༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་ཧོར་བོད་གསུམ་གྱི་ནང་ལ་སངས་རྒྱས་པའི་ཆོས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡིན་ཞེས་གསུངས།
དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐའེ་ཝན་གྱི་དད་ལྡན་མི་མང་གིས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ལྷག་བསམ་རྣམ་པར་དག་པའི་ཐོག་ནས་བརྟན་བཞུགས་འབུལ་མཁན་གཙོ་བོ་ནི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཡིན། ངོས་ཀྱིས་དུས་གཏན་དུ་རྒྱ་བོད་ཧོར་གསུམ་ལ་སངས་རྒྱས་ཀྱི་བསྟན་པ་དངོས་གནས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། དེ་རིང་ཁ་སང་རྒྱ་རིགས་མི་མང་ནང་ནས་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་འགྲོ་བསྡད་པ་དངོས་ཡོད་རེད། མ་འོངས་པར་ངོས་རང་གི་ངོས་ནས་རྒྱ་ཧོར་བོད་གསུམ་ལ་སངས་རྒྱས་པའི་ཆོས་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ། དེ་ཡང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཡག་པོ་ཞིག་ཡོང་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡིན་ལ་སྨོན་ལམ་ཡང་རྒྱག་གི་ཡིན། ཞེས་གསུངས།
༧མགོན་པོ་གང་ཉིད་ཀྱིས། ང་ཚོའི་བོད་ལ་དེ་སྔ་ཐེག་པ་ཆེ་ཆུང་སྔགས་དེ་ཚོ་ཆ་ཚང་བ་ཡོད་རེད་དེ། ཡིན་ནའང་སྐབས་རེར་ཆོ་ག་ཕྱག་ལེན་མ་གཏོགས་དོན་དག་ངོ་མའི་ཐོག་ལ་བསམ་བློ་བཏང་། འགྲེལ་བཤད་བརྒྱབ། སྒོམ་དེ་འདྲ་ཏོག་ཙམ་ཉུང་ཉུང་ལྟ་བུ་རེད་འདུག ཆོ་ག་ཕྱག་ལེན་གྱི་སྒང་ལ་འགྲོ་བསྡད་པ་དེ་ང་ཚོ་རྗེས་ལུས་ཀྱི་རྣམ་པ་རེད་འདུག ང་ཚོས་སངས་རྒྱས་ཆོས་འདི་སྔོན་ལ་རྒྱུ་མཚན་ཡག་པོ་ཤེས་པར་བྱོས། དེ་ནས་རྒྱུ་མཚན་དང་ལྡན་པའི་ཐོག་ནས་ཆོས་ཀྱི་ཉམས་ལེན་བྱ་རྒྱུ་བྱུང་ན་སྤུས་དག་པོ་ཡོང་གི་རེད། ངོས་རང་གི་ངོས་ནས་ཆ་བཞག་ན། ཆུང་དུས་ནས་དཔེ་ཆ་ཀློག་གི་ཡོད། རིམ་པས་ཉམས་མྱོང་ཏོག་ཙམ་ཡོད་དུས། དངོས་གནས་དྲང་གནས་སངས་རྒྱས་པའི་ཆོས་ནི་བསླབ་པ་གསུམ་ཉམས་ལེན་གྱི་ཐོག་ནས་སེམས་རྒྱུད་འདུལ་ཐབས་བྱ་རྒྱུ། འཕྲལ་དུ་སེམས་ཀྱི་ཞི་བདེ་དང་ལུས་ཀྱི་བདེ་ཐང་ཡོང་རྒྱུ། དེ་ཚོའི་དགོས་པ་རྒྱུ་མཚན་མཐོང་བའི་ཐོག་ནས་ཆོས་ཀྱི་བསླབ་བྱ་ཇི་སྐད་གསུང་པ་ནང་བཞིན་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་བྱས། གྲོགས་པོ་ངོ་ཤེས་ཚོ་ལའང་འདི་དག་འགྲེལ་བཤད་རྒྱག་དུས་གང་ལ་གང་འཚམ་གྱི་ཕན་ཐོགས་ཡོང་གི་ཡོད་པ་ལྟ་བུ་ཞིག་འདུག ཅེས་གསུངས།
ཡང་མགོན་པོ་གང་ཉིད་མཆོག་གིས། དེ་རིང་བརྟན་བཞུགས་ཕུལ་བར་ཁྱེད་རང་ཚོ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་གི་ངོས་ནས་ཕལ་ཆེར་རྨི་ལམ་ལ་བལྟས་པ་ཡིན་ན་ལོ་བརྒྱ་དང་བཅུ་གྲངས་བསྡད་རྒྱུའི་བཟོ་འདུག ད་ལྟ་ང་ཚོ་བཙན་བྱོལ་དུ་བསྡད་ཡོད་རེད་དེ། འདི་གནས་ཚུལ་ཁག་ཁག་རེད། རྒྱ་ཧོར་བོད་གསུམ་ས་ཁུལ་གང་དུ་ཡོད་ཀྱང་ང་ཚོ་མི་རིགས་གཅིག་གྱུར་རེད། དེ་ཡང་ཆོས་ཀྱི་དད་པ་དང་དོ་སྣང་བྱེད་པ་དེ་གཅིག་གྱུར་རེད། དེ་སྔ་དང་མི་འདྲ་བར་དེང་སང་འཛམ་གླིང་ཁྱོན་ཡོངས་སུ་ནང་པའི་ཆོས་ལ་དོ་སྣང་དང་སེམས་ཁམས་རིག་པའི་འགྲོ་སྟངས་དེ་དག་ལ་ཚན་རིག་པ་ཚོས་ཀྱང་དོ་སྣང་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ངོས་རང་གི་ངོས་ནས་ཆ་བཞག་ན། ཚན་རིག་པར་ཐུག་ནས་མཉམ་དུ་སྐད་ཆ་བཤད་དུས་ངོས་རང་ཚན་རིག་པ་ཆགས་པ་དང་། ཆོས་ཀྱི་སྐད་ཆ་བཤད་དུས་ཆོས་པ་ཆགས་བསྡད་ཀྱི་ཡོད་པ་རེད། ངོས་ཀྱིས་འཛམ་བུ་གླིང་འདིའི་སྒང་ལ་མུ་མཐུད་ནས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཡོང་ཐུབ་རྒྱུར་སྨོན་ལམ་རྒྱག་གི་ཡིན་ལ་སེམས་ཤུགས་ཡོད། ངོས་རང་གི་ངོས་ནས་ཧུར་ཐག་བྱེད་ཀྱི་ཡིན། ཁྱེད་རང་ཚོ་ཚང་མས་སྨོན་ལམ་ཡག་པོ་རྒྱག་རོགས་བྱོས། བློ་བདེ་པོ་བྱས་ནས་བཞུགས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་བསྩལ་སོང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།