད་སྤྲོ་གསུམ་ངང་༸སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལམ་ནས་མགོན་པོ་མཆོག་གི་ཀུན་ཁྱབ་མཛད་འཕྲིན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཞིང་། བླང་དོར་ལམ་སྟོན་མཛད་པ་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་དང་། བདག་ཅག་བོད་འབངས་ཡོངས་ཀྱིས་རྒྱལ་བའི་དགོངས་བཞེད་དང་བཀའ་སློབ་ལམ་སྟོན་བཞིན་སྙིང་སྟོབས་བསྐྱེད་དེ་ནུས་པ་མཉམ་སྤུངས་ཀྱིས་ཆིག་སྒྲིལ་ངང་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག བོད་དོན་བདེན་པའི་འཐབ་རྩོད་བཅས་ལ་ནུས་པ་གང་ཡོད་འདོན་ཐབས་ཞུ་དགོས་ཞེས་དང་། འདི་ལོར་བོད་ལུགས་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་ཀྱི་ཡོད་པ་དང་། ཕྱི་ལུགས་དགུང་ལོ་དགུ་བཅུ་རྗེས་ལོར་འཁེལ་གྱི་ཡོད་སྟབས། སྐབས་དེར་བོད་མིའི་སྒྲིག་འཛུགས་ངོས་ནས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་ཆེད་གོ་སྟོན་གྱི་མཛད་སྒོ་རྒྱས་པ་ཞིག་དང་། བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། ལོ་གཅིག་ཧྲིལ་པོར་གོ་སྟོན་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་ཡོད་པ་ལྟར། ཚོགས་སྒེར་ཁག་ཡོངས་ནས་ཀྱང་བཀའ་དྲིན་རྗེས་དྲན་ཞུ་ཕྱིར་གོ་སྟོན་སྐབས་ལས་འཆར་ཆེ་ཕྲ་སྣ་ཚོགས་ཤིག་སྤེལ་ཐུབ་ན་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་རྒྱུར་སོང་དེ་དོན་ཞུ་ཕྱོགས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང་།

དེ་ནས་སུད་སི་ (Oetwill am See) གྲོང་སྡེའི་སྤྱི་ཁྱབ་གངས་གཞོན་ཚང་རྣམ་རྒྱལ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལོ་ངོ་ ༦༥ རིང་སྐུ་ངལ་འཛེམས་མེད་ངང་བོད་དོན་ཆེད་ཕྱག་ལས་གནང་ཡོད་ལ། དེ་ནི་འགྲོ་བ་མིའི་རིགས་ཀྱི་ཆེད་དུའང་རེད། དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་ཕུལ་དུ་བྱུང་བའི་ཕྱག་ལས་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་ཞེས་གསུངས་སོང་། དེ་བཞིན་ཁེ་ན་ཌ་ཨེན་ཊེ་རིའོ་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཞོན་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས། ༧གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས། ད་ལོ་༧སྐུའི་འཁྲུངས་སྐར་དུས་ཆེན་དྷ་རམ་ས་ལར་སྲུང་གཙི་ཞུ་རྒྱུའི་གོ་སྐབས་རག་པར་སྐལ་བ་བཟང་པོ་བྱུང་། བོད་མིའི་སྒྲིག་འཛུགས་དང་མི་མང་དང་ལྷན་དུ་སྲུང་གཙི་ཞུས་པ་ཐེངས་དང་པོ་ཡིན། དགའ་པོ་ཞེ་དྲགས་བྱུང་ཞེས་དང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བའི་སྐབས་ཏེ་བོད་ཀྱི་ལོ་རྒྱུས་ནང་ཆེས་གཉན་འཕྲེང་ཆེ་བའི་དུས་སྐབས་དེར། ༧གོང་ས་མཆོག་དགུང་གྲངས་ ༢༤ ལས་ཕེབས་མེད་ཀྱང་ཁོང་གི་མཁྱེན་དཔྱོད་ལ་བརྟེན་ནས་བཙན་བྱོལ་བོད་མིའི་བྱིས་པ་ཚོར་སློབ་གྲྭ་དང་། མི་མང་གཞིས་ཆགས། གྲྭ་བཙུན་ཆེད་དགོན་པ་གྲྭ་ཚང་ཁག་བཅས་གསར་འཛུགས་མཛད་ཡོད་ལ། དགོན་པ་གྲྭ་ཚང་ཁག་ནི་བོད་ཀྱི་ཤེས་རབ་དང་ནང་ཆོས་སོགས་འབྱུང་གནས་ཡིན་སྐོར་དང་། རྒྱ་གར་གཞུང་མང་གཉིས་ཀྱི་གཏོང་ཕོད་དང་རྒྱབ་སྐྱོར་མེད་ཚེ་འདི་རྣམས་འགྲུབ་ཐབས་མེད་སྐོར་དང་། སྐུ་དགུང་ལོ་ ༢༤ ལས་བཞེས་མེད་པ་ཞིག་ལ་བཙན་བྱོལ་ནང་སོ་སོའི་མི་མང་གི་ཆེད་དུ་འདི་འདྲ་ལྟ་བུའི་ཤེས་རབ་ལྡན་པ་དང་། མི་ལོ་ ༦༥ ལྷག་རིང་མཛད་པ་རླབས་ཆེན་བསྐྱངས་བ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་ལ། ང་ཚོ་ནི་ཁོང་གིས་སྐུ་ངལ་འཛེམས་མེད་ཀྱི་དབུ་འཁྲིད་འོག་བྱུང་བ་ཞིག་ཡིན་སྐོར་སོགས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཏ་པིར་གྷའོ་ (Tapir Gao) ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༤།༧།༦ དུས་བབ་ཀྱི་པར།

དམིགས་བསལ་སྐུ་མགྲོན་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཏ་པིར་གྷའོ་ (Tapir Gao) ལགས་ཀྱིས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུ་རྒྱུ་བྱུང་བར་དགའ་པོ་བྱུང་། དེ་རིང་གི་ཉིན་མོར་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུས་པ་ཙམ་མིན་པར། ཁོང་གིས་སྐུ་ཚེ་ཧྲིལ་པོར་ཞི་བདེ་དང་བྱམས་སྙིང་རྗེའི་དོན་དུ་སྐུ་ལས་མང་པོ་བསྐྱོན་ཡོད་ལ། འགྲོ་བ་མིའི་རིགས་ཀྱི་དོན་དུ་སྐུ་ལས་མང་པོ་བསྐྱོན་ཡོད་པ་དང་། བོད་དང་རྒྱ་གར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། ༧གོང་ས་མཆོག་ནས་འཛམ་གླིང་ས་ཕྱོགས་གང་སར་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་སྐོར་ལ་བཀའ་སློབ་མང་པོ་བསྩལ་ཡོད་སྐོར་དང་། ཁོང་གི་འཁྲུངས་སྐར་ཉིན་འཛམ་གླིང་ཡོངས་ལ་བྱམས་སྙིང་རྗེའི་ཉིན་མོ་སྲུང་གཙི་བྱེད་ཀྱི་ཡོད་ལ། རྒྱ་གར་མི་མང་གིས་དུས་རྟག་ཏུ་བོད་མི་རྣམས་ལ་རྒྱབ་སྐྱོར་ཡོད་སྐོར་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་ཏ་མང་ (Prem Singh Tamang)མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། དེ་རིང་དྷ་རམ་ས་ལར་༧སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་ཞེ་དྲགས་བྱུང་། ༧གོང་ས་མཆོག་དགུང་ལོ་ཆུང་དུས་ནས་དཀའ་ངལ་མང་པོ་བྱུང་ཡོད་ཀྱང་། ཞི་བདེ་དང་བྱམས་སྙིང་རྗེ་ཁྱབ་སྤེལ་གནང་མུས་ཡིན་ལ།  ཁོང་གིས་དུས་རྒྱུན་དུ་ནས་འཛམ་གླིང་ས་ཕྱོགས་གང་སར་བྱམས་སྙིང་རྗེའི་སྐོར་བཀའ་སློབ་གནང་གི་ཡོད་ལ། ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ཡོད་པ་མ་ཟད། དེ་རིང་འཁྲུངས་སྐར་གྱི་ཉིན་མོར་འཛམ་གླིང་ཡོངས་ལ་བྱམས་སྙིང་རྗེའི་ཉིན་མོར་སྲུང་གཙི་ཞུ་བཞིན་ཡོད་སྐོར་དང་། ༧མགོན་པོ་གང་ཉིད་མཆོག་གི་སྐུ་གཟུགས་བདེ་ཐང་དང་སྐུ་ཚེ་ཡུན་རིང་བརྟན་པའི་གསེལ་འདེབས་ཞུ་བཞིན་ཡོད་སྐོར་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༠ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༡ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese