རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་འདི་ལོའི་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་གླེང་སྟེགས་སྟེང་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་ལམ་སྔར་ལྷག་བརྟན་པོ་ཆགས་ཡོད་ལུགས་བསྒྲགས།

ཁ་སང་ཕྱི་ཚེས་ ༣༡ ནས་དེ་རིང་བཅས་ཉིན་གྲངས་གཉིས་རིང་དཀྱིལ་ཤར་ཨེ་ཤ་ཡའི་ཀར་ཛ་ཀི་སི་ཐན་དུ་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་གླེང་སྟེགས་(Shanghai Cooperation Organisation summit) འཚོགས་ཡོད་པ་དང་། ལྷན་ཚོགས་དེའི་སྟེང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མུ་དྷི་མཆོག་དང་། ཨི་རན་གྱི་སྲིད་འཛིན་མ་སུ་ཌི་ (Masoud Pezeshkian)། ཏུར་ཀི་སྲིད་བློན་སྐུ་ཞབས་རཱི་སཱིབ་ཊའེ་ཡིབ་ཨེར་ཌོ་གྷན་ (Recep Tayyip Erdogan) ལགས། པ་ཀི་སི་ཐན་གྱི་སྲིད་བློན་ཤེ་བྷ་ཛི་ཤཱ་རི་ཧྥི་ (Shehbaz Sharif)། དེ་བཞིན་ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་སོགས་ཀྱིས་མཉམ་ཞུགས་བྱས་འདུག
ལྷན་ཚོགས་འདི་དང་བསྟུན་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་ཐུག་འཕྲད་བྱས་འདུག གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས། ང་རང་ཨུ་རུ་སུའི་མགོ་ཁྲིད་སྐུ་ཞབས་པུ་ཊིན་དང་ཐུག་པར་དགའ་པོ་བྱུང་། ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་ལམ་སྔར་ལྷག་བརྟན་པོ་ཆགས་ཡོད་ལ། ཕྱོགས་གཉིས་ཀྱི་མདུན་ལམ་སྔར་ལྷག་འོད་སྟོང་ལྡན་པ་ཡིན། ཞེས་བཤད་འདུག འདས་པའི་ལོ་ཤས་གོང་ནས་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་སྐབས། རྒྱ་ནག་གིས་ཨུ་རུ་སུའི་ཚོང་དོན་འཕེལ་རྒྱས་ཀྱི་ཐད་ལ་རོགས་འདེགས་ཆེན་པོ་བྱས་ཡོད་པ་མ་ཟད། ལྷག་པར་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཨུ་རུ་སུར་གོ་མཚོན་དང་དམག་མིའི་རོགས་འདེགས་ཤུགས་ཆེན་བྱས་ཡོད།
རྒྱ་ནག་ཉིན་རེ་ཚགས་པར་གསར་ཁང་གི་གནས་ཚུལ་ལྟར། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་ཀར་ཛ་ཀི་སི་ཐན་སྲིད་འཛིན་སེ་ཡ་ར་ཇ་པཱ་རཱ་ཝི་(Sadyr Japarov) ཟེར་བ་དང་ཐུག་འཕྲད་བྱས་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་རྟག་བརྟན་གྱི་ཁྱིམ་མཚེས་བཟང་པོའི་འབྲེལ་བ་དང་། མཛའ་གྲོགས། མཉམ་ལས་ཞེས་པའི་མིང་འོག་ནས་ཚོང་དོན་མཉམ་འབྲེལ་གྱི་གྲོས་ཆོད་ལ་ས་ཡིག་བཀོད་ཡོད་མ་ཟད། ཕྱོགས་གཉིས་ཀྱི་ཚོང་དོན་མཉམ་ལས་ཤུགས་ཆེན་གཏང་རྒྱུ་དང་། རྒྱ་ནག་གཞུང་གིས་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་དེར་འཛུགས་སྐྲུན་དང་། ཚོང་དོན་གྱི་ཐད་ནས་རོགས་འདེགས་བྱ་རྒྱུ་མོས་མཐུན་བྱུང་ཡོད་མ་ཟད། རྒྱ་ནག་གཞུང་གིས་རྒྱ་ནག་ནས་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་ཚོང་དོན་ལམ་བུ་གཏོད་སླད། རྒྱ་ནག་ནས་ཀར་ཛ་ཀི་སི་ཐན་དང་། ཀར་ཛ་ཀི་སི་ཐན་ནས་ཨུ་བྷེ་ཀི་སི་ཐན་བར་མེ་འཁོར་ལྕགས་ལམ་གསར་རྒྱག་བྱ་རྒྱུ་ཡིན་འདུག
ཉིན་གྲངས་གཉིས་རིང་གི་ལྷན་ཚོགས་འདིའི་སྟེང་། ཚོགས་མི་རྒྱལ་ཁབ་རྣམས་ཀྱི་མཐའ་སྲུང་དང་ཡུལ་སྐོར་བའི་འགྲོ་འོང་གི་གནད་དོན་དང་། ཨི་རན་དང་ཨ་རིའི་དམག་འཁྲུག ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནད་དོན། རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས། ཚོགས་མི་རྒྱལ་ཁབ་ཁག་བར་མཉམ་ལས་ཀྱི་ཚོང་དོན། གློག་རྡུལ་དང་འཕྲུལ་རིག་གི་སྐོར། དེ་བཞིན་ཨབ་གྷ་ནི་སི་ཐན་ནང་གི་བརྟན་བརླིང་གཙོས་དོན་ཚན་བཅུ་གཅིག་གི་ཐོག་ལ་གླེང་སློང་དང་གོ་བསྡུར་བྱས་ཡོད་འདུག
དེ་བཞིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་ཐེངས་འདིའི་ལྷན་ཚོགས་ཐོག ང་ཚོས་ད་ལྟ་འགྲོ་བཞིན་དམག་འཁྲུག་རྣམས་མཇུག་བསྒྲིལ་དགོས། དེ་ནི་མིའི་རིགས་ཀྱི་བདེ་དོན་ལ་མེད་དུ་མི་རུང་བ་ཞིག་རེད། གནད་དོན་ཚང་མར་ཞི་བའི་ཐག་གཅོད་གང་མགྱོགས་བྱ་རྒྱུ་ནི་མིའི་རིགས་ཀྱི་འབོད་སྐུལ་ཡིན་ལ། རྒྱ་གར་གྱི་རེ་བཞག་ཀྱང་ཡིན། ཞེས་གསུངས་འདུག
འདས་ལོའི་ཕྱི་ཟླ་ ༨ ཟླ་ ༣༡ ནས་ཉིན་གྲངས་གཉིས་རིང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་གསུམ་པར་གྲགས་པའི་ཐན་ཅེན་(Tianjin) དུ་ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཀྱི་གླེང་སྟེགས་(Shanghai Cooperation Organisation summit) འཚོགས་ཡོད་འདུག ལྷན་ཚོགས་དེ་ཕྱི་ལོ་ ༡༩༩༦ ལོར་ཐོག་མར་རྒྱ་ནག་དང་། ཨུ་རུ་སུ། ཀར་ཛ་ཀི་སི་ཐན། ཀར་ཇི་ཀི་སི་ཐན། ཏཱ་ཇི་གྷི་སི་ཐན་སོགས་ཚོགས་མི་ལྔ་ཡི་མཐའ་སྲུང་གི་ལས་དོན་ཐད་མཉམ་ལས་བྱེད་སླད་བཙུགས་པའི་ལྷན་ཚོགས་ཤིག་ཡིན་ཞིང་། ད་ལྟ་ལྷན་ཚོགས་དེའི་ཁོངས་སུ་རྒྱ་གར་དང་། ཨུ་རུ་སུ། རྒྱ་ནག ཊུར་ཀི ཨབ་གྷ་ནི་སི་ཐན། ཀར་ཛ་ཀི་སི་ཐན། ཨི་རག པཱ་ཀི་སི་ཐན་གཙོས་རྒྱལ་ཁབ་བཅུ་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།




