མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༤ ལོའི་བོད་ནང་གི་གསར་འགྱུར་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༢༤/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ག་དུས་བབ་གསར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་ཉུང་མཐར་བོད་མི་གྲངས་  ༦༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་།  དེའི་ཁྲོད་ནས་བོད་མི་གྲངས་ ༤ ལ་ཉུང་མཐར་ཟླ་བརྒྱད་ནས་དང་ལོ་ ༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད། བོད་མི་ ༣ ལ་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་བསད་པ་དང་ངོ་རྒོལ་གྱིས་རང་ཤི་རྒྱག་མཁན་ ༡ བྱུང་། བཙོན་ཟུར་ ༡ ནད་མནར་རྐྱེན་གྱིས་འདས་གྲོངས་སུ་ཕྱིན།  བོད་མི་ཆབ་སྲིད་བཙོན་པ་ ༨  ཀློད་གྲོལ་བཏང་།

 

  ༡) འདི་ལོར་ཁྲིམས་ཐག་བཅད་པའི་བོད་མི།

ཕྱི་ལོ་ ༢༠༢༤ ཟླ་ ༡ ནང་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༠ ཉིན་རྒྱ་ནག་ཉེན་རྟོག་པས་རྔ་བ་ཀིརྟི་དགོན་གྱི་ཚོགས་ཆེན་དབུ་མཛད་ཟུར་པ་བློ་བཟང་བཀྲ་ཤིས་ལགས་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཟླ་ཤས་འགོར་རྗེས། གསང་བའི་ཐོག་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་དེང་སང་སི་ཁྲོན་མེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱེད་མུས་ཡིན་འདུག་ལ། ཕྱི་ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་རྒྱུ་རྐྱེན་གང་ཡིན་གསལ་ཁ་མེད་པའི་ཐོག་ནས་བོད་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནས་ཡིན་པའི་བོད་མི་བསམ་གཏན་ལགས་སུ་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ཁར། སྐབས་དེར་ཁོང་གི་ནུ་མོ་དཔལ་སྒྲོན་ལགས་སུ་གཅར་རྡུང་བཏང་སྟེ་མཚོ་ཆེན་རྫོང་སྨན་ཁང་དུ་བསྐྱལ། དེ་བཞིན་ཕྱི་ཟླ་ ༣ པའི་ཟླ་དཀྱིལ་དུ་བོད་མདོ་སྨད་རེབ་གོང་ནས་ཡིན་པའི་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ཀྱིས་སྐད་འཕྲིན་རྒྱབ་ངོས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་བརྒྱུད་འགོད་བྱས་པའི་ཉེས་མིང་འོག རང་ཤག་ནས་འཛིན་བཟུང་གིས། ཕྱི་ཟླ་ ༨ ནང་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁྲིམས་ཁང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་གཞོན་ནུ་མཚོ་སྔོན་ཚེ་རིང་ལགས་སུ། སྒེར་གྱི་འཁོན་སེམས་འཁུར་ཏེ་སྤྱི་ཚོགས་ལ་རྙོག་ཟིང་བསླངས་བའི་ཉེས་མིང་འོག་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཁྱུང་མཆུ་རྫོང་བཙོན་ཁང་དུ་བཅུག་འདུག

༢) འཛིན་བཟུང་བཀག་ཉར་རྗེས་གར་སོང་ཆ་མེད་དུ་གྱུར་བ།

ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༤ ཉིན་མདོ་ལ་རྫོང་དང་ཨ་རིག་ཡུལ་ཚོའི་ས་གནས་ཉེན་རྟོག་པ་བཞིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ནས་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་ཨ་རིག་ཡུལ་ཚོ་ནས་ཡིན་པའི་བོད་མི་རྟ་མགྲིན་ལགས་འཛིན་བཟུང་དང་། ཕྱི་ཟླ་ ༢ ནང་རྒྱ་ནག་གཞུང་གིས་བོད་ཉག་ཆུ་རྫོང་ཨོ་ཐོག་སྨད་ཐ་སྡེ་བའི་གྲྭ་བསྟན་འཛིན་མཁྱེན་རབ་བམ་སྨྱུག་མིང་ལ་ལྡོང་རང་ལྕགས་ལགས་ཀྱིས་ཁ་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་ཡོད་ལུགས་སོགས་བཤད་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་མི་ལོ་གཅིག་ལྷག་ཕྱིན་ཡོད་སྟབས། ཁོང་གི་ཨ་མ་ལགས་ཀྱིས་རྒྱུན་དུ་སེམས་ཁྲལ་བྱས་རྐྱེན་གཟུགས་གཞིའི་གནས་སྟངས་སྐྱོ་བོ་ཆགས་ཏེ་ཕྱིས་སུ་འདས་གྲོངས་སུ་གྱུར། ཕྱི་ཟླ་ ༢ པའི་ནང་རྒྱ་ནག་གཞུང་གིས་ཆུ་གློག་གི་ལས་གཞི་དང་བོད་མི་གནས་སྤོར་མཚམས་འཇོག་བྱེད་དགོས་པའི་རེ་སྐུལ་ཞུ་སྐབས། མི་མང་ལ་ངན་སྐུལ་དང་སྤྱི་ཚོགས་དཀྲུགས་ཡོད་ལུགས་སོགས་བཤད་ནས། བོད་མི་རིག་འཛིན་དང་། ཐུབ་ཕུར། བདེ་ཆེན་སྒྲོལ་མ། དབྱངས་སྐྱིད། ཚེ་སྒྲུབ་སོགས་ཚུད་པའི་བོད་མི་བཅུ་ལྷག་འཛིན་བཟུང་བཙན་ཁྲིད་བྱས། ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ཀིརྟི་དགོན་པའི་འདབས་ཀྱི་དཔའ་བོའི་སྲང་ལམ་དུ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་པདྨ་ཞུ་བ་ཞིག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཆེན་པོ་ཞིག་ལག་ཏུ་བཟུང་སྟེ། རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དེ་འཕྲལ་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས། ཕྱི་ཟླ་ ༥ པའི་ཟླ་མཇུག་ཏུ་བོད་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་ཁོངས་ཀྱི་དགོན་པ་ཞིག་གི་དགེ་འདུན་པ་རང་ལོ་ ༢༦ ཅན་ཞིག་གིས། རྒྱ་ནག་དམར་གཞུང་གི་ཆབ་སྲིད་དང་འགལ་བའི་གསལ་བསྒྲགས་ཤིག་ལ་དཔྱད་མཆན་བཀོད་པར་ཁ་བྲལ་བའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། གཅིག་སྒྲིལ་རྫོང་གི་རྫོང་དཔོན་དང་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཁྲིད་སོགས་དགོན་པར་ཡོང་སྟེ་དགོན་པའི་བླ་སྤྲུལ་དང་དམངས་དམ་ཁང་ཟེར་བའི་ལས་བྱེད་ཚོར་སྐྱོན་བརྗོད་བྱས་རྗེས། དགོན་པར་བསྡད་ཡོད་པའི་དགེ་འདུན་པ་ ༡༠༠ ཙམ་ལ་ཉིན་གྲངས་ ༡༠ ཡས་མས་རིང་ཆབ་སྲིད་སློབ་གསོ་ཟེར་བ་ཞིག་སྤྲད་ཡོད་འདུག དེ་བཞིན་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གཞུང་གིས་མཁན་པོ་བསྟན་པ་དར་རྒྱས་ལགས་དང་། དཔོན་སྐོར་སྡེ་དཔོན་མགོན་པོ་རྣམ་རྒྱལ་ཚུད་པའི་སྡེ་མི་ཉི་ཤུ་ལྷག་མགོ་ལོག་དར་ལག་རྫོང་ནས་འཛིན་བཟུང་གིས་མགོ་ལོག་ཁུལ་ཐོག་ཏུ་བཙན་ཁྲིད་བྱས་ཏེ།  ད་ལྟ་བོད་ནང་གི་དད་ལྡན་མང་ཚོགས་རྣམས་ཀྱིས་མཁན་པོ་བསྟན་པ་དར་རྒྱས་ལགས་ཀྱི་སྐུ་གཟུགས་ཀྱི་གནས་བབ་ལ་སེམས་འཚབ་ཆེན་པོ་བྱེད་མུས་འདུག ཕྱི་ཟླ་ ༨ ནང་རྒྱ་ནག་གཞུང་གིས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཟུར་ཚེ་བརྟན་ཞེས་པ་ཞིག་གི་སྤུན་མཆེད་འཛོམས་སྐྱིད་ལགས་ཀྱིས་སློབ་གླིང་གི་སྐོར་ལ་དཀྲོག་གཏམ་སྤེལ་བའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་དང་། དེ་བཞིན་ཕྱི་ཟླ་ ༩ ནང་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་ལུགས་བཤད་ནས་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བསམ་གཏན་ལགས་དང་། བློ་བཟང་འཕྲིན་ལས་ལགས། ཚེ་རིང་བཀྲ་ཤིས་ལགས་དང་བན་སྐྱིད་ལགས་བཅས་འཛིན་བཟུང་བཙན་ཁྲིད་དང་། ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་བོད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཉེན་རྟོག་ཁང་ཟེར་བས་རྒྱ་གཞུང་གི་ནག་སེལ་ངན་འཇོམས་ཀྱི་སྲིད་ཇུས་འོག་ནས། དེང་སང་བོད་ནང་དྲ་ལམ་གྱི་ཚོང་གཉེར་བ་གྲགས་ཅན་ཨ་དགའ་དགེ་ལེགས་ཚང་ངམ་བསོད་ནམས་ཆོས་འགྲུབ་དང་། ཀུན་བཟང་རྡོ་རྗེ། བསྟན་པ། བཙན་ཐར་རྒྱལ། བཀྲ་ཤིས་བློ་ལྡན་བཅས་བོད་མི་ལྔ་ལ་ཁྲིམས་འགལ་ཉེས་གསོག་གི་ནག་ཉེས་བཙུགས་ཡོད་པ་མ་ཟད། སྤྱི་ཚོགས་ལས་རིགས་སོ་སོ་ནས་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་བསྡུ་རུབ་བྱ་རྒྱུ་ཡིན་ལུགས་བསྒྲགས་ནས་འཛིན་བཟུང་བཀག་ཉར་བྱས་རྗེས་གྲགས་འགུལ་གང་ཡང་མེད་པར་གྱུར་ཡོད་སྟབས།  ཕྱི་ལོ་ ༢༠༢༤ ལོར་གཅིག་པུར་རྒྱ་ནག་གཞུང་གིས་ནག་ཉེས་འདྲ་མིན་གཡོགས་ནས་ཉུང་མཐར་མི་གྲངས་ ༦༠ ལྷག་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག

༣) ཀློད་གྲོལ་ཐོབ་པའི་ཆབ་སྲིད་བཙོན་པ།

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡ ནང་རྒྱ་ནག་གཞུང་གིས་ཕྱི་ལོ ༢༠༢༣ ལོར་ཁ་གསལ་གང་ཡང་མེད་པའི་ཐོག་ནས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་པའི་ཐེ་བོ་རྫོང་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་ཀློད་གྲོལ་དང་། ཕྱི་ཟླ་ ༢ ཚེས་ ༡ ཉིན་ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོགས་ཟིང་འཁྲུག་བསླངས་པའི་ཉེས་མིང་འོག་ལོ་ངོ་བཞི་དང་ཕྱེད་ཀའི་བཙོན་མཇུག་ཁྲིམས་ཐག་བཅད་པའི་རྔ་བ་སྣང་ཞིག་དགོན་པའི་དགེ་འདུན་པ་རིན་ཆེན་ཚུལ་ཁྲིམས་ལགས་རྒྱ་ནག་ཁྲིན་ཏུའུ་མེན་ཡང་བཙོན་ཁང་ནས་བཙོན་མཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་། ཕྱི་ཟླ་ ༣ ཚེས་ ༥ ཉིན་རྒྱ་ནག་གཞུང་གིས་༢༠༢༣ ལོའི་ཟླ་ ༣ ཚེས་ ༤ ཉིན་བོད་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གངས་རི་ཟ་ཁང་དུ་ཁ་པར་ནང་དུ་སྔོག་བཤེར་བྱེད་སྐབས་ཕྱི་ཕྱོགས་སུ་པར་རིས་སོགས་བརྒྱུད་སྐུར་བྱས་ཡོད་པའི་ཉེས་མིང་གཡོགས་ནས་འཛིན་བཟུང་བཙན་ཁྲིད་བྱས་པའི་བོད་མི་དབྱངས་མཚོ་ལགས་དང་། དེ་བཞིན་བོད་ནང་གི་དྲ་དཔོན་བཀྲ་ཤིས་ཉི་མ་ལགས་ཀྱིས་ཐད་གཏོང་གི་ལམ་ནས་བོད་ཀྱི་སྐད་ཡིག་དར་སྤེལ་བྱས་པའི་རྐྱེན་གྱིས། ཕྱི་ཟླ་ ༨ ཚེས ༢༨ ནས་ཐད་ཀར་དྲ་ལམ་སྒོ་བརྒྱབ་པ་དང་། ཉིན་གྲངས་གསུམ་རིང་འཛིན་བཟུང་བཀག་ཉར་བྱས་ཏེ་ཀློད་གྲོལ་བཏང་ཡོད་འདུག ཕྱི་ཟླ་ ༩ ཚེས་ ༢༥  ཉིན་ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་ལོ་གསུམ་རིང་བཙོན་འཛུག་ཁྲིམས་ཐག་བཅད་པའི་མགོ་ལོག་དཔལ་ལྡན་ལགས་བཙོན་འཇུག་དུས་ཡུན་མ་ཚང་གོང་ནས་ཀློད་གྲོལ་བཏང་ཡོད་ནའང་། མུ་མཐུད་ལྟ་རྟོག་དང་རྗེས་ཕྱོགས་ལ་རྒྱའི་གླུ་གཞས་རིགས་ལེན་མི་ཆོག་པའི་ཉེན་བརྡ་བཏང་འདུག་ལ། དེ་བཞིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་བཙོན་འཇུག་དུས་ཡུན་ཚང་སྟེ་ཀློད་གྲོལ་བཏང་ཡོད་ཀྱང་། སྐུ་གཟུགས་གནས་སྟངས་ཧ་ཅང་ཞན་པའི་རྐྱེན་གྱིས་སྨན་པར་བསྟེན་གཏུག་བྱ་དགོས་ཁེལ་ཡོད།  ཕྱི་ཟླ་ ༡༢ ཚེས་ ༩ ཉིན་བོད་ནང་གི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་བཙོན་གྲོལ་ཐོབ་ཡོད་ནའང་། ད་ལྟ་ལྟ་རྟོག་འོག་ཏུ་ཡོད་པས་གཟུགས་གཞིའི་གནས་སྟངས་སོགས་གསལ་ཁ་གང་ཡང་མེད་ནའང་། ཁོང་གི་སྙན་ངག་ལ་དགའ་མཁན་དང་བོད་ནང་གི་ཤེས་ཡོན་པ་མང་དག་ཅིག་གིས་ཁོང་ཉིད་ཀློད་གྲོལ་བཏང་བར་དགའ་མོས་ཆེན་པོ་བྱེད་ཀྱིན་འདུག དེ་བཞིན་ཕྱི་ཟླ་ ༡༢ ཚེས་ ༡༨ ཡས་མས་ཤིག་ལ་རྒྱ་ནག་གཞུང་གིས་མི་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་གནའ་རྫས་བདག་གཉེར་བ་ཀརྨ་བསམ་འགྲུབ་ལགས་ཀློད་གྲོལ་བཏང་ཡོད་ནའང་སྐེད་པ་ནད་པ་ཆགས་ཡོད་པ་མ་ཟད། མུ་མཐུད་འགྲོ་འདུག་གི་རང་དབང་མེད་ཁར་ལྐོག་ཏུ་ཉུལ་ཞིབ་བྱེད་མུས་ཡིན་འདུག

 ༤) འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་པ་དང་བཙོན་ཟུར།

ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༡༥ ཉིན་ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་བོད་སྙེ་མོ་རྫོང་བོད་སྙེ་མོ་རི་ཚོ་གྲོང་ཚོའི་བུ་མོ་ཚེ་སྒྲོན་ལགས་སུ་ཉེས་རྡུང་ཚབས་ཆེན་བཏང་བའི་དབང་གིས་སྣེ་མོ་རྫོང་གི་སྨན་ཁང་ཞིག་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། ས་གནས་ཉེན་རྟོག་པས་ཁོང་མོ་ས་རུ་འགྱེལ་ནས་འདས་གྲོངས་སུ་གྱུར་ཡོད་ལུགས་ལ་བསྙད་ནས་ནང་མིར་ཕུང་པོའང་སྤྲད་མེད། ཕྱི་ཟླ་ ༤ ནང་བོད་དིང་རི་རྫོང་ཤེལ་དཀར་དགོན་པའི་དགེ་འདུན་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཁུལ་དེའི་མི་མང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱག་དེབ་ཅིག་དང་གསུང་ཆོས་སོགས་ལ་འགྲེལ་བཤད་གནང་བའི་ཉེས་མིང་འོག ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ནང་རྒྱ་གཞུང་ཉེན་རྟོག་པས་ཁོང་བཙན་ཁྲིད་བྱས་ཏེ་ཉིན་ཤས་རིང་འདྲི་བརྩད་དང་གཅར་རྡུང་ཚད་མེད་བཏང་རྗེས་ཀློད་ཡོད་ཀྱང་། ཟླ་དེའི་ཕྱི་ཚེས་ ༢༥ ཉིན་ཁོང་གིས་རང་ཤག་ཏུ་རང་ཤི་བརྒྱབ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད། ཕྱི་ཟླ་  ༥  ནང་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པ་བློ་གསལ་ལགས་ཀྱིས། བོད་ཀྱི་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ནས། བོད་ནང་གི་གནས་ཚུལ་བསྡུ་རུབ་བྱས་ཏེ་མཁོ་སྤྲོད་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཏེ། ཕྱིས་སུ་རྒྱ་གཞུང་གིས་དགེ་འདུན་པ་བློ་གསལ་ལགས་སུ་བཙོན་འཇུག་གི་སྐབས་ཉེས་རྡུང་བཏང་སྟེ་ནད་གཅོང་དུ་གྱུར་ཡོད་ནའང་། སྨན་བཅོས་སོགས་ཀྱི་མཐུན་རྐྱེན་གང་ཡང་མ་སྤྲད་སྟབས། བཙོན་འཇུག་བྱེད་སའི་དོ་དམ་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད། ཕྱི་ཟླ་ ༩ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་མི་ལོ་བཅོ་ལྔ་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་རྒྱལ་ས་ལྷ་སའི་མལ་དྲོ་གུང་དཀར་རྫོང་ཁོངས་རྒྱ་མ་མདའ་ཤར་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཡེ་ཤེས་ལགས་རྒྱལ་ས་ལྷ་སར་འདས་གྲོངས་སུ་གྱུར། ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གཞུང་གིས་ཕྱི་ཟླ་ ༥ ནང་འཛིན་བཟུང་བྱས་པའི་མགོ་ལོག་དཔོན་སྐོར་སྡེ་བའི་སྡེ་དཔོན་མགོན་པོ་རྣམ་རྒྱལ་ལགས་འདས་གྲོངས་སུ་གྱུར་ཡོད་ཅིང་།  ཁོང་གི་ཕུང་པོར་སྤུར་ལས་བྱེད་སྐབས་རྒྱ་ནག་གཞུང་གིས་གློག་གི་ཡོ་ཆས་བཀོལ་ནས་ཉེས་རྡུང་བཏང་རྐྱེན་གཟུགས་པོའི་ནང་ཁྲོལ་མང་པོ་ཞིག་འཚིགས་ཡོད་པ་ཤེས་རྟོགས་བྱུང་ཡོད།

 ༥) རྒྱ་སྒྱུར་སློབ་གསོའི་ཚ་རླབས་དང་བོད་ཀྱི་སྐད་ཡིག་གི་ཆག་འཇིག

ཕྱི་ལོ་ ༢༠༢༤  ཟླ་ ༤ ནང་རྒྱ་ནག་གཞུང་གིས་མི་ལོ་ ༡༡ རིང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོས་བྲིས་པའི་རྩོམ་ཡིག་སྤེལ་སའི་ལུག་ཚང་དཔལ་ཡོན་དྲ་ཚོམས་ཀྱི་པར་དབང་སོགས་ལ་ཁ་གཡར་ནས་བཙན་གྱིས་སྒོ་བརྒྱབ་བཅུག་ཡོད་ཅིང་། ཕྱི་ལོ་ ༢༠༡༣ ལོར་ལུག་ཚང་དཔལ་ཡོན་དེ་དྲ་ཚིགས་ཀྱི་ངོ་བོའི་ཐོག་ནས་དབུ་འབྱེད་བྱས་ཡོད་ཅིང་། དེ་ནས་སྐད་འཕྲིན་གྱི་ངོས་སུ་འཕྲིན་སྟེགས་སུ་བསྒྱུར་ཏེ། འདས་པའི་མི་ལོ་བཅུ་གྲངས་རིང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོས་བྲིས་པའི་རྩོམ་ཡིག་མང་དག་ཅིག་སྤེལ།  དེ་བཞིན་དྲ་ཚོམས་དེར་བོད་གཞས་དང་། ཡིག་བསྒྱུར་སོགས་ཀྱིས་མཚོན་པའི་རིག་གནས་ཀྱི་ཚན་པ་འགའ་ཡོད་ལ། འདས་པའི་ལོ་ཤས་རིང་བོད་ནང་ཆེས་བྲིན་རྒྱུགས་ཆེ་བའི་དྲ་ཚོམས་ཤིག་ཡིན་པ་རེད། ཕྱི་ཟླ་ ༡༢ པའི་ཟླ་དཀྱིལ་དུ་བོད་ནང་གི་སྐད་འཕྲིན་ཚོགས་པ་ཞིག་ཏུ་མཐོ་རྒྱུགས་ནང་དུའང་བོད་ཡིག་འཇོག་གི་མེད་པས། ཕ་མ་ཚོས་སོ་སོའི་བུ་ཕྲུག་ལ་མུ་མཐུད་བོད་ཡིག་སྦྱོང་དུ་འཇུག་མིན་གདམ་ག་ཡིན་པའི་བརྡ་ཁྱབ་ཅིག་སྤེལ་འདུག་ལ། སྤྱིར་བཏང་ཕྱི་ལོ་ ༢༠༢༢ ཙམ་ནས་བཟུང་བོད་ཁུལ་གྱི་ས་གནས་མང་པོར་མཐོ་རྒྱུགས་ནང་བོད་ཡིག་མེད་པ་བཟོས་ཏེ་བོད་ཁུལ་གྱི་དགེ་རྒན་དང་སློབ་མ་མང་པོར་དཀའ་ངལ་འཕྲད། ཕྱོགས་ཡོངས་ནས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཐད་ལ་ཚོད་འཛིན་ནན་མོ་བྱེད་མུས་ཡིན་སྟབས། བོད་ནང་གི་ན་གཞོན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་དྲ་ལམ་དུ་ཐོན་ནས་བོད་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་བོད་ནང་གི་མཐོ་རྒྱུགས་ཁག་ལ་བོད་ཡིག་གདམ་ཁའི་སློབ་ཚན་དུ་བཞག་པར་བློ་འཚབ་ཆེན་པོ་བྱས་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་འདི་ལོར་བོད་ཀྱི་དགོན་སྡེ་ཁག་གིས་བོད་ཕྲུག་རྣམས་ལ་སློབ་གསོ་ཡག་པོ་སྟེར་ཐུབ་མེད་ལུགས་བཤད་ནས། རང་ལོ་བཅོ་བརྒྱད་མ་ལོན་པའི་གྲྭ་ཕྲུག་རྣམས་དགོན་པར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་བར་བརྟེན། ཕྱི་ཟླ་ ༩ ནང་བོད་མདོ་སྨད་རྔ་པ་ཁུལ་ཟུང་ཆུ་རྫོང་གི་དམུ་དགེ་དགོན་པའི་གྲྭ་ཆུང་ལྔ་ཙམ་ནས་ཆུ་རུ་ལྕེབས་ནས་རང་ཤི་རྒྱག་ཐབས་བྱས་ཀྱང་། ས་གནས་མང་ཚོགས་ཀྱིས་བཀག་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། ཕྱི་ཟླ་ ༡༢ ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། དགུན་དུས་ཀྱི་སློབ་གྲྭ་ཆུང་འབྲིང་གི་གུང་སེང་གཏོང་སྐབས།  ཕྲུ་གུར་སློབ་གྲྭའི་འཆར་འགོད་ལས་ཟུར་དུ་ཟབ་སྦྱོང་སྤྲོད་པ་གཏན་འགག་དང་། ཆོས་ལུགས་བྱེད་སྒོ།  དགོན་པ་ཁག་ཏུ་རྩ་ནས་གཏོང་མི་ཆོག་པའི་བརྡ་ཁྱབ་ཅིག་སྤེལ་འདུག དེ་བཞིན་མདོ་སྨད་རྔ་པ་ཀིརྟིའི་དགོན་དང་། སྟག་ཚང་ལྷ་མོ་ཀིརྟིའི་དགོན། སྒོ་མང་དགོན། རྨ་ཆུ་རྫོང་མཚན་སྒྲོགས་དགོན། བསང་ཆུ་རྫོང་བླ་བྲང་དགོན་སོགས་ལ་དམ་དྲག་ཤུགས་ཆེའི་འོག་གྲྭ་བཙུན་ལོ་གཞོན་རྣམས་ཀྱི་ནང་མི་ལའང་གྲྭ་བཙུན་ཆུང་གྲས་རིགས་དགོན་པར་བཏང་མི་ཆོག་པའི་བཙན་བཀའ་ཕབ་སྟེ་དཀའ་ངལ་མང་པོ་སྤྲད་དང་སྤྲོད་མུས་དང་། གཞན་ཡང་སྒེར་བཙུགས་སློབ་གྲྭ་ཁག་ཀྱང་བཙུགས་མི་ཆོག་པའི་བཙན་བཀའ་བཏང་སྟེ། སློབ་གྲྭ་མང་པོ་སྒོ་བརྒྱབ་པ་དང་། བོད་ཕྲུག་རྣམས་ཀྱིས་གུང་སེང་སྐབས་བོད་ཀྱི་སྐད་ཡིག་གི་སྦྱོང་སྤྱོད་སོགས་ཀྱི་ཐད་ལ་ལོ་རེ་བཞིན་དམ་དྲག་ཇེ་ཆེར་བྱེད་མུས་ཡིན་པ་རེད།

