མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དིང་རིའི་ས་ཡོམ་སྐོར་གྱི་ཛ་དྲག་གི་གནས་ཚུལ་ཁྱབ་སྤེལ་ཐད་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ལ་སྟོད་ལྷོའི་དིང་རིའི་ཁུལ་དུ་ས་ཡོམ་བརྒྱབ་སྟེ་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་། ད་དུང་ས་ཡོམ་ཁྲོད་གནོད་འཚེ་ཐེབས་པའི་གྲོང་སྡེ་མང་པོར་མྱུར་སྐྱོབ་ཐུབ་མེད་ཁར། ས་གནས་མི་མང་ལ་དམ་དྲག་བྱས་ཏེ་གནས་ཚུལ་ཕྱིར་བསྒྲགས་བྱས་མི་ཆོག་པ་སོགས་ཀྱི་བཙན་བཀའ་བཏང་ཡོད་འདུག

བོད་ནང་ས་ཡོམ་ཤུགས་ཆེན་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་བཟོས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡།༩

ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་དང་སྐར་མ་ ༥ ཙམ་གྱི་སྟེང་རྒྱ་ནག་གཞུང་གིས་བཅད་བགོ་བྱས་པའི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་ཀྱི་དིང་རི་རྫོང་དང་། ས་སྐྱ་རྫོང་། ལྷ་རྩེ་རྫོང་། ངམ་རིང་རྫོང་ཁོངས་སོགས་སུ་ས་འགུལ་ཚད་རིམ་ ༧།༡ ཅན་ཞིག་བརྒྱབ་སྟེ། མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེན་ཐེབས་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༨ ཉིན་ས་གནས་ཀྱི་འབྲེལ་ཡོད་རྒྱ་གཞུང་དཔོན་རིགས་ཀྱིས། གནོད་འཚེ་ཐེབས་ཁུལ་དུ་ས་ཁུལ་གཞན་ནས་རོགས་སྐྱོར་ལེན་རྒྱུ་མིན་པའི་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། དིང་རི་རྫོང་ཁོངས་ཀྱི་བོད་མི་རྣམས་ཀྱི་དྲ་ལམ་ལ་སྟངས་འཛིན་བྱས་ཏེ། བརྙན་པར་རིགས་བརྒྱུད་སྐུལ་བྱེད་མི་ཆོག་ཁར། ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་ལ། ས་གནས་ཁག་ཅིག་ལ་ད་དུང་ཡང་མྱུར་སྐྱོབ་སོགས་ཀྱི་རོགས་སྐྱོར་འབྱོར་མེད་པའི་དཀའ་ངལ་འཕྲད་ཀྱིན་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཡོད་ཁག་ཅིག་ལ་ད་ལྟའི་སྟོད་དིང་རི་ཕྱོགས་ཀྱི་གནས་སྟངས་སྐོར་ལ་བཀའ་འདྲི་ཞུས་པར། ད་ལྟ་རྒྱ་ནག་གཞུང་གིས་ས་ཡོམ་རྒྱག་ས་ལྟེ་བ་མཚོ་སྒོར་རོགས་སྐྱོར་བྱེད་བཞིན་པ་ཡོངས་གྲགས་ཐོག་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་། གྲམ་མཚོ་དང་ཉི་ཤར། ངམ་རིང་དང་ལྷ་རྩེ་སོགས་ས་ཁུལ་མང་པོར་མྱུར་སྐྱོབ་ཀྱི་མཚོན་པའི་རོགས་སྐྱོར་བྱེད་མཁན་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རེད། ད་དུང་སྒོ་རུང་གཙོས་པའི་གྲམ་མཚོའི་རྫོང་ཕུག་དགོན་པ་སོགས་ནས་མི་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པའི་ཁར། མྱུར་སྐྱོབ་སོགས་ཀྱི་རོགས་སྐྱོར་གང་ཡང་སླེབས་མི་འདུག ཅེས་བརྗོད་བྱུང་།

མིང་བརྗོད་འདོད་མེད་པའི་སྟོད་དིང་རིའི་ཡུལ་མི་ཞིག་གིས་འདི་གའི་གསར་འགོད་པར། ངའི་གྲོང་ཚོའི་ནང་ནས་མི་བདུན་འདས་གྲོངས་སུ་ཕྱིན་སོང་། ཁང་པ་མང་པོར་གཏོར་སྐྱོན་ཐེབས་ཡོད། འོན་ཀྱང་། ང་ཚོར་མྱུར་སྐྱོབ་སོགས་ཀྱི་རེ་བ་ཞུ་ས་མེད་ཁར། ད་དུང་ས་ཡོམ་བརྒྱབ་ཡོང་སྙམ་ནས་ཞེད་སྣང་ངང་མཚན་མོར་ཕྱི་ལོགས་སུ་གུར་ནང་ཉལ་ཐབས་བྱེད་བཞིན་ཡོད་མོད། གུར་འདང་ངེས་མེད་པས། ཡུལ་མི་མང་པོས་ས་གནས་གཞན་དུ་གུར་ཉོ་བར་འགྲོ་རྩིས་བྱེད་སྐབས། ཉེན་རྟོག་པས་བཀག་འགོག་བྱས་ཏེ་གཏོང་གི་མི་འདུག་པ་མ་ཟད།  ཁ་པར་ནས་པར་རྒྱག་པ་དང་བརྙན་སོགས་ལེན་མི་ཆོག་པ་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པའི་བཀའ་བཏང་སོང་། ཞེས་བརྗོད་བྱུང་།

གསར་འགོད་པས་རྒྱུས་ལོན་བྱས་ཏེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན།  བོད་ཀྱི་སྟོད་ཕྱོགས་སུ་ལ་སྟོད་ལྷོ་བྱང་གཉིས་ལས། ལ་སྟོད་ལྷོའི་དིང་རི་རྫོང་ཁོངས་སུ་ཞང་ ༢༠ ཡས་མས་ཙམ་ཡོད་ཅིང་། དེ་དག་ལས་ད་ལན་ས་ཡོམ་གྱི་གནོད་འཚེ་ཐེབས་ཡུལ་གཙོ་བོ་ནི། དིང་རི་རྫོང་མ་ཆོད་ཞང་བཞི་སྟེ།  མཚོ་སྒོ་དང་ཆུ་ལྷོ་ཞང་། གྲམ་མཚོ་དང་ཉི་ཤར་ཞང་བཅས་ཡིན་ཞིང་། དེ་དག་ལས་གནོད་འཚེ་ཚབས་ཆེན་ཕོག་ཡུལ་ནི་མཚོ་སྒོ་ཡིན་འདུག ལ་སྟོད་བྱང་གི་ཁོངས་སུ་ཡོད་པའི་ས་སྐྱ་དང་གཏིང་སྐྱེས། ངམ་རིང་དང་ལྷ་རྩེ་རྫོང་ཁོངས་སོགས་སུ་ས་ཡོམ་གྱི་གནོད་འཚེ་བྱུང་ཡོད་ཀྱང་མྱུར་སྐྱོབ་སོགས་ཀྱི་རོགས་སྐྱོར་སླེབས་མེད་པའི་ས་ཁུལ་མང་པོ་ཡོད་ཅིང་།  རྒྱ་ནག་གཞུང་འབྲེལ་གྱི་གྲངས་འབོར་ལྟར་ན། ད་སྔ་བར་ས་འགུལ་ཁྲོད་མི་གྲངས་ ༡༢༦ རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་ ༡༨༨ ལ་རྨས་སྐྱོན་ཕོག་པ། དེ་བཞིན་ཁང་པ་ ༣༦༠༩ ལ་གཏོར་སྐྱོན་ཐེབས་ཡོད་པའི་གནས་ཚུལ་བསྒྲགས་འདུག འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་གྲམ་མཚོའི་གུ་རུང་གྲོང་ཚོ་ནས་མི་མང་པོ་རྐྱེན་ལམ་དུ་ཤོར་ཡོད་ཀྱང་། ད་དུང་གུ་རུང་གྲོང་ཚོ་གཙོས་ས་ཁུལ་གཞན་མང་པོར་མྱུར་སྐྱོབ་སླེབས་མེད་པ་དང་། ལྷ་རྩེ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད། རྐྱེན་འདས་སུ་ཕྱིན་པའི་མི་མང་པོ་ཡོད་ཀྱང་རྒྱ་ནག་གཞུང་གིས་སྦས་སྐོང་བྱེད་བཞིན་ཡོད་ཅེས་བརྗོད་བྱུང་།

རྒྱ་ནག་གིས་གནོད་འཚེ་ཐེབས་ཁུལ་དུ་ས་ཁུལ་གཞན་ནས་རོགས་སྐྱོར་ལེན་རྒྱུ་མིན་པའི་གསལ་བསྒྲགས་བྱས།

ཁ་སང་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་ས་འགུལ་བྱུང་ཡུལ་ནི་ས་མཐོ་ཞིང་ཁ་ཐག་རིང་བ་དང་གྲང་ངར་ཆེ་བའི་ས་ཁུལ་ཡིན་སྟབས། ས་ཁུལ་གཞན་གྱི་རོགས་སྐྱོར་ལེན་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བ་དང་བསྟུན།  ཉིན་ཤས་གོང་ནས་དིང་རིར་རོགས་སྐྱོར་ཆེད་ཡོང་བའི་བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་མང་པོ་ཞིག་ལ་ཕྱིར་ལོག་དགོས་པའི་བཀའ་བཏང་བ་བཞིན། དེ་རིང་ནས་བོད་མི་དང་བླངས་རོགས་སྐྱོར་བ་མང་པོ་ཞིག་གཏིང་སྐྱེས་དང་ལྷ་རྩེ་རྫོང་གི་ཕྱོགས་སུ་འགྲོ་མགོ་བརྩམས་འདུག་ལ། ཁོང་ཚོར་རྒྱ་ནག་གཞུང་གིས་བརྙན་དང་པར་རིས་འདྲ་མིན་སྤེལ་མི་ཆོག་པའི་བཀའ་བཏང་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་བརྗོད་བྱུང་།

ད་རེས་དིང་རི་རྫོང་དུ་ས་འགུལ་ཚད་རིམ་ཆེན་པོ་བརྒྱབ་པའི་གནས་ཚུལ་བྱུང་བ་དང་བཙན་བྱོལ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བསྟན་བདག་བླ་ཆེན་ཁག་ནས་ཐུགས་སྨོན་སྐྱབས་འཇུག་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཙོས་གཞུང་འབྲེལ་མིན་པ་དང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཚང་མས་ཉིན་དང་མཚན་བརྒྱུད་བསྔོ་བ་སྨོན་ལམ་བྱེད་པ་སོགས་ཤ་ཁྲག་གཅིག་པའི་དིང་རིའི་མི་མང་དང་གོད་ཆག་ཕོག་པའི་བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེད་ཞུས་དང་ཞུ་བཞིན་པ་ཡིན་ལ། བོད་ནང་དུ་མདོ་དབུ་ཁམས་གསུམ་གྱི་མི་སྣ་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ། གཞས་པ། དྲ་དཔོན་དང་ཕྱུག་བདག ཚོགས་པ་ཁག་དང་མི་མང་སོགས་ནས་ཞལ་འདེབས་ཕུལ་བ་དང་། ཡུལ་དངོས་སུ་བསྐྱོད་དེ་ཉིན་རེའི་འཚོ་བའི་དགོས་མཁོ་བསྐྲུན་པ། ཡང་ན་རང་རང་གི་ཆེད་ལས་སྟེང་ནས། དིང་རིའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཤུགས་ཆེན་ཞུས་སོང་བས། རྒྱ་ནག་གཞུང་གིས་འཕྲལ་དུ་ས་གནས་གཞན་གྱི་རོགས་སྐྱོར་ལེན་མཚམས་འཇོག་དོན་ནི། བོད་ནང་གི་བོད་མི་ཚོའི་ནང་ཁུལ་གྱི་གཡོ་བ་མེད་པའི་མཐུན་སྒྲིལ་དང་མི་རིགས་གཅིག་གི་འདུ་ཤེས་ཀྱི་སེམས་ཚོར་ཐད་རྒྱ་ནག་གི་མགོ་ཁྲིད་ཚོར་ཞེད་སྣང་སྐྱེ་ཡི་ཡོད་པ་ཉམས་ཞིབ་པས་བརྗོད་འདུག

ཡང་ས་གནས་ཀྱི་འབྲེལ་ཡོད་བོད་མི་ཞིག་གིས། ད་རེས་ས་འགུལ་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་མང་ཆེ་བ་གཞོན་སྐྱེས་ཡིན་པ་དང་། སྟོད་དིང་རིའི་ཕྱོགས་སུ་ངན་པ་དགུ་འཛོམས་ཉིན་བསང་གསོལ་གཏོང་བ་དང་བཟང་པོ་བཅུ་འཛོམས་ཉིན་གྲོགས་ཕུན་མཆེད་འཛོམས་ཏེ་ཆང་འཐུང་ཞོར་དུ་དགའ་དགའ་སྤྲོ་སྤྲོད་གནང་སྲོལ་ཡོད་སྟབས། བཟང་པོ་བཅུ་འཛོམས་ཀྱི་ཕྱི་ཉིན་ས་ཡོམ་བརྒྱབ་པས་གཞོན་སྐྱེས་མང་པོ་འདས་གྲོངས་སུ་ཕྱིན་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་རོགས་སྐྱོར་བྱེད་ཀྱིན་འདུག རྒྱུ་མཚན་དིང་རི་ནི་ས་མཚམས་ཡིན་པས་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ད་ལན་ས་འགུལ་སྐབས། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཚང་མས། དིང་རི་རྫོང་དུ་ས་འགུལ་ཚད་རིམ་ ༦།༨ བརྒྱབ་ཡོད་ཅེས་གཞི་རྒྱ་ཆེན་པོས་བསྒྲགས་སོང་མོད། འོན་ཀྱང་། ཨ་རིའི་རྒྱལ་ཡོངས་ས་འགུལ་རྟོག་ཞིབ་ལས་ཁུངས་ཀྱིས། དིང་རིར་བརྒྱབ་པའི་ས་འགུལ་གྱི་ཚད་རིམ་ནི་ ༧།༡ ཡིན་པ་གསལ་སྟོན་བྱས་འདུག ད་ལྟ་བོད་ནང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་སྒྲིག་བཀོད་བྱས་ཤིང་། གཞུང་འབྲེལ་མི་སྣས་མྱུར་སྐྱོབ་བྱེད་བཞིན་པའི་བརྙན་པར་ཤ་སྟག་ཁྱབ་བསྒྲགས་བྱེད་བཞིན་པ་ལས། ད་ལྟ་ས་གནས་ཀྱི་མང་ཚོགས་ལ་བཀག་སྡོམ་ཆེ་ཞིང་དམིགས་བསལ་བོད་ནང་གི་དྲ་དཔོན་མི་ཉུང་བ་ཞིག་ཡུལ་དངོས་སུ་ཕྱིན་ཡོད་ཀྱང་། ས་ཡོམ་ཁྲོད་གནོད་འཚེ་ཐེབས་པའི་ཛ་དྲག་གི་གནས་ཚུལ་གཅིག་ཀྱང་སྤེལ་བཅུག་མེད་ལ། ད་ལྟ་ས་ཡོམ་ཆེད་ཞལ་འདེབས་ཞེས་པའི་ཚིག་ཁ་ནས་ཐོན་པ་ཙམ་གྱིས་སྤྱི་ཚོགས་དྲ་བྱང་ཁག་འཕྲལ་མར་སྒོ་རྒྱག་གིན་ཡོད་འདུག

དྲ་ལམ་གྱི་པར། དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།

ཨ་རིའི་རྒྱལ་ཡོངས་ས་འགུལ་རྟོག་ཞིབ་ལས་ཁུངས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡།༥ སྟེང་དིང་རིར་ས་འགུལ་བརྒྱབ་ཡོད་པའི་གནས་ཚུལ་སྤེལ་འདུག་མོད། རྒྱ་ནག་གཞུང་གིས། ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༥ ཙམ་ལ་ས་འགུལ་བྱུང་ཡོད་པའི་གནས་ཚུལ་བསྒྲགས། ད་ལན་དིང་རིར་བྱུང་བའི་ས་འགུལ་གྱི་གཏིང་ཚད་ནི་སྤྱི་ལེ་ ༡༠ ཡིན་པ་དང་། དིང་རི་གཙོས་ས་སྐྱ། ངམ་རིང་། ལྷ་རྩེ། གཞིས་ཀ་རྩེ། གཏིང་སྐྱེས། གཞིས་ཀ་རྩེ་སོགས་སུ་ས་འགུལ་བྱུང་བ་མ་ཟད། ས་འགུལ་གྱི་ཤུགས་རྐྱེན་བལ་ཡུལ་དང་རྒྱ་གར་གྱི་འབྲས་ལྗོངས། འབྲུག་སོགས་རྒྱལ་ཁབ་མི་འདྲ་བའི་གྲོང་ཁྱེར་དང་ས་གནས་ཁག་ ༢༠ ལྷག་ལ་སླེབས་ཡོད་ལ། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༣ པར་དིང་རིར་ས་འགུལ་ཚད་རིམ་ ༥།༩ ཅན་ཞིག་བརྒྱབ་མྱོང་། དིང་རི་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཕྱོགས་སུ་ཆགས་ཤིང་། ས་བབ་མཐོ་ཚད་མི་ཊར་ ༤༣༠༠ ཡོད།

གཞན་ཡང་། ཁ་སང་ཕྱི་ཚེས་ ༨ ཉིན་རྒྱབ་ཙམ་ལ་བོད་མགོ་ལོག་རྨ་སྟོད་ཕྱོགས་སུ་ཚད་རིམ་ ༥།༨ ཅན་གྱི་ས་ཡོམ་ཞིག་བརྒྱབ་སྟེ་མི་ཁག་ཅིག་ལ་གནོད་འཚེ་བཏང་ཡོད་པའི་གནས་ཚུལ་འདུག་ཀྱང་། རྒྱ་ནག་གཞུང་གིས་ས་ཡོམ་རྒྱག་ས་དེ་ནི་རི་ཁུལ་ཡིན་པས་མི་རྒྱུ་གཉིས་ལ་གནོད་འཚེ་གང་ཡང་ཐེབས་མེད་སྐོར་བསྒྲགས་འདུག་ལ། འདི་གའི་གསར་འགོད་པས་མུ་མཐུད་གནས་ཚུལ་ལ་རྒྱུས་ལོན་བྱེད་མུས་ཡིན།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese