བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་སློབ་ཏུ་བོད་དང་ལྷོ་ཨེ་ཤ་ཡ་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་ན་གཞོན་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་འཚོགས་མགོ་བཙུགས་སོང་།
དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་ས་རཱ་བོད་ཀྱི་མཐོ་སློབ་ཏུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་དང་ལྷོ་ཨེ་ཤ་ཡ་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གཉིས་རིང་གི་རྒྱ་གར་ན་གཞོན་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་དབུ་འཛུགས་ཞུས་སོང་བ་དང་། ཚོགས་འདུའི་སྟེང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། གནའ་བོའི་ཤེས་ཡོན་རྒྱུན་འཛིན་ལམ་སྲོལ་ལྟེ་གནས་ཁང་གི་འགན་འཛིན་དང་སློབ་དཔོན་ར་མུ་མ་ནི་ཝ་ནན་ (Ramu Manivannan) ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱི་གཙོས་ཉམས་ཞིབ་པ་གཞན་ཁག་ཅིག དེ་བཞིན་རྒྱ་གར་ན་གཞོན་འབུམ་རམས་པ་དང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཁྱོན་མི་གྲངས་ ༢༥ དང་སློབ་དཔོན་ཆེན་པོ་ ༤ བཅས་མཉམ་ཞུགས་གནང་འདུག
སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཚོགས་འདུའི་སྐོར་ལ་ངོ་སྤྲོད་གནང་གྲུབ་མཚམས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། རྒྱ་གར་ན་གཞོན་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པའི་སྟེང་བཅར་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ད་ལན་གྱི་ཚོགས་འདུའི་སྟེང་བོད་དང་ལྷོ་ཨེ་ཤ་ཡའི་སྐོར་ལ་བསམ་ཚུལ་བརྗེ་ལེན་དང་གླེང་སློང་བྱ་རྒྱུ་ཡིན་པར་བརྟེན། ཚོགས་ཆེན་འདིའི་ཐོག་ཉམས་ཞིབ་པ་དང་། ཉམས་ཞིབ་སློབ་མ་ཚུད་པའི་ཚོགས་ཞུགས་པ་རྣམས་ཀྱིས་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཙོས་པའི་ལས་བྱེད་ཡོངས་ཀྱིས་ཉམས་ཞིབ་པའི་ཚོགས་ཆེན་འདི་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་དང་། བོད་དང་ལྷོ་ཨེ་ཤ་ཡའི་སྐོར་གྱི་བརྗོད་གཞི་དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱས་ཡོད་པ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་ཡུན་རིང་ལྷག་པའི་རྐྱེན་གྱིས། ལྷོ་ཨེ་ཤ་ཡ་དང་དམིགས་བསལ་འཛམ་གླིང་ཁྱོན་ཡོངས་ཀྱི་ས་ཁམས་ཆབ་སྲིད་དང་། ཐབས་ཇུས། ཚོང་དོན་སོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་གིས་བོད་ལ་དབང་སྒྱུར་བྱས་པའི་རྐྱེན་གྱིས་རྒྱ་གར་དང་། བལ་ཡུལ། འབྲུག་བཅས་ལྷོ་ཨེ་ཤ་ཡའི་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ལ་ཕྱིའི་གནོན་ཤུགས་དང་སེམས་ཁམས་གཉིས་ཀའི་ཐོག་ནས་དཀའ་ངལ་འཕྲད་ཉེན་ཡོད་སྐོར་དང་། བོད་དང་རྒྱ་གར། བལ་ཡུལ། འབྲུག་གི་བར་ལ་ས་མཚམས་ཀྱི་འབྲེལ་བ་ཡོད་པའི་ཐོག