མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ལོ་དོན་གྲུབ་ཀྱིས་ ” བོད་མི་རིགས་བཀའ་དྲིན་ཆེན་པོ་ཡིན། ”ཟེར།

བོད་ཀྱི་དུས་བབ།
༢༠༢༥/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། བློ་གྲོས་རབ་བརྟན།

སྐུ་ཚེ་ཧྲིལ་བོར་བོད་མི་རིགས་འདིའི་སྲིད་དོན་ལ་འཐམས་ཏེ་ཚེ་ཡི་འདུ་བྱེད་རྫོགས་སོ།། ཧ་ལམ་ལོ་ངོ་བདུན་ཅུའི་རིང་འུ་ཚོ་ལ་ཆབ་སྲིད་ཐད་གྲུབ་འབྲས་གང་ཡོད་ཚང་མའི་རྒྱབ་ལ་ཁོང་གི་རྣམ་དཔྱོད་དང་འཇོན་ཐང་ཡོད། བོད་མི་རིགས་ལ་བཀའ་དྲིན་ཅི་འདྲའི་ཆེ་ནའང་། ཀླད་པར་འབུ་ཚང་བཅས་ཟིན་པ་ཚོས་ནམ་ཡང་ཤེས་མི་ཐུབ། དེ་ལས་ལྡོག་སྟེ་ཁོང་གིས་“བོད་མི་རིགས་ང་ལ་བཀའ་དྲིན་ཆེན་པོ་ཡིན། ” ཞེས་རྒྱལ་ལོ་དོན་གྲུབ་ཀྱིས་ལན་མང་གསུང་མྱོང་ཡོད།

རྒྱལ་ལོ་དོན་གྲུབ་ནི་༧ གོང་ས་མཆོག་གི་སྐུ་སྤུན་བགྲེས་བའི་གྲས་ཡིན་ལ། དགུང་ལོ་༩༧ ཐོག་སྐུ་གཤེགས། ཁོང་༧གོང་ས་མཆོག་ལས་ལོ་བདུན་གྱི་རྒན་པ་ཡིན། བོད་ཀྱི་གནད་དོན་ཡོངས་རྫོགས་ལ་རྒྱུས་མངའ་ཆེ་ཞིང་། དངོས་སུ་འཛུལ་ཞུགས་ཀྱིས་ལས་དོན་བསྒྲུབས་པའི་མི་ཞིག་དང་། དཀའ་ཚགས་ཆེ་བའི་བོད་ཀྱི་སྲིད་དོན་ལོ་རྒྱུས་ཁྲོད་མི་གླེང་ཐབས་མེད་ཀྱི་མི་སྣ་གལ་ཆེན་ནང་གི་གལ་ཆེན་ཞིག་རེད།

ཁོང་༧གོང་ས་མཆོག་གི་སྐུ་སྤུན་བགྲེས་པ་དེ་ཡིན་སྟབས། ཆུང་དུས་ནས་ཆབ་སྲིད་ཀྱི་ཁོར་ཡུག་ཏུ་ཚུད་ཅིང་། ༧གོང་ས་མཆོག་གི་ཕྲག་སྟེང་དུ་ལྷུང་བའི་ཁ་ཆག་སྣ་རལ་དུ་གྱུར་བའི་བོད་ཀྱི་ཆོས་སྲིད་ཀྱི་ལས་འགན་ལྕི་མོ་དེས། ཁོང་ཐག་རིང་དུ་མ་བཏང་བར་༧གོང་ས་མཆོག་གི་གམ་དུ་བཅར་ཏེ། གང་ཐད་ནས་བློ་ཐག་གཙང་བཅད་ཀྱིས་རང་གི་ཕུ་བོའི་དཔུང་རོགས་ལ་ཞུགས།

༧གོང་ས་མཆོག་གིས་ལུགས་གཉིས་ཀྱི་འགན་བཞེས་པ་དང་། སྐབས་དེའི་བོད་གཞུང་ནི་ནང་ཁུལ་རྙོག་དྲ་ཆེ་ཞིང་སྟག་བྲག་དང་ར་སྒྲེང་ཞེས་ཕྱོགས་གཉིས་སུ་ཁད་དེ་དབང་ཆའི་ཐད་འགྲན་སེམས་འཁོན་རེས་ཀྱིས་བཟུང་སྟེ། སྤྱི་དོན་ཟུར་དུ་ལྷག་བཞིན་པའི་དུས་དེར། སྐུ་ཉིད་༧ གོང་ས་མཆོག་ལ་ཤ་ཚ་དང་སྙིང་ཉེའི་ངང་སྐྱིད་སྡུག་གི་ཁུར་བོ་མཉམ་དུ་འདེགས་རོགས་གཅིག་པུ་དེ་ཡིན།

ལོ་ན་ཆུང་བའི་དུས་ནས་ཡུལ་གྲུ་མང་བོ་འགྲིམས་འགོ་བརྩམས། མི་སྣ་ཆེ་ཆུང་མང་བོར་ཐུག་འཕྲད་བྱུང་ཞིང་། གནད་ཡོད་མི་སྣ་མང་པོར་བག་ཆགས་འཇོག་ཐུབ་པའི་རང་གཤིས་མངའ་སྟབས། ཆབ་སྲིད་པ་ཚོས་ཁོང་ཉིད་གཡས་འཐེན་གཡོན་གྱིས་རང་ཕྱོགས་སུ་འགུག་ཐབས་བྱས་ཀྱང་། རྩ་བའི་ཆ་ནས་བོད་མི་རིགས་དང་༧གོང་ས་མཆོག་ལྟེ་བར་བཟུང་སྟེ་ཐབས་ཤེས་ཡོད་དགུས་རྩ་དོན་ལ་འབད་འབུངས་རྒྱུན་མཐུད་བྱས་ཡོད།

མི་ཞིག་ག་ཚོད་ལྟ་རྒྱ་ཆེ་ན་དེའི་ཚོད་ཀྱིས་ལས་དོན་འཐུས་ཚང་ཡོང་བ་ལྟར། རྒྱ་ནག་ནན་ཅིན་དུ་སློབ་སྦྱོང་ལ་བརྩོན་བཞིན། རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ལ་རྒྱུས་ལོན་བྱེད་སྐབས་བཟང་བོར། བོད་གཞུང་གི་རང་སྲུང་གཞུང་ཞབས་འགས། ཕྲ་མ་དང་དོགས་པ་འདྲ་མིན་གྱིས་ཕྱིར་འགུག་ཐབས་བྱས་ཀྱང་། ཡུམ་ཆེན་གྱི་གསང་བརྡ་དང་ལྷ་སའི་ཆབ་སྲིད་ཀྱི་རླུང་འཚུབ་ལ་རྒྱུས་མངའ་ཡོད་པས་རང་ལམ་དུ་བསྐྱོད་ཐུབ་ཡོད།

རྒྱ་ནག་གོ་མིན་ཏང་མའོ་ཡིས་མཐའ་འདེད་གཏོང་བཞིན་ཡོད་ཀྱང་། གོ་མིན་ཏང་གིས་བོད་ལ་ཆབ་སྲིད་ཀྱི་ཧམ་སེམས་དོར་མེད།  ཁོང་ལ་ཐབས་མཁས་ཀྱིས་འབྲེལ་བ་ཉར་ཞིང་། ཐད་ཀར་མིན་པའི་ཤ་ཚ་དང་སྙིང་ཉེའི་ངང་ཨ་རི་ལ་སློབ་སྦྱོང་ལ་བསྐྱོད་ཐུབ་ན། སློབ་ཡོན་ཐད་རོགས་རམ་གནང་རྒྱུ་ཞལ་བཞེས་གནང་ཡང་། ༧གོང་ས་མཆོག་སྐུ་ན་ཕྲ་བ་དང་བོད་གཞུང་ནང་ཁུལ་རྙོག་དྲ་ཆེ་བ། རྒྱ་དམར་གྱི་ཧམ་སེམས་བོད་ལ་ཕྱོགས་པ། གོང་ས་མཆོག་གི་གམ་ན་བློས་ཐུབ་ཀྱི་སྐྱེས་བུ་དཀོན་པ་བཅས་ལ་བརྟེན། སྐུ་ཉིད་ཀྱིས་རྒྱང་རིང་ནས་བྱ་ར་མཛད་དེ་༧གོང་ས་མཆོག་ལ་དཔུང་རོགས་ལམ་སྟོན་མཛད།

གཅིག་དགུ་ལྔ་བཅུ་ང་དགུ་ལོར་༧གོང་ས་མཆོག་བཙན་བྱོལ་དུ་མ་ཕེབས་སྔོན་ནས། བོད་དུ་གནས་སྟངས་སྡུག་ནས་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། སྐུ་ཉིད་ནས་རྒྱ་གར་གྱི་སྲིད་བློན་ནེ་ཧ་རི་མཆོག་ལ་དངོས་སུ་མཇལ་ཏེ། བོད་ཀྱི་གནས་སྟངས་ག་འདྲ་ཡིན་པ་སྙན་སྒྲོན་དང་། གལ་ཏེ་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་ན། མཐུན་འགྱུར་གནང་དགོས་པའི་སྐུལ་མ་གནང་ཞིང་། དེའི་རྐྱེན་གྱིས་དངོས་སུ་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་དུས་ས་མཚམས་ནས་སྣེ་ལེན་དང་ཕེབས་ལམ། བཞུགས་གནས་བཅས་ཀྱི་ཐད་སྟབས་བདེ་བྱུང་བ་མ་ཟད། རིམ་གྱིས་བོད་མི་བཙན་བྱོལ་དུ་འབྱོར་མཁན་ཡོངས་ལ་ལམ་ཁ་ཕྱེས་ཡོད།

བོད་ས་ཡོངས་རྒྱ་དམར་གྱིས་བཙན་བཟུང་བྱས་པ་དང་བསྟུན་ཏེ། སྐུ་ཉིད་ནས་སྣེ་ཁྲིད་དེ་མཉམ་འབྲེལ་རྒྱལ་ཚོགས་ལ། བོད་ནི་ལོ་རྒྱུས་ཁྲོད་རྒྱ་ནག་ལས་ཐ་དད་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དངོས་ལེན་དགོས་པའི་འབད་བརྩོན་རྒྱུན་མཐུད་གནང་སྟབས། རྒྱལ་ཚོགས་སུ་བོད་ནི་ལོ་རྒྱུས་སྟེང་རྒྱ་ནག་ལས་ཐ་དད་རང་བཙན་རྒྱབ་ཁབ་ཅིག་ཡིན་པའི་གྲོས་ཆོད་ཐེངས་གཉིས་འཇོག་ཐུབ་ཡོད། དེ་བཞིན་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ཤིག་ཆེད་དུ་བསྐོངས་ཏེ། ཁྲིམས་ལུགས་གཞིར་བཟུང་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་མིན་ཐག་གཅོད་དགོས་པའི་བླངས་བྱ་བཏོན་པར། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་བོད་ནི་རང་བཙན་རྒྱལ་ཁབ་ཅིག་རེད་ཅེས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ཡོད།

བོད་དུ་འབྱུང་བཞིན་པའི་རྒྱ་དམར་གྱི་བཙན་འཛུལ་སྡུག་ཏུ་འགྲོ་བཞིན་པ་དང་། རྒྱ་གར་དང་ཨ་རིའི་གཞུང་ལ་སྐུ་ཉིད་ནས་སྙན་གསན་ཞུས་པ་དང་། ཨ་རིའི་གསང་ལས་ཁང་གིས་རོགས་སྐྱོར་ཅི་དགོས་གནང་རྒྱུའི་ཁས་ལེན་བྱས་ཤིང་། སྐབས་དེར་བོད་དུ་མདོ་དབུས་ཁམས་གསུམ་ནས་དང་བླང་དམག་མི་ཇེ་མང་དུ་འགྲོ་བཞིན་པ་དང་། ཁོང་ཚོས་རྒྱ་དམར་ལ་འགོག་རྒོལ་བྱེད་བཞིན་ཡོད་དུས། དེ་དག་ལ་གོ་མཚོན་གྱི་རོགས་རམ་དང་དམག་འཁྲུག་ལ་སྦྱོང་བརྡར་གལ་ཆེན་ཡིན་ཚུལ་ཞུས་པས། ཨ་རིའི་གསང་ལས་ཁང་གིས་གོ་མཚོན་གྱི་རོགས་རམ་དང་། བོད་མི་སྐོར་ཞིག་ལ་ཨ་རིའི་ས་ཐོག་ནས་དམག་སྦྱོང་ཡང་སྤྲད་ཅིང་། བལ་བོད་ས་མཚམས་གློ་ཁུལ་དུ་སྒྲིག་འཛུགས་གསར་དུ་བཙུགས་ཏེ། དུས་ཡུན་གང་འཚམ་རིང་ཁོང་ཚོས་རྒྱ་དམག་ལ་འཇབ་རྒོལ་ཡང་ཡང་བྱས་ཡོད།

རྒྱ་དཀར་ནག་གཉིས་ཀྱིས་འཕགས་བོད་ས་མཚམས་སུ་དམག་འཁྲུག་བརྒྱབ་པ་དང་། གནམ་གཤིས་དང་ས་བབ་ཀྱི་དབང་གིས་རྒྱ་གར་ལ་ཕམ་ཉེས་བྱུང་བ་དང་འབྲེལ་ཏེ། ཧི་མ་ལ་ཡའི་གནམ་གཤིས་ལ་གོམས་ཡོད་པའི་བོད་ཀྱི་དམག་སྡེ་ཞིག་མ་འོངས་པར་དགོས་མཁོ་མཐོང་སྟེ། སྐུ་ཉིད་དང་རྒྱ་གར་གསང་དོན་ཁང་གཉིས་གྲོས་མོལ་བརྒྱུད་ནས། བོད་ཀྱི་དམག་སྒར་ཨང་༢༢ འབོད་པ་གསར་འཛུགས་གནང་ཞིང་།  དེས་རྒྱ་གར་གཞུང་མང་ལ་ཕན་ཐོགས་བྱུང་ཡོད། རེད་དེ། སྐབས་དེའི་བོད་དམག་ཚོའི་ངོས་ནས་བཤད་ན། ནམ་ཞིག་རྒྱ་དམར་ལ་རང་སའི་ཆེད་དུ་དམག་འཁྲུག་ཅིག་རྒྱག་ཐུབ་པའི་རེ་བ་བཟུང་ཡོད་ཀྱང་ད་ལྟའི་བར་དུ་རེ་བ་དེ་མངོན་གྱུར་བྱུང་མེད།

བོད་པའི་ཁྲོད་རྒྱ་ནག་གཞུང་ལ་འབྲེལ་བ་འཛིན་ཐུབ་མཁན་སྐུ་ཉིད་གཅིག་པུ་དེ་རེད། ཏིན་ཞོའི་ཕིང་དང་དངོས་སུ་ཐུག་སྟེ། ༧གོང་ས་མཆོག་དང་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་གསལ་བཤད་དང་རྒྱ་གཞུང་གིས་བོད་ཐོག་སྤེལ་བའི་སྲིད་ཇུས་ལ་སྐྱོན་བརྗོད་གནང་ཞིང་། ལྷག་པར་དུ་བོད་གཞིས་བྱེས་བར་འགྲོ་འོང་ལ་སྲིད་ཇུས་ལྷུག་ཏུ་གཏོང་དགོས་སྐོར་བཤད་པར། ཏིན་ཞོའོ་ཕིང་ནས་དེ་ལྟར་ཁས་ལེན་གྱིས་ལག་བསྟར་གནང་བས། བརྒྱད་ཅུ་གྱ་གྲངས་ནས་ཧ་ལམ་ཉིས་སྟོང་བརྒྱད་ལ་ཐུག་གི་བར་ཕན་ཚུན་འགྲོ་འོང་དེས། བོད་མིའི་འཐབ་རྩོད་དང་མི་རིགས་ཀྱི་འདུ་ཤེས། ཆོས་དངརིག་གཞུང་སྲུང་སྐྱོབ་བཅས་ལ་གྲུབ་འབྲས་གང་བྱུང་བ་དེ་སྐུ་ཉིད་ཀྱི་འཇོན་ཐང་དང་ཁ་འབྲལ་ཐབས་མེད།

བོད་ཀྱི་གནད་དོན་འདི་སེལ་དགོས་ན། རྒྱ་གཞུང་དང་མཉམ་དུ་སྐད་ཆ་མ་བཤད་ན་འགྲོ་ས་མེད་དུས། བོད་རྒྱ་འབྲེལ་མོལ་སྔར་ཕྱི་ཐེངས་འགར་བྱེད་ཐུབ་ཡོད་དེ། ཐོག་མར་སྐུ་ཉིད་ཀྱིས་སྒེར་འབྲེལ་བརྒྱུད་ནས་རྒྱ་དཔོན་མཉམ་དུ་འབྲེལ་བ་བཟུང་། དེ་ནས་བོད་མིའི་སྒྲིག་འཛུགས་ལའང་སྐད་ཆ་བཤད་དེ། ཕྱོགས་གཉི་ཀ་མདུན་ལྕོག་གཅིག་གི་སྟེང་དུ་ཁྲིད་དེ། ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་ཅི་ཡིན་གདོང་དང་གདོང་ཐུག་སྟེ་བཤད་ཐུབ་ཡོད། དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་དང་། བོད་ཀྱི་གནད་དོན་སེལ་ཐུབ་པའི་ཐབས་ལམ་ནས་བཟུང་འགྲེལ་བཤད་བརྒྱབ་ཡོད། རེད་དེ་སྐུ་ཉིད་ནས་རྒྱ་བོད་བར་འབྲེལ་མཐུད་ཀྱི་་ཕྱག་ལས་མཚམས་བཞག་པ་དང་མཉམ་དུ། བོད་རྒྱ་འབྲེལ་མོལ་ཡང་གཞན་སུ་གང་ཡང་མཐུད་མཁན་མ་བྱུང་བར་ད་བར་ལྷག་སོང་།

མི་སྐོར་ཞིག་ལ་གོ་སྐབས་ཤིག་བྱུང་ན། གཞུང་དོན་རྒྱབ་ནས་རང་ཉིད་ལ་རྒྱས་སྤྲོས་དང་རང་ཕོར་གསེར་གྱིས་ཤན་ནི་ཚོར་བལྟས་ན། སྐུ་ཉིད་ཀྱིས་ཀ་ལོན་ཕུག་ཏུ་ལྟོ་རྒྱབ་ཆེད་དུ་ཐུག་པའི་བཟོ་གྲྭ་ཆེས་དཀྱུས་མ་ཞིག་གཉེར་ཞིང་། འཚོ་བ་སྟབས་བདེའི་ངང་སྐད་ཆ་རྫིག་པོ་དང་ཆེན་པོ་མི་ཤོད་པར་ཧ་ཅང་དཀྱུས་མའི་སྐད་ཆའི་ནང་གནད་དོན་མང་པོ་ཤེས་རྒྱུ་ཡོད་ཅིང་། ངས་བྱས་རབས་དང་འཇོན་རབས་བཞག་སྟེ། རྒྱ་དཔོན་ཚོས་ང་ལ་དགའ་བོ་དང་ངའི་སྐད་ཆར་ཉན་གྱིན་འདུག་ཅེས་ཡང་ཡང་གསུང་མྱོང་ཡོད། ངའི་སྐད་ཆ་ལ་ཉན་གྱི་འདུག་ཅེས་པར་གོ་རྒྱུ་དམིགས་བསལ་ཡོད་ཅིང་། རྒྱ་དཔོན་ཚོ་ལས་སླ་བོ་སྐད་ཆར་ཉན་ནི་ཞིག་ཡིན་དང་མིན་ཚང་མས་ཤེས་གསལ་རེད།

བོད་ཀྱི་ཉེ་བའི་ལོ་རྒྱུས་ཁྲོད་སྐུ་ཉིད་ཆབ་སྲིད་ཀྱི་གོ་རྟོགས་དང་། སྐད་ཡིག་སྣ་མང་གི་ཤེས་ཚད། དཔོན་རིགས་དང་དཔོན་རིགས་བར་ཐོག་མར་སྒེར་འབྲེལ་བརྒྱུད་ནས་གཞུང་འབྲེལ་ལ་སྟབས་བདེ་སྐྲུན་ཐུབ་མཁན། ཕན་ཚུན་སྐད་ཆ་ཤོད་སྐབས་གཉིས་ཕན་གྱི་རྨང་གཞིའི་སྟེང་དགོས་པའི་གནད་དོན་དེ་མདུན་ལ་འདེད་ཐུབ་པ། མ་འཚམས་པའི་ལས་ཀ་དེས་རང་གཞན་ཚང་མར་ཕན་ཐོགས་མེད་པའི་རྒྱུ་མཚན་ཟུར་ནས་དྲངས་ཏེ། ཡང་དག་པའི་ཐབས་ལམ་ཞིག་བརྒྱུད་དེ་གནད་དོན་སེལ་འཐུབ་ཅིང་། དཔོན་རིགས་ཤིག་ལ་མཚོན་ན་གནད་དོན་མེད་ན་དཔོན་གོ་ཆོད་པ་ཡིན་ལ། གནད་དོན་སེལ་ཐུབ་པའི་བློ་ཁོག་ངེས་པར་དུ་ཡོད་དགོས་པའི་བླངས་བྱ་རྒྱ་དཔོན་ཚོར་འདོན་ཐུབ་མཁན་སྐུ་ཉིད་གཅིག་པུ་དེ་ཡིན་སྟབས། ངས་ནི་སྐུ་ཉིད་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཕྱི་འབྲེལ་མི་སྣ་ཁྱད་དུ་འཕགས་པ་གཅིག་པུ་དེ་རེད་ཅེས་བཤད་ཐུབ།

མཐོ་འདོད་གྲགས་འདོད་ཀྱི་བསམ་བློ་རང་རྒྱུད་ལ་དཀོན་པའི་དབང་གིས། བརྙན་འཕྲིན་ཁང་དང་གསར་འགོད་ཚོའི་བཅར་འདྲི་དང་ལེན་བྱས་པ་ཧ་ཅང་ཉུང་ཉུང་རེད། དེར་གཞིགས་ན་ཁོང་ཆབ་སྲིད་པ་ཆོག་ཤེས་ཅན་ཞིག་ཀྱང་རེད། ཁ་གཞན་ཞིག་ཏུ་བསྒྱུར་ནས་བཤད་ན། གནད་དོན་གང་ཡིན་དོན་ལ་འགྲུབ་དགོས་པ་ལས་དེ་ས་བསྒྲགས་གནམ་བསྒྲགས་བྱས་ན་ཕན་ལས་གནོད་ཆེ་བའི་གནས་ཚུལ་འབྱུང་གི་ཡོད་པས་ཡིན་སྲིད་ཅིང་། ཆབ་སྲིད་པ་ཚོས་སྐད་ཆ་གང་བྱུང་བཤད་རྒྱུ་མང་དྲགས་ན་རྙོག་དྲ་བཟོས་པ་མང་བས་ཡིན་སྲིད།

དྲང་མོ་བཤད་ན། མི་ཞིག་གི་དོན་དམ་པའི་རིན་ཐང་ཤེས་རྒྱུ་ལས་སླ་བོ་ག་ལ་ཡིན། བོད་པའི་སྤྱི་ཚོགས་ལ་མཚོན་ན། སྐུ་ཉིད་ལྟ་བུའི་རིན་ཐང་ཅན་ཞིག་བྱོན་ནའང་། བོད་པས་དེ་ཤེས་མི་ཐུབ། དེ་ལྟར་བསམས་ན། མི་ཞིག་གི་རིན་ཐང་སྤྱི་ཚོགས་འདིས་མི་རྟོགས་ཁོ་ཐག་རེད། བོད་མི་རིགས་འདིའི་ཀླད་པ་ཕྱེད་ཀ་འབུ་ཡིན་ཁོ་ཐག་རེད། ཡང་ན་ནི། ང་ཚོའི་མེས་པོ་གོང་མ་ཚོའི་ཐོག་ཡོད་པའི་ལེགས་བྱང་མང་པོ་ཞིག་ང་ཚོའི་ལུས་ཐོག་ནས་ཉམས་ཚར་བ་ཡིན་དུས། མིའི་རིན་ཐང་རྟོགས་པའི་རྣམ་དཔྱོད་དེ་ཡང་ཉམས་ཚར་འདུག་གོ།།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

སྐར་མ ༡༠ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese