མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་ལོ་ངོ་ ༦༥ རིང་རྒྱ་ནག་གིས་བོད་ཀྱི་མི་རབས་བཞི་རྒྱ་ནག་གི་བྲན་གཡོག་ཏུ་བསྒྱུར་ཡོད།

བོད་ཀྱི་དུས་བབ།
༢༠༢༤/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གི་མེ་མདའ་སོགས་མཚོན་ཆ་ཐོགས་པའི་དམག་མི་གྲངས་ ༥༠༠ ཡིས་བོད་ཀྱི་གྲོང་གསེབ་རེ་བསྐོར་བར་ཉིན་གྲངས་བདུན་འགོར་གྱི་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་སྟེ། ལོ་ངོ་བཅུ་གཉིས་ཀྱི་རྗེས་སུ་རྒྱ་དམག་ ༥༠༠ ཡིས་བོད་པའི་གྲོང་གསེབ་རེ་བསྐོར་བར་ཆུ་ཚོད་བདུན་ལས་འགོར་གྱི་མེད་འདུག

སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་གསུང་བཤད་གནང་། ༢༠༢༤།༡༡།༡༤ བོད་ཀྱི་དཔེ་མཛོད་ཀྱི་པར།

ཉེ་ལམ་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག སྤྱི་ཚོགས་རིག་པའི་འབུམ་རམས་པ་དང་སློབ་དཔོན་ཆེན་མོ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས། བོད་ཀྱི་ད་ལྟའི་གནས་སྟངས་ལས། ཤེས་ཡོན་སློབ་གསོ་དང་མ་འོངས་པའི་བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་ཅིང་། སྐབས་དེར་ཁོང་གིས་ད་ལྟ་བོད་ཀྱི་མི་འབོར་ནི་ས་ཡ་དྲུག་མིན་པར་ས་ཡ་བརྒྱད་ལ་ཟིན་ཉེ་ཡོད་པ་སོགས་གསུངས་སོང་།

ཁོང་གི་གཏམ་བཤད་ཁྲོད། ལོ་ངོ་ ༤༧༠༠ གོང་ནས་ད་ལྟའི་བར་ང་ཚོའི་བཙན་པོ་རིམ་བྱུང་ནས་མི་རབས་གོང་མ་དག་གིས་ཤ་དང་ཁྲག་གི་འགྲོ་གྲོན་བཏང་ནས་ང་ཚོའི་མི་རབས་གསར་པ་ཚོར་བོད་ཀྱི་ས་ཁྱོན་ཆེན་པོ་ཞིག་རྩིས་སྤྲོད་གནང་ཡོད་མོད། ཕྱི་ལོ་ ༡༩༥༩ ལོར་བོད་རྒྱ་ལག་ཏུ་ཤོར་བ་དང་། བོད་ཀྱི་ས་དང་སྐད་ཡིག་རིག་གཞུང་སོགས་ལ་བདག་པོ་རྒྱག་པར་ཕྱི་ནང་གི་ཆ་རྐྱེན་མང་པོ་ཡོད་པ་ལས། བསྡོམས་བརྒྱབ་ན་མི་ལ་ཐུག་བསྡད་ཡོད་ཅིང་། མི་ནུས་པ་ཅན་ཞིག་གསོ་སྐྱོང་མ་ཐུབ་པ་ཡིན་ན་བོད་ཀྱི་ས་ཁྱོན་རིག་གནས་དང་བཅས་པར་བདག་པོ་རྒྱག་མི་ཐུབ་ལ། མི་ནུས་པ་ཅན་ཞིག་གསོ་སྐྱོང་བྱེད་པར་ཤེས་ཡོན་སློབ་གསོར་རག་ལས་ཡོད།

ཕྱི་ལོ་ ༡༩༨༠ ནང་བོད་ནང་དུ་སློབ་གྲྭ་མང་པོ་བཙུགས་ཏེ་བོད་ཡིག་ཤེས་མཁན་ཚང་མ་དགེ་རྒན་བྱས་ཤིང་། དེ་ལ་བརྟེན་ནས་ཤེས་ཡོན་སློབ་གསོའི་གཞི་རྩའི་སྤུས་ཀར་ཤུགས་རྐྱེན་ཐེབས་ཡོད་མོད། མི་རབས་རྒན་པ་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་མི་མང་ལ་བྱིས་པ་ཚོ་སློབ་གྲྭར་བསྐྱལ་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད་ཀྱང་། སློབ་གྲྭ་ཁག་གི་བསླབ་གཞི་དང་བསླབ་དེབ་ཐོག་རྒྱ་ནག་གིས་ལྐོགས་ཇུས་ཅི་ཞིག་འཐེན་ཡོད་པ་ཧ་གོ་མེད། རྒྱ་ནག་གིས་ཇུས་བཤམས་ཏེ་བསླབ་གཞི་དང་བསླབ་དེབ་ལ་ཐོག་མ་ནས་སྟངས་འཛིན་བྱས་ཡོད། ཕྱི་ལོ་ ༡༩༩༥ ལོར་གཞི་ནས་བོད་པའི་སྤྱི་ཚོགས་ནང་རྒྱ་ནག་གི་ཇུས་ངན་དེ་མགོ་འཚོས་པ་དང་། སློབ་གྲྭ་གྲུབ་བྱེད་ཀྱི་ཁྱབ་ཁོངས་ནས་རྒྱ་ནག་གིས་བསླབ་གཞི་གོ་སྒྲིག་གི་དབང་ཆར་སྟངས་འཛིན་བྱེད་པ་ནི་གནད་འགོག་ཆེ་ཤོས་ཡིན། རྒྱ་ནག་གིས་བསླབ་གཞི་འདི་འཁྲིད་ཆོག་པ་དང་འདིའི་རིགས་འཁྲིད་མི་ཆོག་ཅེས་ཡིག་ཆ་གསལ་བོ་བཟོས་ཡོད་སྟབས། དེའི་ཐོག་ནས་གཞི་རྒྱ་ཆེ་བའི་གཞོན་སྐྱེས་རྣམས་ལ་བོད་རང་གི་སྲོལ་རྒྱུན་རིག་གཞུང་སློབ་པའི་སྒོ་བཀག་ཡོད། ལོ་རབས་བརྒྱད་ཅུ་བའི་ནང་སྲིད་ཇུས་ཆེས་ལེགས་པའི་སྐབས་སུ་བསླབ་གཞི་ཁག་ཏུ་རྒྱ་ནག་གི་བསླབ་གཞིའི་བརྒྱ་ཆ་ ༩༠ དང་བོད་རང་གི་བསླབ་གཞི་བརྒྱ་ཆ་ ༡༠ ཙམ་མ་གཏོགས་མེད། ཕྱི་ལོ་ ༢༠༡༨ རྗེས་ནས་བོད་ཡིག་གི་བསླབ་གཞི་ཚང་མ་མེད་པར་བཟོས་ཡོད།

སྔོན་ཆད་བོད་པའི་སློབ་གྲྭ་ཁག་ལ་བོད་མིས་བདག་པོ་རྒྱག་གི་ཡོད་ཀྱང་།  ད་ལྟ་སློབ་གྲྭ་ཁག་ལ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་སྤྱི་བདེ་ལས་ཁུངས། སློབ་གསོ་ལས་ཁུངས་བཅས་ཀྱིས་སྟངས་འཛིན་དང་དོ་དམ་བྱེད་བཞིན་ཡོད། རྒྱ་ནག་གི་ས་ཁུལ་གཞན་གྱི་སློབ་གྲྭ་ཁག་ཏུ་སྤྱི་བདེ་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་ཁང་གཉིས་ཀྱིས་ཐེ་གཏོགས་བྱེད་ཀྱི་མེད། དེར་བརྟེན། བསླབ་པ་སློབ་གཉེར་བྱེད་སའི་ཁོར་ཡུག་དང་སྒྲིག་འཛུགས་ཀྱི་བདག་དབང་དང་དེའི་ནང་དུ་ག་རེ་འཁྲིད་ཆོག་མིན་སོགས་ལ་རྒྱ་ནག་གིས་སྟངས་འཛིན་བྱེད་ཀྱིན་ཡོད་པ་མ་ཟད། སློབ་ཚན་འཁྲིད་ཐབས་ཀྱི་སྐད་ཡིག་ལ་སྟངས་འཛིན་བྱས་དང་བྱེད་མུས་ཡིན། དེ་མཚུངས་བཞིན། བོད་ཀྱི་དགོན་སྡེ་ཁག་ཏུ་འཐབ་ཕྱོགས་གཅིག་གྱུར་ཁང་དང་ཆོས་ལུགས་དོ་དམ་ལས་ཁུངས། ཉེན་རྟོག་ལས་ཁུངས་སོགས་ཀྱིས་ལྟ་རྟོག་བྱེད་མགོ་བཙུགས་ཡོད་ལ། ད་ལོ་ནས་ཤུགས་ཆེ་རུ་འགྲོ་བཞིན་འདུག