ད་ལྟའི་ཆར་བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་དབར་ལ་གཞུང་འབྲེལ་དང་དཔལ་འབྱོར་གྱི་ཐོག་ནས་འབྲེལ་ལམ་ཡག་པོ་ཡོད་པ་རེད། གཞན་ཡང་། འབྲུག་དང་རྒྱ་ནག་གཉིས་བར་འབྲེལ་ལམ་དེ་ཙམ་ཉུང་ཡང་། རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་དབར་ལ་ས་མཚམས་ཀྱི་དཀའ་ངལ་ཡོང་གི་ཡོད། རྒྱ་ནག་གིས་བོད་ཡོངས་སུ་དབང་སྒྱུར་བྱས་པར་བརྟེན་རྒྱ་གར་ནང་དུ་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་དང་ཐབས་ཇུས་འདྲ་མིན་ལག་བསྟར་གྱིས་ཚོང་འབྲེལ་དང་། དཔལ་འབྱོར་སོགས་ཀྱི་ཐད་ནས་རྒྱ་ནག་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་ཐབས་བྱས་དང་བྱེད་མུས་ཡིན་པ་མ་ཟད། ལྷོ་ཨེ་ཤ་ཡ་ཚུད་པའི་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གིས་སིམ་འཛུལ་དང་སྟོབས་ཤུགས་རྒྱ་སྐྱེད་གཏོང་མུས་ཡིན་པ་རེད། ཅེས་གསུངས།
བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་མུ་མཐུད་དུ། བོད་དེ་ཨེ་ཤ་ཡའི་ཆུའི་ཐོན་ཁུངས་གཙོ་བོ་དང་། འཛམ་གླིང་གི་སྣེ་མོ་གསུམ་པ་ཡིན་པ་ལྟར། ཨེ་ཤ་ཡའི་ནང་དུ་རྒྱུག་ཆུའི་ཐོན་ཁུངས་ ༡༠ བོད་ཀྱི་འཁྱགས་རོམ་ལ་བརྟེན་ནས་བྱུང་གི་ཡོད་པ་དང་། ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་བཅུའི་ནང་ཡོད་པའི་མི་འབོར་ཐེར་འབུམ་ ༡།༨ ལ་ཕན་ཐོགས་ཡོང་གི་ཡོད་པ་རེད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་། རྒྱ་ནག་གིས་ཕྱིའི་ཐོན་སྐྱེད་ཡར་རྒྱས་དང་། གཏེར་ཁ་སྔོག་འདོན། དེ་བཞིན་ཆུ་མཛོད་གསར་རྒྱག་གི་ལས་འགུལ་མང་པོ་སྤེལ་བ་སོགས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཤུགས་ཆེན་ཐེབས་རྐྱེན། བོད་ཀྱི་མཐོ་སྒང་གི་འཁྱགས་རོམ་གང་མགྱོགས་ཞུ་བའི་ཉེན་ཚབས་ཆེ་བ་དང་། རྒྱ་ནག་གིས་ཆུ་དེ་ལག་ཆར་བཀོལ་སྤྱོད་ཀྱིས་འཐུང་ཆུའི་ཐོན་ཁུངས་ཀྱི་བདེ་འཇགས་ལ་ཉེན་ཚབས་འཕྲད་ངེས་ཡིན་པའི་སེམས་འཚབ་བྱེད་ཀྱི་ཡོད་སྐོར་དང་། བོད་དེ་ཆུའི་ཐོན་ཁུངས་གཙོ་བོ་ཡིན་པའི་རྐྱེན་གྱིས་ལྷོ་ཨེ་ཤ་ཡ་ཚུད་པའི་འཛམ་གླིང་ཁྱོན་ཡོངས་སུ་ཆུའི་དཀའ་ངལ་ཤུགས་ཆེན་འཕྲད་ཉེན་ཡོད་སྐོར་དང་། བོད་དང་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་གར་དང་། བལ་ཡུལ། འབྲུག་སོགས་ཀྱི་ནང་དུ་ནང་ཆོས་ཉམས་ལེན་བྱེད་མཁན་མང་པོ་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐོར་ལ་ཐེ་ཇུས་བྱེད་བཞིན་པ་ནི་འཛམ་གླིང་ཡོངས་ཀྱི་ནང་པའི་སྤྱི་ཚོགས་ཐོག་གནོན་ཤུགས་སྤྲོད་བཞིན་པ་ཞིག་ཡིན་སྐོར་སོགས་གསུངས་སོང་།
དེ་ནས་གནའ་བོའི་ཤེས་ཡོན་རྒྱུན་འཛིན་ལམ་སྲོལ་ལྟེ་གནས་ཁང་གི་འགན་འཛིན་དང་སློབ་དཔོན་ར་མུ་ལགས་ཀྱིས། བོད་ནི་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཧ་ཅང་གལ་ཆེན་ཡིན་པ་དང་། བོད་དེ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཐད་ལ་ངོས་འཛིན་བྱ་དགོས་ཀྱི་ཡོད། དེ་ཡང་ང་ཚོས་བོད་དང་མཉམ་དུ་ཡོད་ཅེས་སེམས་གསོ་བྱས་པ་ཁོ་ན་མིན་པར་རྒྱ་གར་གྱི་སློབ་དེབ་ཁག་གི་ནང་དུ་བོད་དེ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་སྐོར་འབྲི་གལ་ཆེ་ཞིང་། ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ངོས་འཛིན་བྱས་རྗེས་གནད་དོན་གཞན་ཆ་ཚང་བསླེབ་ཡོང་གི་རེད། ད་དུང་རྒྱ་གར་གཞུང་གིས་ས་མཚམས་དང་འབྲེལ་བའི་སྲིད་ཇུས་བསྐྱར་གསོ་དང་སྲ་བརྟན་བཟོས་པ་ཡིན་ན། ད་ལྟའི་ཆར་དཀའ་ངལ་འཕྲད་བཞིན་པའི་ལ་དྭགས་དང་། ཨ་རུ་ན་ཅལ། འབྲས་ལྗོངས་བཅས་ཧི་མ་ལ་ཡའི་ཁུལ་གྱི་ས་མཚམས་དཀའ་རྙོག་དེ་དག་ཞི་འགྲིག་ཡོང་ཐུབ་པ་དང་། ས་མཚམས་བར་གྱི་འབྲེལ་ལམ་དང་བདེ་འཇགས་ཡར་རྒྱས་འགྲོ་ཡི་རེད། དེར་བརྟེན། ང་ཚོས་བོད་དེ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ངོས་འཛིན་གསལ་པོ་བྱ་དགོས་ཀྱི་ཡོད་པ་རེད། ཅེས་སོགས་བརྗོད་སོང་།
ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་གང་ཡིན་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་རྒྱ་གར་ན་གཞོན་བོད་རིག་པའི་ཉམས་ཞིབ་པའི་ཚོགས་འདུ་ཞེས་པ་དེ་ལོ་ལྟར་འཚོག་གི་ཡོད་པ་རེད། ད་ལན་གྱི་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི་བོད་དང་ལྷོ་ཨེ་ཤ་ཡའི་འབྲེལ་བ་ཞེས་པ་དེ་རེད། ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་ན་གཞོན་བོད་ཀྱི་གནད་དོན་ཐོག་ལ་ཉམས་ཞིབ་བྱེད་མཁན་རྣམས་ལ་སྡིངས་ཆ་བསྐྲུན་པའི་ཐོག་ནས་བོད་དང་རྒྱ་གར་གྱི་ཆོས་དང་ལོ་རྒྱུས། རིག་གཞུང་། ཁོར་ཡུག་བཅས་པའི་འབྲེལ་བ་དེ་ཕན་ཚུན་ངོ་སྤྲོད་དང་བསྐྱར་གསོ་བྱེད་ཐུབ་རྒྱུར་དམིགས་ཡོད། འཕགས་བོད་འབྲེལ་བ་བསྐྱར་གསོ་བྱས་པའི་ཐོག་ནས་རྒྱ་གར་དང་བོད་ཀྱི་འབྲེལ་བ་སྔར་ལས་ལྷག་པའི་ནུས་པ་ལྡན་པ་དང་ཤུགས་ཆེ་རུ་གཏོང་ཐུབ་པའི་རེ་བ་འཆང་གི་ཡོད། ཉམས་ཞིབ་པའི་ཁྲོད་ནས་དཔྱད་རྩོམ་སྤུས་ཚད་ལེགས་ཤོས་བཅུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དུས་དེབ་ཏུ་པར་སྐྲུན་བྱ་རྒྱུ་ཡིན། ཞེས་གསུངས་སོང་།
འདི་གའི་གསར་འགོད་པས་འབྲས་ལྗོངས་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པའི་སློབ་མ་ཨ་སི་ཐ་ར་ཡེ་ (Aastha Rai) ལགས་སུ་ཚོགས་འདུ་འདིའི་ཐོག་མཉམ་ཞུགས་གནང་བའི་རྒྱུ་མཚན་གཙོ་བོ་གང་ཡིན་དྲིས་པར། ཁོང་མོས། ང་རང་འབྲས་ལྗོངས་ནས་ཡིན་པ་དང་། འབྲས་ལྗོངས་དང་བོད་ཀྱི་འབྲེལ་ལམ་ཡག་པོ་ཡོད་པ་མ་ཟད། བོད་ཀྱི་ལོ་རྒྱུས་ལ་ཤ་ཞེན་དང་ཤེས་རྟོགས་བྱ་རྒྱུའི་ཆེད་དུ་ཚོགས་ཆེན་ནང་མཉམ་ཞུགས་བྱས་པ་ཡིན། བོད་དེ་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པར་བརྟེན། བོད་ཀྱི་ལོ་རྒྱུས་སྐོར་ལ་ངེས་པར་དུ་ཤེས་དགོས་ལ། ཚོགས་ཆེན་འདིའི་ནང་མཉམ་ཞུགས་གནང་མཁན་གྱི་མཁས་པ་དང་ཉམས་ཞིབ་པ་རྣམས་ལ་བརྗོད་གཞི་མི་འདྲ་བ་མང་པོ་ཡོད་པ་རྣམས་ལ་རྒྱུས་ལོན་བྱ་འདོད་བྱུང་། ཞེས་དང་། ད་ལན་གྱི་ཚོགས་འདུའི་ནང་ངས་ལེབ་ཆའི་གསང་མྱུལ་བ་ཀིན་ཐུབ་ལེབ་ཆའི་ (Kinthup Lepcha) ཡི་ལོ་རྒྱུས་དང་། ཁོང་ནི་བོད་ནང་འཚོལ་ཞིབ་བྱེད་མཁན་ཞིག་ཡིན་པ་མ་ཟད། བོད་ནང་གི་གནད་དོན་དང་འབྲེལ་ནས་དབྱིན་ཡུལ་གྱི་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཡང་རེད། དེར་བརྟེན་ད་ལན་གྱི་ཚོགས་འདུའི་སྟེང་ཀིན་ཐུབ་ལེབ་ཆ་ཟེར་བའི་གསང་མྱུལ་བ་ཞིག་གི་ལོ་རྒྱུས་བསྐྱར་ཞིབ། བོད་འཚོལ་ཞིབ་མཁན་ཞིག (Retelling the story of Lepcha Spy Kinthup Lepcha : An Explorer of Tibet) ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་བྱུང་།
ཚོགས་འདུའི་ནང་མཉམ་ཞུགས་བྱེད་པའི་དགོས་དམིགས་གཙོ་བོ་གང་ཡིན་ཐད་རྡོ་རྗེ་གླིང་དུ་ཡོད་པའི་མི་རིཀ་མཐོ་རིམ་སློབ་གཉེར་ཁང་ (Mirik College) གི་སློབ་དཔོན་གཞོན་པ་ཤར་པ་པད་མོ་ (Pemu Sherpa) ལགས་ཀྱིས། དེ་སྔ་ངའི་ལས་རོགས་ཁག་ཅིག་ཚོགས་འདུ་འདིའི་ནང་མཉམ་ཞུགས་བྱས་པ་ལ་བརྟེན་ནས་ཤེས་ཡོན་དང་འབྲེལ་བའི་ཉམས་མྱོང་ཡག་པོ་བྱུང་འདུག དེར་བརྟེན་ང་རང་ད་ལན་གྱི་ཚོགས་འདུའི་ནང་མཉམ་ཞུགས་བྱས་ཏེ། ཉམས་ཞིབ་དང་འབྲེལ་བའི་ཤེས་ཡོན་གསར་པ་རག་གི་རེད་བསམ་གྱི་འདུག ཅེས་དང་། ད་ལན་གྱི་ཚོགས་འདུ་དང་འབྲེལ་བའི་ངའི་བརྗོད་གཞི་གཙོ་བོ་ནི། བོད། ལྷོ་ཨེ་ཤ་ཡའི་དེང་རབས་ཀྱི་ནམ་ཟླའི་བརྩམས་སྒྲུང་ནང་བརྗེད་པ་རེད། (Tibet: Forgotten in South Asian contemporary climate fiction) ཅེས་པའི་སྐོར་ཡིན། དེ་ཡང་ད་ལྟའི་ཆར་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ཛ་དྲག་པོ་ཡིན་པ་དང་། བོད་ཀྱི་མཐོ་སྒང་བཞུ་ཡི་ཡོད་པའི་གནད་དོན་དང་འབྲེལ་ནས་གླེང་སློང་གང་ཡང་བྱེད་ཀྱི་མེད་པ་མ་ཟད། དེ་དང་འབྲེལ་བའི་ཉམས་ཞིབ་ཀྱི་རྒྱུ་ཆ་ཚད་ལྡན་མེད་པར་བརྟེན། ང་རང་གི་ངོས་ནས་དེའི་ཐོག་ལ་ཉམས་ཞིབ་བྱས་པ་ཡིན། ཞེས་སོགས་བརྗོད་བྱུང་།
གསར་འགོད་པ། བསྟན་འཛིན་ཕུར་བུ།