 ༦) ར་རྒྱ་ཤེས་རིག་ནོར་གླིང་སྒོ་བརྒྱབ་པ།

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས ༡༤ ཉིན་བོད་ནང་སྐད་གྲགས་ཆེ་བའི་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པའི་མཇུག་བསྡོམས་ཚོགས་འདུ་བསྡུས་ཡོད་པ་དང་། སྐབས་དེར་མཚོ་སྔོན་ཞིང་ཆེན་དང་མགོ་ལོག་ཁུལ། རྨ་ཆེན་རྫོང་བཅས་ནས་ལས་ཁུངས་ཁག་ ༡༨ ཀྱི་འཐུས་ཚབ་ཡོང་ཡོད་ཅིང་། ཕྱི་ཚེས་ ༡༢ ཉིན་སློབ་གྲྭ་འདི་འཕྲལ་དུ་སྒོ་རྒྱག་དགོས་པའི་བཙན་བཀའ་འབྱོར་འདུག་ལ། སྤྱིར་ན་ལོ་མང་རིང་ནས་མགོ་ལོག་ཁུལ་གྱི་དམར་ཤོག་དྲུང་ཆེ་ལས་ཐོག་སོགས་ཀྱིས་སློབ་གྲྭ་འདི་སྒོ་རྒྱག་ཐབས་སུ་ངན་ཇུས་ཡོད་རྒུ་བཏོན་ཏེ་ཁྲིམས་གཏུགས་རབ་དང་རིམ་པར་རྒྱབ་གནོན་དང་སྐུལ་འདེད་བཏང་མཐར་ལག་བསྟར་བྱུང་བ་ཞིག་ཡིན་འདུག གནད་དོན་དེའི་ཐད་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་གླིང་ཐོག་མར་འཛུགས་མཁན་རྒན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ནས་སྒེར་གྱི་སྐད་འཕྲིན་གླེང་སྟེགས་སུ་དེ་འབྲེལ་ཡོངས་བསྒྲགས་ཤིག་སྤེལ་བའི་ནང་། མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་ལགས། ཁྱེད་རང་དགུང་གྲངས་སུམ་ཅུ་ཏག་ཏག་ལས་མ་བཞུགས་ན། ལོ་ན་གཞོན་ལ་སྐུ་ལུས་བཟང་སྒང་ཡིན་པས་ཅི་འདྲའི་ཡིད་སེམས་ཕངས་པ་ཞིག་ཡིན་མོད། མི་རྟག་པ་ནི་ནམ་ཡང་མི་རྟག་པ་ཡིན་པས། སྐད་ཅིག་སྐད་ཅིག་གིས་འཇིག་ཅིང་མི་གནས་པར་འགྱུར་བ་ནི་བཟློག་ཏུ་མེད་པའི་མི་རྟག་པའི་ཆོས་ཉིད་དོ།། ང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་ཞིང་ཚེ་རབས་ཕྲེང་རྒྱུད་ཀྱི་སློབ་གསོ་གཙུག་ཏུ་བཀུར་བས། སྐྱེ་བ་ཕྱི་མའི་སློབ་གསོ་ལ་སྨོན་ལམ་བརྒྱབ་ན་ཅིས་མི་ཆོག ཤི་བ་སླར་ཡང་གསོན་རྒྱུ་མེད་ན་འོ་དོད་འབོད་པས་ཅི་ཕན། དེ་བས་སྐྱེ་བ་ཕྱི་མར་ལུས་རྟེན་ཕུན་སུམ་ཚོགས་པ་ལོན་པར་སྨོན་ལམ་རྒྱག་རྒྱུ་ནི་ཆེས་ལེགས་ཤོས་ཡིན་པས། ཚང་མས་སྐྱོ་སྐྱོ་མ་གནང་བར་རང་གི་འོས་བབ་ཕྲག་ཏུ་ཁུར་བར་ཞུ། ཞེས་བརྗོད་འདུག རྒྱ་ནག་གཞུང་གིས་གློ་བུར་དུ་བོད་སྐད་ཡིག་གི་གནས་བབ་མཐོ་བའི་བོད་ཀྱི་སློབ་གྲྭ་ཞིག་གློ་བུར་དུ་སྒོ་བརྒྱབ་བཅུག་པས། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་བློ་ཡུལ་ལས་འདས་པའི་སེམས་འཚབ་ཅིག་བྱུང་ཡོད། རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ཕྱི་ལོ་ ༡༩༩༤ ཟླ་༨ པར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་ཟེར་བས་ཆོག་མཆན་སྤྲད་དེ་དངོས་སུ་བཙུགས་ཤིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་དེ་ཡིན་འདུག ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༤ ཚེས་ ༡༤ ཉིན་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་ཆེད་ལས་མཐོ་འབྲིང་དུ་བསྒྱུར། ཕྱི་ལོ་ ༢༠༠༢ ལོར་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་པའི་མིང་ཡང་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ཞེས་པར་བཅོས། ༢༠༠༣ ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ཟེར་བས་དམངས་ཁྲོད་དོ་དམ་རྩ་འཛུགས་ཀྱི་དམངས་ཕན་ལས་ཁུངས་སུ་བདམས། ༢༠༠༦ ལོའི་ཟླ་  ༣ ཚེས་ ༧  ཉིན་ཀྲུང་ཧྭ་ཆེད་ལས་སློབ་གསོ་སྡེ་ཁག་གིས་ཀྲུང་ཧྭ་ཆེད་ལས་སློབ་གསོའི་མཚོ་སྔོན་ཚོད་ལྟའི་སློབ་གྲྭ་རུ་བསྒྱུར། སློབ་གླིང་དེ་ནི་བོད་ཡུལ་ན་ཆེས་མིང་དུ་གྲགས་པའི་བོད་ཡིག་ཆེད་སྦྱོང་གི་སློབ་གྲྭ་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

 ༧) ཆུ་རགས་གསར་རྒྱག་དང་གནས་སྤོར།

ཕྱི་ལོ་ ༢༠༢༤ ཟླ་  ༢ ནང་རྒྱ་ནག་གཞུང་གིས་འབྲི་ཆུའི་རྒྱུད་དུ་ཆུ་རགས་གསར་རྒྱག་གི་ལས་གཞི་སྤེལ་ཏེ། ས་གནས་དགོན་སྡེ་ཁག་དང་མང་ཚོགས་རྣམས་བཙན་གྱིས་ས་གནས་གཞན་དུ་གནས་སྤོར་བྱ་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་ལྟར། ཕྱི་ཟླ་ ༢ ཚེས་ ༢༠ དང་། ༢༡། ༢༢ བཅས་སུ་སྡེ་དགེ་དབོན་སྟོད་སོགས་ཀྱིས་ཞི་བའི་ཐོག་ནས་འབྲེལ་ཡོད་ལས་བྱེད་པར་རེ་སྐུལ་ངུ་འབོད་གནང་སྟེ་བཙན་བཀའ་ཟློག་ཐབས་གནང་ཡོད་སྟབས། གློ་བུར་དུ་ཉེན་རྟོག་པ་མང་པོ་བསླེབས་ནས་གང་བྱུང་གཅར་རྡུང་བཏང་སྟེ་མི་ཁག་ཅིག་སྡེ་དགེ་རྫོང་མི་མང་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། སེར་སྐྱ་མི་མང་མང་པོ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ས་གནས་མི་མང་གི་འགྲོ་འདུག་ལ་དམ་དྲག་ཤུགས་ཆེན་བྱས་ཡོད་ལ། ཕྱིས་སུ་བོད་སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་དང་།  སྡེ་དགེ་རྫོང་མི་དམངས་ཞིབ་དཔྱོད་ཁང་། སྡེ་དགེ་རྫོང་ཉེན་རྟོག་ཁང་། སྡེ་དགེ་རྫོང་ཁྲིམས་འཛིན་ཁང་ཟེར་བ་བཅས་མཉམ་འབྲེལ་ཐོག བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས་དང་། འདུ་ཚོགས་ཁྲོམ་སྐོར་རྔམ་སྟོན་བཅའ་ཁྲིམས། ཡིག་སྐུར་ངོ་གཏུག་གི་སྲོལ་ཡིག་ཟེར་བ་སོགས་གཞི་རྩར་བཟུང་སྟེ། བོད་སྡེ་དགེ་རྫོང་དབོན་པོ་སྟོད་ནས་རྒྱ་ནག་གཞུང་གི་བཙན་བཀའ་ཟློག་ཐབས་སུ་ཞི་བའི་རེ་སྐུལ་གནང་མཁན་སེར་སྐྱ་མང་པོ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། གོང་རིམ་གྱི་བཀའ་རྒྱ་དང་ལེན་མ་བྱས་པ་དང་སྤྱི་ཚོགས་ནང་དཀྲུག་རྐྱེན་བསླངས་བ་ཟེར་བ་སོགས་ཀྱི་ཉེས་མིང་གཡོག་ཡོད་པ་མ་ཟད། ཁུལ་དེར་དམག་མི་ཕོན་ཆེན་བཀྲམ་ནས་མི་མང་ལ་འཇིགས་སྐུལ་དང་དམ་དྲག་ཤུགས་ཆེན་བྱས་ཡོད། ཡང་ཕྱི་ཟླ་ ༤ ནང་རྒྱ་ནག་གཞུང་གིས་བོད་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཁོངས་ཀྱི་དཀར་མོ་གཡས་འཁྱིལ་རྨ་ཆུའི་འགྲམ་བརྒྱུད་དུ་གཡང་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་ཞིག་རྒྱག་བཞིན་ཡོད་པའི་རྐྱེན་གྱིས། ཉེ་འགྲམ་དུ་ཆགས་པའི་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དཔལ་ཁ་གྲོང་རྡལ་ནས་སྤྱི་ལེ་གསུམ་བཞི་ཙམ་གྱི་མཚམས་སུ་ཡོད་པའི་ཁྱོ་དཀར་ནག་ལོ་ཞེས་པའི་རི་སྣ་ཞིག་ཡོད་པ་དེར་གནས་སྤོར་དགོས་པའི་བཀའ་བཏང་ནས། རྨ་ཆུའི་གཡང་འཁྱིལ་ཆུ་གློག་ས་ཚིགས་བྲག་དཀར་རྫོང་ཨ་ཚོགས་དགོན་པ་གནས་སྤོར་བྱེད་པའི་བཟོ་སྐྲུན་མཛད་སྒོ་ཟེར་བ་ཞིག་བསྡུས་ཏེ། ཨ་ཚོགས་དགོན་པ་དངོས་སུ་གནས་སྤོར་མགོ་བརྩམས་ཡོད་པ་མ་ཟད། ཆུ་གློག་ས་ཚིགས་འཛུགས་སྐྲུན་དང་འབྲེལ་ནས་ཉེ་འཁྲིས་ཀྱི་ཐང་ནག་སྟོད་སྨད་བར་གསུམ་གྱི་ཁྱིམ་ཚང་ ༡༠༨༥ ཡི་མི་གྲངས་ ༤༥༥༤ གནས་སྤོར་བྱས་བཅུག་ཡོད་ལ། སྐབས་དེར་མི་མང་གི་མིག་ཆུ་གཏོང་ཞོར་ཨ་ཚོགས་དགོན་པར་རྐྱང་ཕྱག་འཚལ་བའི་ཡིད་སེམས་འགུལ་བའི་བརྙན་ཞིག་དྲ་ལམ་བྲིན་རྒྱུག་ཆེན་པོ་ཆགས་ཡོད་ལ། ཕྱིས་སུ་ཨ་ཚོགས་དགོན་ཤུལ་མེད་བཏང་བའི་པར་བརྙན་སོགས་ཀྱང་ཐོན་ཡོད།  ཡང་ཕྱི་ཟླ་ ༤ ནང་རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྭ་རྒྱ་གྲོང་རྡལ་མར་སྟེང་སྡེ་བའི་ཉེ་འགྲམ་གྱི་རྨ་ཆུའི་བཞུར་རྒྱུན་མཐོ་ཤོས་ཁུལ་དུ། མར་སྟེང་ཆུ་མཛོད་ཟེར་བ་གསར་རྒྱག་བྱས་ནས། ཁུལ་དེའི་ཁྱིམ་ཚང་བརྒྱ་ལྷག་ལ་དངུལ་འབོར་ཆེན་སྤྲད་ནས་གནས་སྤོར་བྱེད་བཅུག་ཡོད་པ་མ་ཟད། ཆུ་མཛོད་གསར་རྒྱག་བྱས་པ་ལ་བརྟེན་ནས་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཞི་བའི་སྐབས་ཀྱི་བཀའ་བརྒྱུད་པའི་དགོན་ཤུལ་ཞིག་དང་། ཨ་མ་མ་ལྕམ་ལྷ་མོ་ཞེས་པའི་གཞི་བདག་ཅིག རྭ་རྒྱའི་གདོད་མའི་ནགས་ཚལ་དག་ཆུའི་འོག་ཏུ་ནུབ་ཡོད་པ་མ་ཟད།  ཕྱི་ཟླ་ ༡༠ ཟླ་མཇུག་ཙམ་ནས་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཡ་རྫི་ (རྒྱ་སྐད་དུ་ཞིན་ཧྭ།) རྫོང་ཀ་རིང་བོད་རིགས་ཞང་ཁོངས་ཀྱི་གནས་རི་ཨ་མྱེས་ར་སྟོད་ཉིལ་སྲིད་རབས་བཤད་ནས། རི་འདབས་ཀྱི་ཡ་ཀ་སྡེ་བ་དང་བིས་ཚང་སྡེ་བ་གཉིས་ཀྱི་ཕྱེད་ཀ་ས་གནས་གཞན་དུ་སྤོར་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ཨ་མྱེས་ར་སྟོད་ནི་ཀ་རིང་ལུང་པའི་གནས་རི་གཙོ་བོ་ཡིན་པ་དང་། ཀ་རིང་ལུང་པར་ཁྱོན་ས་མ་འབྲོག་གི་སྡེ་བ་ཆེ་ཆུང་ ༢༢ ཡས་མས་ཤིག་དང་། ཡ་ཀ་སྡེ་བར་དུད་ཁྱིམ་  ༢༠༠ ཡས་མས་དང་། བིས་ཚང་སྡེ་བར་དུད་ཁྱིམ་ ༡༠༠ ལྷག་ཡོད་པའི་གྲས་ནས་བརྒྱ་ཆའི་སུམ་བཅུ་ལྷག་ཨ་མྱེས་ར་སྟོད་གནས་རིའི་རི་འདབས་དང་རི་སྟེང་དུ་འཁེལ་ཡོད་སྟབས། དུད་ཁྱིམ་མང་པོ་ས་གནས་གཞན་དུ་གནས་སྤོར་བྱ་དགོས་པའི་བཙན་བཀའ་བཏང་འདུག

 ༨) འདི་ལོར་མགོན་པོ་སྐྱིད་ཀྱིས་ཐེངས་བཞི་ལ་ཞུ་གཏུགས་བྱས།

བོད་ཀྱི་ཕྱུག་བདག་ཆེན་མོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལགས་ཀྱིས་བོད་རང་སྐྱོང་ལྗོངས་མི་མང་ཁྲིམས་ཁང་ཟེར་བ་དེས་རྡོ་རྗེ་བཀྲ་ཤིས་ལགས་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་དུ་ཁྲིམས་ཞིབ་དགོས་པའི་འབོད་སྐུལ་ལས་འགུལ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༠ དང་། ཕྱི་ཟླ་  ༣ ཚེས་ ༡༥ ཉིན་བཅས་སུ་བོད་ཀྱི་བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལགས་ཀྱིས་བསྐྱར་དུ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་མང་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་བའི་འབོད་སྐུལ་ལས་འགུལ་སྤེལ་ཡོད་ཅིང་། ཕྱི་ཟླ་ ༥ ཚེས་ ༢༨ ཉིན་མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་མདུན་ནས་ཞི་རྒོལ་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་བཏང་སྟེ་བཙན་གྱིས་ཕྱིར་རང་ཁྱིམ་དུ་ལོག་བཏང་བའི་གནས་ཚུལ་ཐོན། ཡང་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་མགོན་པོ་སྐྱིད་ལགས་ཀྱིས་ལྷ་སའི་ཁྲན་ཀཱན་སྤྱི་བདེ་ཉེན་རྟོག་ཁང་ཞུ་གཏུགས་བྱས་ཡོད་ཀྱང་། ཁྲིམས་ཁང་གིས་མགོན་པོ་སྐྱིད་ཀྱི་ཞུ་གཏུགས་དོན་ཚན་ལྔ་ལ་ངོས་ལེན་མ་བྱས་པའི་ཁར། ཁོང་མོར་གང་བྱུང་གཅར་རྡུང་བཏང་སྟེ་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ནི་ཁྲིམས་མཐུན་ཡིན་ལུགས་བརྗོད་འདུག ཕྱི་ལོ་ ༢༠༢༠ ལོ་སྟེ་རྡོ་རྗེ་བཀྲ་ཤིས་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་དེར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༠ དང་ ༡༦། ཟླ་ ༧ ཚེས་ ༥ དང་ ༡༣། ཕྱི་ཟླ་ ༨ ཚེས་ ༢། ཕྱི་ཟླ་ ༨ ཚེས་ ༢༥ ། ཕྱི་ཟླ་ ༡༢ ཚེས་ ༡༣ བཅས་སུ་མགོན་པོ་སྐྱིད་ལགས་ཀྱིས་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གི་མདུན་སོགས་ལ་སྔ་གཞུག་ཏུ་ཐེངས་ ༧ ལྷག་ལ་ཟས་བཅད་ངོ་རྒོལ་དང་རྐྱང་ཕྱག་འཚལ་བ་སོགས་བྱས་ནས་ཞུ་འབོད་ལས་འགུལ་སྤེལ་ཡོད་འདུག

 ༩) རྒྱལ་སྤྱིའི་གཟེངས་རྟགས་ཐོབ་པའི་བོད་མི།

ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༧ ནས་ ༢༧ བར་ཉིན་གྲངས་བཅུ་གཅིག་རིང་ལྷོ་སོག་ཏུ། རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་བཞི་བའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་ཤུད་འགྲན་ཚོགས་སྟེང་། གཞོན་ནུའི་རུ་ཁག་གི་བུད་མེད་རྟིང་རྩོད་གངས་ཤུད་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་པ་དབྱངས་ཅན་ལྷ་མོ་ལགས་སུ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༢  ནས་ ༦ བར་ཉིན་གྲངས་ལྔའི་རིང་རྒྱ་ནག་ཅིས་ལིས་སུང་ཧྭ་མཚེའུ་རུ། ཕྱི་ལོ་ ༢༠༢༤ ལོའི་ཨེ་ཤ་ཡའི་གངས་ཤུད་ལུས་རྩལ་འགྲན་བསྡུར་འཚོགས་ཡོད་ཅིང་། འགྲན་བསྡུར་ནང་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཐའེ་ལན་ཌི། རྒྱ་ནག་བཅས་ཀྱི་རྒྱལ་ཁབ་བཞིའི་ལུས་རྩལ་པ་ ༦༦ མཉམ་ཞུགས་བྱས་ཏེ་གངས་ཤུད་འགྲན་བསྡུར་རིམ་པ་བདུན་བྱས་ཡོད་པའི་ཁྲོད། བོད་ཀྱི་ལུས་རྩལ་བ་ཚེ་བརྟན་གཡུ་སྒྲོན་ལགས་ལ་བུ་མོའི་ལམ་ཐག་ཐུང་བ་དང་། གྱེན་བསྡུར་མྱུར་ཚད། མི་སྒེར་གྱི་རྒྱང་བགྲོད། མཉམ་བསྲེས་མཐུད་རྒྱུག་གི་འགྲན་བསྡུར་བཅས་ལ་གསེར་གྱི་རྟགས་མ་བཞི་ཐོབ་ཡོད་འདུག ཕྱི་ཟླ་ ༨ ཚེས་ ༢༧ ནས་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་ ༦ རིང་ལྷོ་ཨ་མེ་རི་ཁའི་པེ་རུ་རྒྱལ་ཁབ་ཀྱི་རྒྱལ་ས་ལི་མཱ་རུ། འཛམ་གླིང་གཞོན་ནུའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་བསྡུར་ཁྲོད། བོད་རིགས་འདུར་རྒྱུག་ལུས་རྩལ་བ་པདྨ་སྒྲོལ་མ་ལགས་ཀྱིས་བུད་མེད་ཀྱི་སྨི་ ༡༠༠༠༠ ཡི་འདུར་རྒྱུག་འགྲན་སྡུར་ལས་སྐར་མ་ ༤༣ དང་སྐར་ཆ་ ༢༦ ། གྲངས་ཆུང་ ༦༠ ཡི་གྲུབ་འབྲས་བླངས་ཏེ་གསེར་གྱི་གཟེངས་རྟགས་ཐོབ་འདུག དེ་བཞིན་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་རྒྱ་ནག་ཧོ་པེ་ཞིང་ཆེན་ཧིང་ཧྲུས་གྲོང་ཁྱེར་དུ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཚིགས་གཉིས་པའི་རྒྱང་རྒྱུག་རྩེད་འགྲན་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ལུས་རྩལ་པ་ ༨ འགྲན་ཞུགས་བྱས་ཡོད་པའི་ཁྲོད།  བོད་ཀྱི་ལུས་རྩལ་པ་ཚེ་རིང་མཚོ་མོས་ཆུ་ཚོད་ ༢ དང་། སྐར་མ་ ༢༦། སྐར་ཆ་ ༤༧  གྱི་གྲུབ་འབྲས་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་།  དེ་ནི་རྒྱ་ནག་རྒྱལ་ཡོངས་བུད་མེད་རུ་ཁག་འགྲན་བསྡུར་གྱི་ཟིན་ཐོ་གསར་བ་བཏོད་ཡོད་འདུག ཡང་ཕྱི་ཟླ་ ༢ ཕྱི་ཚེས་ ༦ ནས་ ༡༣ བར་ཧྥ་རན་སི་ཝེ་སོལ་ཨེ་ཤེ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ (Vesoul International Film Festival of Asian Cinema) ཐེངས་ ༣༠ པའི་སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་ལ་གློག་བརྙན་རྩེ་གྲས་གྱི་བྱ་དགའ་ཐོབ་ཡོད་པ་དང་། བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་ཚེ་བརྟན་བཀྲ་ཤིས་ལགས་ལ་དམིགས་བསལ་འཁྲབ་སྟོན་པའི་བྱ་དགའ་ཐོབ་ཡོད་འདུག ཐེངས་དེའི་གློག་བརྙན་དུས་སྟོན་ཐོག་རྒྱལ་ཁབ་འདྲ་མིན་གྱི་གློག་བརྙན་བརྩམས་ཆོས་མི་འདྲ་བ་ ༩༠ ལྷག་མཉམ་ཞུགས་གནང་ཡོད་ཅིང་། གློག་བརྙན་དཔྱད་འདེམས་ཚོགས་ཆུང་གིས་གཏམ་རྒྱུད་གློག་བརྙན་ ༩ དང་། དངོས་བཤུས་གློག་བརྙན་ ༨ བདམས་ཡོད་པའི་ཁྲོད་གློག་བརྙན་བརྩམས་ཆོས་རྩེ་གྲས་ ༨ ལ་བྱ་དགའ་ཐོབ་འདུག་ལ། ཡང་ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་དམ་པར་འཁྲབ་ཁྲིད་པ་ཡག་ཤོས་དང་སྦྱིན་པ་ལགས་ལ་འཁྲབ་སྟོན་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག

 ༡༠) འདས་གྲོངས་སུ་གྱུར་བའི་བོད་ནང་གི་སྐྱེས་བུ།

ཕྱི་ལོ་  ༢༠༢༤ ཟླ་ ༡༡ ཚེས་ ༡༩ ཉིན་བོད་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་ནོར་བྲང་ཨོ་རྒྱན་ལགས་དགུང་ལོ་ ༩༢ ཐོག་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྐུ་གཤེགས་པའི་གནས་ཚུལ་ཐོན་ཡོད་ཅིང་། བོད་ནང་གི་སྙན་ངག་པ་དང་རྩོམ་པ་པོ། ཤེས་ཡོན་པ་སོགས་ཀྱི་ཁོང་གི་ཤུལ་ལུས་ནང་མི་ལ་སེམས་གསོ་དང་། ཁོང་ལ་མྱ་ངན་ཞུ་ཡིག་བྲིས་པའི་ནང་། མི་འདི་ཚོ་གངས་རིའི་ཕྱི་ནང་སྲུང་བའི་ལྕགས་རི་ཡིན། ཁོ་ཚོའི་མི་ཚེ་གངས་རིའི་ཚེ་སྲོག་ལ་ཕུལ་ཡོད། གངས་རིའི་མིང་སྲིང་ཚོའི་སེམས་ནང་གི་ཕོ་རྒོད་དག་དག་ཡིན། ཕ་སྐད་ཀྱི་སྲོག་ཤིང་ཡིན་པའི་བགྲེས་པོ་ལགས། བདེ་བར་བཞུད། ཅེས་བྲིས་འདུག་ལ། བོད་ནང་གི་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལགས་དང་། རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཐབ་རྩོད་པ་ཞོགས་ལྗང་ལགས་སོགས་ཀྱིས་འདས་པོ་ཁོང་ལ་མྱ་ངན་ཞུས་འདུག གསུང་རྩོམ་ལ་«དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན་»དང་། «ཆོས་རྣམ་ཀུན་བཏུས་»སྟོད་སྨད་གཉིས། «སྤྲིན་གྱི་ཕོ་ཉའི་འགྲེལ་པ་ངོ་མཚར་དགའ་སྟོན་» «དཔལ་གྲུབ་པའི་དབང་ཕྱུག་བརྩོན་འགྲུས་བཟང་པོའི་རྣམ་ཐར་» «རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་འགྲེལ་པ་ཡིད་ཀྱི་སྙེ་མ་»པོད་གཉིས། «རྗེ་ཙོང་ཁ་པའི་གསུང་རྩོམ་སྙན་ངག་ཨའི་དབྱངས་ངེས་སོགས་ཁག་གསུམ་གྱི་འགྲེལ་པ་» «བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ་» «ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྟོགས་བརྗོད་བསྔགས་འོས་བསྔགས་པའི་རྩ་འགྲེལ་པད་དཀར་ཆུན་པོ་» «བོད་ཀྱི་གནའ་རབས་དཔལ་འབྱོར་ཐང་བཞིའི་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ངོ་མཚར་མིག་འབྱེད་» «རྗེ་བཙུན་མི་ལའི་རྟོགས་བརྗོད་སྙན་ཚིག་མའི་རྩ་འགྲེལ་» «ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་» «བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་»པོད་གསུམ་ཅན་སོགས་གསུང་འབུམ་པོད་གྲངས་ཉི་ཤུ་ལྷག་ཡོད་འདུག འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢ ཉིན་བོད་ཀྱི་གཞས་པ་གྲགས་ཅན་གངས་བཞུགས་ལགས་ནད་གཞིའི་རྐྱེན་གྱིས་ཁྲིན་ཏུའུ་གྲོང་ཁྱེར་དུ་འདས་གྲོངས་སུ་ཕྱིན་ཡོད་སྟབས། བོད་ཕྱི་ནང་གཉིས་ཀྱི་སྒྱུ་རྩལ་བ་དང་གླུ་བ་གླུ་མ། རྩོམ་པ་པོ་སོགས་མི་མང་པོས་གདུང་སེམས་མཉམ་སྐྱེད་བྱས་འདུག གཞས་པ་གངས་བཞུགས་ལགས་ནི་ཕྱི་ལོ་ ༡༩༧༣ ལོའི་ཟླ་ ༩ ཚེས་ ༡༥ ཉིན་བོད་མདོ་སྨད་རྔ་བའི་ཡུལ་དུ་སྐྱེས་ཤིང་། སི་ཁྲོན་རོལ་དབྱངས་སློབ་གླིང་ནས་རོལ་མོའི་ཐོག་བསླབ་པ་མཐར་སོན་ཡོད་པ་དང་། ཁོང་ནི་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལགས་ཀྱི་སློབ་མ་ཐོག་མའི་གྲས་ཡིན་འདུག ཁོང་གིས་ཟི་ལིང་གྲོང་ཁྱེར་དུ་ཉི་མའི་ཚོ་བ་གླུ་གར་གླིང་ཞེས་པའི་ནང་མ་ཁང་ཞིག་བཙུགས་ནས་བོད་ཀྱི་གླུ་གཞས་སྒྱུ་རྩལ་ཐོག་ཆེད་ལས་རང་བཞིན་གྱི་ཐོག་ནས་འབད་འབུངས་གནང་ཡོད་པ་དང་། མདོ་དབུས་ཁམས་གསུམ་གྱི་གླུ་གཞས་ལ་དགའ་བའི་སློབ་མ་མང་པོ་ཞིག་ཀྱང་སྐྱེད་སྲིང་གནང་ཡོད་འདུག་ལ། ཁོང་གི་གླུ་གཞས་བརྩམས་ཆོས་ཟླ་འོད་འོག་གི་ཕོ་བྲང་པོ་ཏ་ལ་དང་། མཐོ་སྒང་དམར་པོ། མ་ཎི་རྡོ་འབུམ། སེམས་ཀྱི་ལོག་ཕེབས། སྙིང་ཁོང་གི་འབོད་པ། འཛོམས་པ་ཡག་མོ་སོགས་སྤྱི་ཚོགས་ཐོག་ཏུ་དགའ་མོས་ཆེན་པོ་ཐོབ་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

གོ་སྟོན་བཀྲ་ཤིས་དཔལ་འབར།

སྐར་མ ༡༩ སྔོན་ལ།
Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༠༧
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦
Front Slider

བོད་སྐོར་གློག་བརྙན་གྲགས་ཅན་བོད་ནང་ལོ་བདུན་གྱི་ནང་འཁྲབ་སྟོན་གནང་མྱོང་བའི་ཁྱོ་ཤུག་གཉིས།

༢༠༢༥/༠༦/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese