ཕྱི་ལོ་ ༢༠༢༤ ལོའི་འཛམ་གླིང་གཞོན་ནུའི་མཆོང་རྒྱུག་འཕེན་གསུམ་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་བོད་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་ཐོབ་འདུག
ཕྱི་ཟླ་ ༨ ཚེས་ ༢༧ ནས་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་ ༦ རིང་ལྷོ་ཨ་མེ་རི་ཁའི་པེ་རུ་རྒྱལ་ཁབ་ཀྱི་རྒྱལ་ས་ལི་མཱ་རུ། འཛམ་གླིང་གཞོན་ནུའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་སྡུར་འཚོགས་ཡོད་ཅིང་། སྐབས་དེའི་འགྲན་སྡུར་ནང་བོད་རིགས་འདུར་རྒྱུག་ལུས་རྩལ་བ་པདྨ་སྒྲོལ་མ་ལགས་ཀྱིས་བུད་མེད་ཀྱི་སྨི་ ༡༠༠༠༠ ཡི་འདུར་རྒྱུག་འགྲན་སྡུར་ལས་སྐར་མ་ ༤༣ དང་སྐར་ཆ་ ༢༦ །གྲངས་ཆུང་ ༦༠ ཡི་གྲུབ་འབྲས་བླངས་ཏེ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་འདུག
སྐབས་དེར་བོད་ཀྱི་ལུས་རྩལ་བ་པདྨ་སྒྲོལ་མ་ལགས་ཀྱིས། འདུར་རྒྱུག་མགོ་འཛུགས་དུས་སེམས་སུ་དངངས་འཚབ་སླེབས་བྱུང་། ལུས་རྩལ་སློབ་སྟོན་པས་ཁྱེད་མདུན་ཕྱོགས་སུ་ཅི་ཙམ་རྒྱུག་ཐུབ་ན་དེ་ཙམ་རྒྱུག་དང་། ཕམ་སོང་ཚེ་ཡང་བསྐྱར་མགོ་བརྩམས་ཆོག སྐྲག་དགོས་དོན་མེད་ཅེས་བརྗོད་མྱོང་། ངས་ཀྱང་རང་ཉིད་ལོ་ན་ཆུང་པས་ཕམ་ཁ་བྱུང་ཚེ། ཡང་བསྐྱར་མགོ་བརྩམས་ཆོག་བསམ་སྟེ་འབད་བརྩོན་བྱས་པ་ཡིན། ཐེངས་འདིའི་འདུར་རྒྱུག་ཁྲོད་ངའི་རྒྱབ་ལོགས་ཀྱི་འདུར་རྒྱུག་པ་རྣམས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་སུ། ང་ལའང་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཆེ་ནས་ཆེ་རུ་གྱུར་སོང་། རང་ཉིད་ཀྱིས་ཀྱང་ད་ལན་འདི་འདྲའི་མགྱོགས་པོ་རྒྱུག་ཐུབ་རྒྱུ་རེད་བསམ་མ་སོང་། ཞེས་བརྗོད་འདུག
དེ་བཞིན་ཕྱི་ཟླ་ ༥ ཚེས་ ༡༨ ནས་ ༡༩ བར་རྒྱ་ནག་ཨན་ཧུས་ཧོང་ཧྲན་དུ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་འདུར་རྒྱུག་ཨང་དང་པོའི་རྟིང་རྩོད་འགྲན་སྡུར་འཚོགས་ཡོད་ཅིང་། སྐབས་དེའི་འགྲན་ཚོགས་སྟེང་བོད་ཀྱི་ལུས་རྩལ་པ་ ༡༤ འགྲན་སྡུར་ནང་མཉམ་ཞུགས་གནང་ཡོད་པའི་ཁྲོད། བོད་ཀྱི་ལུས་རྩལ་པ་པདྨ་སྒྲོལ་མ་ལགས་ཀྱིས་བུད་མེད་གཞོན་ནུ་ཚོགས་ཆུང་གི་སྤྱི་ལེ་ ༡༠ འགྲན་སྡུར་ལས་སྐར་མ་ ༤༧ དང་སྐར་ཆ་ ༢༤ ཡི་གྲུབ་འབྲས་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་འདུག དེ་བཞིན་ཕྱི་ཟླ་ ༤ ཚེས་ ༢༤ ནས་ ༢༧ བར་དཀྱིལ་ཤར་ཨེ་ཤ་ཡའི་ཌུའུ་བྷེ་ཁུལ། སྐབས་ ༢༡ ཨེ་ཤ་ཡ་མཆོང་རྒྱུག་འཕེན་གསུམ་གྱི་རྩེད་འགྲན་བྱས་ཡོད་པའི་ཁྲོད། པདྨ་སྒྲོལ་མ་ལགས་སྨི་ ༡༠༠༠༠ འདུར་རྒྱུག་ནང་སྐར་མ་ ༤༧ དང་སྐར་ཆ་ ༣༦ གྲུབ་འབྲས་བླངས་ཏེ་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།
བོད་རིགས་རེད་དམ། བོད་པ་རེད།