རི་ཉིལ་དང་ས་རུད་ཆུ་ལོག་གནོད་སྐྱོན་གྱིས་དར་རྩེ་མདོ་ནས་ལྕགས་ཟམ་ཁའི་བར་གྱི་ཕུག་ལམ་གཉིས་ལ་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། མི་གྲངས་ ༨ རྐྱེན་འདས་ཕྱིན་པ་དང་། ས་གནས་མི་མང་ ༩༠༠ གནས་སྤོ་བྱས་ཡོད་འདུག
ཕྱི་ཟླ་ ༨ ཚེས་ ༣ ཉིན་གྱི་ནམ་གུང་ཆུ་ཚོད་༣།༣༠ ཙམ་ལ་བོད་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གུ་དྲག་གྲོང་རྡལ་རི་དཀྱིལ་གྲོང་ཚོར་རི་ཉིལ་དང་ས་རུད་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་བྱུང་སྟེ། ད་ལྟའི་ཆར་ཉུང་མཐར་མི་གྲངས་ ༨ རྐྱེན་འདས་ཕྱིན་ཡོད་ཅིང་། མི་གྲངས་ ༡༩ གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། མི་གྲངས་ ༡༦ ལ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག་ལ། ས་གནས་མི་མང་གྲངས་ ༩༠༠ ལྷག་ས་གནས་གཞན་དུ་གནས་སྤོ་བྱས་ཡོད་འདུག
ད་ལྟའི་ཆར་རི་ཉིལ་དང་ས་རུད་ཆུ་ལོག་གི་ཁྲོད་གནོད་འཚེ་ག་ཚོད་ཐེབས་ཡོད་མེད་གསལ་ཁ་མི་འདུག་ཀྱང་། མི་མང་གི་སྡོད་ཁང་དང་། གཞུང་ལམ། གློག་ཁང་སོགས་མང་པོ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག་ལ། ཁ་སང་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་དར་རྩེ་མདོ་ནས་ལྕགས་ཟམ་ཁའི་བར་གྱི་ཕུག་ལམ་དང་པོ་ནས་གཉིས་པའི་བར་གྱི་ཟམ་པར་གཏོར་སྐྱོན་བཟོས་ཡོད་པ་མ་ཟད། སྒོ་ལྕགས་གྲོང་རྡལ་རི་སྟེང་གྲོང་ཚོར་ས་རུད་ཆུ་ལོག་གིས་རླངས་འཁོར་བཞི་དང་མི་གྲངས་ ༡༡ ཙམ་ལ་གནོད་འཚེ་ཐེབས་ཡོད་འདུག
རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ། དར་རྩེ་མདོའི་རི་ཉིལ་དང་ས་རུད་ཆུ་ལོག་གི་གནོད་སྐྱོན་ཆེད། སི་ཁྲོན་ཞིང་ཆེན་གྱི་རོགས་སྐྱོབ་སྟོབས་ཤུགས་དཔུང་ཁག་གྲངས་ ༡༤༤༨ དང་། རླངས་འཁོར་གྲངས་ ༢༡༥ ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཉེན་སེལ་རོགས་སྐྱོབ་མི་སྣ་ཁྱོན་ ༩༤༩ ། རླངས་འཁོར་གྲངས་ ༡༩༧ ། ངལ་སེལ་དངོས་ཟོག་ཁྲི་ ༢༡ སོགས་ཀྱིས་ས་གནས་ལ་རོགས་སྐྱོབ་བྱེད་བཞིན་ཡོད་ཚུལ་སྤེལ་འདུག
སི་ཁྲོན་ཞིང་ཆེན་ནང་ཉེ་བའི་ལོ་འགའི་ནང་ས་ཡོམ་གྱི་གནོད་སྐྱོན་རིམ་པ་ཞིག་ཐེབས་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༠༨ ཟླ་༥ ཚེས ༡༢ ཉིན་ཝན་ཁྲིན་དུ་ས་ཡོམ་ཚད་རིམ་༨།༢ ཅན་ཞིག་བརྒྱབ་སྟེ་མི་གྲངས་ ༦༩.༢༢༧ ལྷག་རྐྱེན་འདས་དང་། མི་གྲངས་ ༡༨༠༠༠ གར་སོང་ཆ་མེད་དུ་གྱུར་བ་སོགས་གནོད་འཚེ་བསམ་ཡུལ་ལས་འདས་པ་བྱུང་། ཡང་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠ ཉིན་བོད་ཀྱི་ཡཱ་ཨན་ཁུལ་དུ་ཚད་རིམ་ ༧.༠ གྱི་ས་ཡོམ་བྱུང་ནས་མི་གྲངས་ ༡༩༦ རྐྱེན་འདས་དང་། མི་གྲངས་ ༡༡༤༧༠ ལ་རྨས་སྐྱོན་བྱུང་། ཡང་ཕྱི་ལོ་ ༢༠༡༧ ཟླ་༨ ཚེས་༨ ཉིན་གཟི་ཚ་སྡེ་དགུ་ཁུལ་དུ་ཚད་རིམ ༧.༠ ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་གྲངས ་༢༤ རྐྱེན་འདས་དང་། མི་གྲངས་ ༤༩༣ ལ་རྨས་སྐྱོན་ཕོག ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༦ ཉིན་ལུའུ་རྫོང་དུ་ཚད་རིམ་ ༦ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་གྲངས་ ༣ རྐྱེན་འདས་ཕྱིན་པ་དང་། མི་གྲངས་༨༥ ལྷག་ལ་རྨས་སྐྱོན་ཕོག་པ་སོགས་གནོད་སྐྱོན་བསྟུད་མར་བྱུང་དང་འབྱུང་མུས་ཡིན་པ་རེད།
ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༦ ཉིན་བོད་ཀྱི་ལྕགས་ཟམ་རྫོང་ལ་ཚད་རིམ་༦.༨ ཅན་གྱི་ས་ཡོམ་བརྒྱབ་ནས་བོད་ནང་གི་མི་གྲངས་ཁྱོན་ ༧༤ རྐྱེན་འདས་དང་མི་གྲངས་ཁྱོན་ ༢༦ གར་སོང་ཆ་མེད་དུ་གྱུར། མི་གྲངས་ ༢༤༩ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག དེའི་ནང་ནས་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་མི་གྲངས་ ༤༠ རྐྱེན་འདས་དང་མི་གྲངས་ ༡༤ གར་སོང་ཆ་མེད་དུ་གྱུར། དེ་བཞིན་གཡག་རྔ་ཁུལ་གྱི་མི་གྲངས་ ༣༤ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་༡༢ གར་སོང་ཆ་མེད། མི་གྲངས་ ༨༩ ལ་རྨས་སྐྱོན་ཕོག ལྕགས་ཟམ་རྫོང་དང་གཡག་རྔ་ཁུལ་གྱི་མི་མང་ཁྲི་ ༥ ལྷག་གི་འཚོ་གནས་ལ་གནོད་སྐྱོན་ཐེབས་ནས་གནས་སྤོ་བྱས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།