པན་ཆེན་རིན་པོའི་ཆེའི་སྐབས་སུ། བོད་ནང་ནས་དགེ་འོས་སློབ་གྲྭ་ལྔ་བཙུགས་ཡོད་ཀྱང་། སློབ་གྲྭ་དེ་དག་གི་ནང་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཚན་ཞིག་བཙུགས་ཏེ། སློབ་ཚན་གཞན་ཆ་ཚང་རྒྱ་ཡིག་ནང་དུ་ཡོད་ཅིང་། བོད་ཡིག་ནང་རྩོམ་རིག་དང་སྐད་ཡིག་ཁོ་ན་མེད་པས། རྩོམ་རིག་དང་བརྡ་སྤྲོད་སྦྱངས་ནས་སློབ་མཐར་ཕྱིན་བོད་པའི་སློབ་མ་ཚོར་སྤྱི་ཚོགས་སྟེང་ནས་ལས་ཀའི་ཁོར་ཡུག་དང་གོ་སྐབས་མེད་པར་བརྟེན། དེང་སྐབས་ཁོ་ཚོས་ས་གནས་སྲིད་གཞུང་དང་རྒྱ་ནག་གི་གྲོང་ཁྱེར་སྲིད་གཞུང་ཁག་དང་མཉམ་འབྲེལ་གྱིས་བོད་མི་མང་པོ་རྒྱ་ནག་ཏུ་ཞོར་ལས་ལ་འཁྲིད་ཀྱི་ཡོད་ཅིང་། དེའི་ཁྲོད་ཀྱི་བོད་མི་ཁག་ཅིག་གི་དོན་ལྔ་སྣོད་དྲུག་ཡན་ཆད་རྐུ་འཁྱེར་བྱེད་བཞིན་པའི་གནས་ཚུལ་འབྱུང་གི་ཡོད།

དེ་བཞིན། བསླབ་དེབ་ཀྱི་ནང་དོན་ལ་སྟངས་འཛིན་བྱས་ཏེ་རྒྱ་བསྒྱུར་བྱེད་བཞིན་ཡོད་ལ། སྔོན་ཆད་བོད་རང་སྐྱོང་ལྗོངས་ཟེར་བ་དང་རང་སྐྱོང་ས་ཁུལ་དུ་བོད་ཡིག་གི་ལས་ཁུངས་ཁ་ཤས་ཡོད་མོད་ད་ལྟ་མེད་པར་བཟོས་ཟིན།  རྒྱ་ནག་གིས་བཤད་བཞིན་པའི་སྐད་གཉིས་སློབ་གསོ་ཟེར་བ་དེ་ཚད་ལྡན་གྱི་སྐད་གཉིས་སློབ་གསོ་མིན་པ་དང་། ཕྱི་ལོ་ ༢༠༡༨ ནས་རྔ་བ་ཁུལ་དུ་སྐད་གཉིས་སྲིད་ཇུས་ཟེར་བ་མེད་པར་བཟོས་ཡོད་ལ། སྐབས་དེར་འབྱུང་འགྱུར་ལོ་བཞི་ལྔའི་ནང་བོད་ཡིག་གི་སློབ་ཚན་རྦད་དེ་མེད་པར་བཟོ་རྩིས་ཡིན་པ་ཤེས་རྟོགས་བྱུང་ཡོད།  ཕྱི་ལོ་ ༢༠༡༣ ལོར་ལྷ་ས་ནས་སྐད་གཉིས་སྲིད་ཇུས་མཚམས་འཇོག་བྱས་པ་དང་མདོ་སྟོད་སྨད་གཉིས་ལས་ཁམས་ཕྱོགས་སུ་འདི་ལོ་ནས་མགོ་བཙུགས་ཡོད་པ་དང་ས་ཆ་འགར་འདས་ལོ་ནས་མགོ་བཙུགས་ཡོད།

འདི་ལོའི་ཕྱི་ཟླ་ ༧ ནང་རྭ་རྒྱ་ཤེས་རིག་སློབ་གླིང་སྒོ་བརྒྱབ་པ་དང་ད་ལྟ་བོད་ནང་གི་སྒེར་བཙུགས་སློབ་གྲྭ་ཕལ་ཆེ་བ་སྒོ་བརྒྱབ་ཟིན་ལ། ཕྱི་ལོ་ ༢༠༢༠ ཟླ་ ༩ ནང་ནས་མཐོ་སློབ་ཁག་ཏུ་ཡོད་པའི་བོད་ཡིག་སྡེ་ཚན་མེད་པར་བཟོས་ཏེ། སོག་པོ་དང་ཡུ་གུར།  བོད་བཅས་གྲངས་ཉུང་མི་རིགས་ཀྱི་སྡེ་ཚན་ཞེས་པར་བསྒྱུར་ཡོད། དེ་དག་གི་ཁྲོད་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་དང་རིག་གནས་སློབ་གླིང་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སྐད་ཡིག་དང་རིག་གནས་སློབ་གླིང་། ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་དང་རིག་གནས་སློབ་གླིང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་དང་རིག་གནས་སློབ་གླིང་།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོ།  སི་ཁྲོད་མི་རིགས་སློབ་གྲྭ་ཆེན་མོ། ཀན་སུའུ་མི་རིགས་སློབ་གྲྭ་ཆེན་མོ། རྔ་བ་དགེ་ཐོན་སློབ་གྲྭ་ཆེན་མོ་སོགས་ཡོད།

ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་ནག་གིས་སྔོན་འགྲོའི་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་བྱས་ཏེ། ལོ་ ༤ ནས་ ༦ གྱི་ཕྲུ་གུ་ཚོ་སློབ་གྲྭར་ཉར་ཏེ་ཞག་བདུན་གྱི་ནང་ནས་ཞག་གཉིས་མ་གཏོགས་ཕ་མར་ཐུག་ཆོག་གི་མེད་པའི་གྲངས་འབོར་མང་དུ་ཕྱིན་པ་ལ་བརྟེན་ནས། ཕྲུ་གུ་དེའི་རིགས་ཟླ་གསུམ་གྱི་རྗེས་ནས་རང་ཁྱིམ་དུ་ལོག་ཚེ་མི་ཆ་མེད་ལྟ་བུར་གྱུར་ཡོད། ཕྱི་ལོ་ ༢༠༢༣ ལོར་རྩད་གཅོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༦ ལོར་སྔོན་འགྲོའི་བཅའ་སྡོད་སློབ་གྲྭར་ཕྱིན་པའི་ཕྲུ་གུ་དེ་ཚོས་རང་ཉིད་ཀྱི་ཕ་མ་ཚོས་ཅི་ཞིག་ལ་རྒྱ་སྐད་རྒྱག་མ་ཤེས་པ་རེད་དམ་ཞེས་གཞེ་གཞེ་གཏོང་གི་ཡོད་པའི་གནས་སྟངས་ཆགས་ཡོད།

སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་ལ་གསུང་བཤད་གནང་། ༢༠༢༤།༡༡།༡༤ བོད་ཀྱི་དཔེ་མཛོད་ཀྱི་པར།

ད་ལྟའི་གནས་སྟངས་ནི་ལོ་ངོ་དྲུག་ཅུ་རེ་ལྔ་ལྷག་གི་འབྲས་བུ་ཡིན། ད་ལྟ་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་དང་འབྲེལ་ནས་བོད་སྤྱིའི་གནས་སྟངས་དེ་གཉན་འཕྲེང་ཅན་གྱི་དུས་སྐབས་ཤིག་ཡིན། རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་སློབ་གསོའི་ཐོག་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ལ་བལྟས་ན། བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་ལོ་ངོ་ཉི་ཤུ་སུམ་ཅུ་ཙམ་ལས་གསོན་མི་ཐུབ་པའི་ཉེན་ཁ་ཞིག་མཐོང་གི་འདུག  ལོ་ངོ་སུམ་ཅུའི་རྗེས་ནས་བོད་སྐད་བཤད་མཁན་མེད་པ་དང་མ་ཎི་བགྲང་མི་ཤེས་མཁན། ཐ་ན་བོད་སྐད་བེད་སྤྱོད་གཏོང་བར་འདོད་མོས་མེད་པའི་གནས་སྟངས་ཤིག་གསལ་བོ་མཐོང་གི་འདུག  ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཅིངས་གྲོལ་བཏང་ནས་བོད་མི་ཚོ་བོད་ཀྱི་བདག་པོར་བཟོས་ཡོད་ཟེར་བཞིན་ཡོད། འོན་ཀྱང་། ངས་རྒྱ་ནག་གིས་ཤེས་ཡོན་སློབ་གསོ་ལག་ཆར་བེད་སྤྱོད་བྱས་ཏེ་འདས་པའི་ལོ་ངོ་ ༦༥ རིང་བོད་ཀྱི་མི་རབས་བཞི་རྒྱ་ནག་གི་བྲན་གཡོག་ཏུ་བསྒྱུར་ཡོད་ཟེར་གྱིན་ཡོད། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གིས་མེ་མདའ་སོགས་མཚོན་ཆ་ཐོགས་པའི་དམག་མི་གྲངས་ ༥༠༠ ཡིས་བོད་ཀྱི་གྲོང་གསེབ་རེ་རེ་བསྐོར་བར་ཉིན་གྲངས་བདུན་འགོར་གྱི་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་སྟེ། ལོ་ངོ་བཅུ་གཉིས་ཀྱི་རྗེས་སུ་རྒྱ་དམག་ ༥༠༠ ཡིས་བོད་པའི་གྲོང་གསེབ་རེ་བསྐོར་བར་ཆུ་ཚོད་བདུན་ལས་འགོར་གྱི་མེད།

སྤྱི་ཚོགས་ཀྱི་མ་རྩ་གཙོ་བོ་དང་བདག་པོ་མི་ཡིན་པས། ང་ཚོར་ད་ལྟ་བོད་མི་གྲངས་ ༧༨༩༣༢༢༥༨ ཡོད་པ་དང་།  དེའི་ནང་ནས་དབུས་གཙང་གི་མི་འབོར་བརྒྱ་ཆ་ ༧༧ ཡིག་རྨོངས་པ་ཡིན། བརྒྱ་ཆའི་ ༡༥ མཐོ་འབྲིང་མཐར་ཕྱིན་པ་དང་བརྒྱ་ཆའི་ ༨ མཐོ་སློབ་མཐར་ཕྱིན་ཞིང་། མཐོ་སློབ་འགྲིམས་པའི་ཁྲོད་ཀྱི་བརྒྱ་ཆ་ ༦༨ རྒྱ་ཡིག་གིས་རྐང་བཟུང་ཡོད། མདོ་སྟོད་སྨད་གཉིས་ཀྱི་མི་འབོར་གྱི་བརྒྱ་ཆ་ ༨༨ ཡིག་རྨོངས་པ་དང་། བརྒྱ་ཆ་ ༢༨ མཐོ་སློབ་མཐར་ཕྱིན་ཞིང་། དེ་ལས་བརྒྱ་ཆ་ ༡༨ བོད་ཡིག་ཡག་པོ་ཤེས་མཁན་ཡིན། ད་ལྟ་བོད་མི་ས་ཡ་བརྒྱད་ལ་ཟིན་གྲབས་ཡོད། ས་ཡ་དྲུག་མ་རེད། མི་འབོར་ཞིབ་བཤེར་ནང་བོད་སྐད་མི་ཤེས་པ་དག་རྩིས་བརྒྱབ་མེད། རྒྱུ་མཚན་སྤྱི་ཚོགས་གྲུབ་བྱེད་ཀྱི་བདག་བྱེད་ནི་སྐད་ཡིག་དང་རིག་གནས་ཡིན་པ་ལས་ཁོ་ཚོར་ཆ་རྐྱེན་དེ་ཚང་གི་མེད་པས་ཡིན།

ཕྱི་ལོ་ ༢༠༠༠ བར་བོད་མི་རྒྱ་བསྒྱུར་གྱི་སྲིད་ཇུས་ལ་འགྱུར་ལྡོག་ཚབས་ཆེན་བྱུང་མེད་པར་ང་ཚོའི་སྤྱི་ཚོགས་ཀྱི་མ་རྩ་བརྟན་པོར་གནས་ཡོད། དེ་ནི་གཞིས་ཀྱི་མི་རབས་གོང་མ་རྣམས་ཀྱིས་ཤེས་ཡོན་སློབ་གསོར་ཐུགས་འཁུར་དང་འབད་བརྩོན་གནང་བ་བརྟེན་ནས། བོད་པའི་སྐད་ཡིག་དང་རིག་གནས་བེད་སྤྱོད་བྱེད་སའི་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་སྐྱོང་བྱེད་ཐུབ་ཡོད། དེ་དག་གི་ཁྲོད་དུ་མི་མང་པོ་ཡོད་པ་ལས་དཔེ་མཚོན་འགའ་ནི། ཀུན་གཟིགས་པན་ཆེན་བཅུ་བ་མཆོག མཁས་པའི་གཙུག་རྒྱན་དམུ་དགེ་བསམ་གཏན་ཚང་དང་ཚེ་བརྟན་ཞབས་དྲུང་ཚང་། དུང་དཀར་བློ་བཟང་འཕྲིན་ལས་ཚང་། རྡོ་རྗེ་ཚེ་བརྟན་ཚང་། ཉན་ཤུལ་མཁྱེན་རབ་འོད་གསལ་ཚང་། སློབ་དཔོན་ཆེན་མོ་འཇམ་དཔལ་ཕུན་ཚོགས་ཚང་། གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་ཚང་། མཛོད་དགེ་ཉི་མ་ཚང་། ཨ་ཁུ་བཤད་སྒྲུབ་ཚང་། ཨ་ལགས་བསེ་ཚང་། གཞིས་བཞུགས་མཁས་དབང་དོར་ཞི་རིན་པོ་ཆེ་དང་དཔའ་རིས་སངས་རྒྱས་ཚང་སོགས་ཡོད། ཁོང་ཚོ་མེད་ཚེ་ང་ཚོའི་བོད་ཡིག་འདི་སྤྱི་ཚོགས་སྟེང་དར་ཁྱབ་ཕྱིན་མེད། རིག་གནས་གསར་བརྗེ་མཇུག་རྫོགས་པ་དང་མི་རབས་གོང་མ་དག་གི་ལས་འགན་ནི་རང་མི་རིགས་ཀྱི་སྐད་ཡིག་སྤྱི་ཚོགས་ཀྱི་འགྲོ་སྟངས་གཞིར་བཟུང་བསྐྱར་གསོ་གནང་བ་མ་ཟད། ཤེས་ཡོན་སློབ་གསོའི་ཐོག་ཤུགས་བསྐྱོན་ཡོད། ད་ལྟ་བོད་ནང་དུ་མཁས་དབང་དོར་ཞི་རིན་པོ་ཆེ་དང་དཔའ་རིས་སངས་རྒྱས་ཚང་གཉིས་མ་གཏོགས་མཁས་དབང་རྒན་པ་གཞན་བཞུགས་མེད།

ད་ལྟ་བོད་སྤྱིའི་གནས་སྟངས་ལ་བལྟས་ཡོང་དུས། བྲོ་འཁྲབ་ནས་གླིང་ག་གཏོང་བ་སོགས་རྣམ་གཡེང་བྱེད་པའི་དུས་ཚོད་ཅིག་རེད་མི་འདུག་ལ། ༧གོང་ས་མཆོག་ནས་ཁོང་དགུང་ལོ་བརྒྱ་དང་བཅུ་གསུམ་ལྷག་བཞུགས་རྒྱུ་ཡིན་པར་གསུངས་པ་དེ་ནི་བོད་མི་རིགས་ལ་ཉེན་བརྡ་གཏོང་གི་ཡོད་པར་མཐོང་གི་འདུག ༧ཁོང་དགུང་ལོ་ ༡༡༣ རིང་བཞུགས་པ་ཡིན་ན། ད་ལྟ་ལོ་ངོ་ཉེར་གསུམ་འདུག ལོ་ངོ་ཉི་ཤུ་དང་སུམ་ཅུ་ནི་མི་རིགས་ཤིག་གི་འཆར་གཞིར་ཐུག་ན་དུས་ཡུན་ཐུང་ཐུང་ཞིག་རེད། ང་ཚོ་བོད་མི་རིགས་ལ་སྤྱི་ལོ་དུས་རབས་བརྒྱད་པའི་སྐབས་སུ་སའི་གོ་ལའི་སྟེང་བཙན་པོའི་རྒྱལ་ཁབ་གསུམ་ཡོད་པའི་ནང་གི་གཅིག་བོད་མི་རིགས་ཡིན། ད་ལྟ་བོད་མི་རིགས་འདི་སའི་གོ་ལའི་སྟེང་ནས་བོར་བརླག་ཏུ་འགྲོ་གཞིའི་གནས་སྟངས་ཐོག་བསླེབས་ཡོད། ང་ཚོ་མེད་པར་འགྱུར་སྲིད་པའི་རྒྱུ་རྐྱེན་ཡང་ཤེས་ཡོན་སློབ་གསོ་ལ་རག་ལས་ཡོད་ལ། ང་ཚོས་ཤེས་ཡོན་སློབ་གསོའི་སྟེང་ནས་རྒྱལ་ཁབ་གཞན་ལག་ཏུ་ཤོར་བ་དང་ཤོས་ཡོན་སློབ་གསོའི་སྟེང་ནས་མི་རིགས་བརླག་ཉེན་འདུག་པས། ང་ཚོས་འདས་པའི་ལོ་ངོ་ ༦༥ རིང་ག་རེ་བྱས་ཡོད་པ་དང་རྒྱ་ནག་གིས་བོད་ནང་དུ་ཅི་ཞིག་བྱེད་བཞིན་པའི་གནས་སྟངས་དེ་ཚོ་ཤེས་རྒྱུ་གལ་ཆེན་ཡིན།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༢ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ལོ་ 1 སྔོན།

    སློབ་དཔོན་ཆེན་མོ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་བོད་མི་རིགས་ཀྱི་དོན་དུ་རང་གི་སྙིང་གཏམ་ཀློང་ནས་བརྟོལ་བ་ལ་ང་རང་ཡིན་ན་སེམས་པ་གཏིང་ནས་རྗེས་སུ་ཡི་རང་ཡོད། ལྷག་དོན་དུ། ཁོང་གིས། ༧གོང་ས་མཆོག་ནས་ཁོང་དགུང་ལོ་བརྒྱ་དང་བཅུ་གསུམ་ལྷག་བཞུགས་རྒྱུ་ཡིན་པར་གསུངས་པ་དེ་ནི་བོད་མི་རིགས་ལ་ཉེན་བརྡ་གཏོང་གི་ཡོད་པར་མཐོང་གི་འདུག ༧ཁོང་དགུང་ལོ་ ༡༡༣ རིང་བཞུགས་པ་ཡིན་ན། ད་ལྟ་ལོ་ངོ་ཉེར་གསུམ་འདུག ལོ་ངོ་ཉི་ཤུ་དང་སུམ་ཅུ་ནི་མི་རིགས་ཤིག་གི་འཆར་གཞིར་ཐུག་ན་དུས་ཡུན་ཐུང་ཐུང་ཞིག་རེད། ད་ལྟ་བོད་སྤྱིའི་གནས་སྟངས་ལ་བལྟས་ཡོང་དུས། བྲོ་འཁྲབ་ནས་གླིང་ག་གཏོང་བ་སོགས་རྣམ་གཡེང་བྱེད་པའི་དུས་ཚོད་ཅིག་རེད་མི་འདུག གསུངས་པ་ནི་ཅིས་མི་བདེན། ད་ཡིན་ན། བཙན་བྱོལ་བོད་རིགས་ཚོ། གང་དྲགས། ཨ་ཁ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese