ཆོ་འཕྲུལ་ཟླ་བའི་དུས་ཆེན་ཉིན་གསུང་ཆོས་བསྩལ།
ལོ་ལྟར་ཆོ་འཕྲུལ་ཟླ་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱུད་གྲྭ་སྨད་སྟོད་ཀྱིས་གཙོས་ཕྱོགས་མཐའ་ཁག་གི་དོན་གཉེར་ཅན་རྣམས་ལ་དགེ་ཚུལ་སློང་གི་བསླབ་སྡོམ་འབོགས་སྩོལ་གནང་བཞིན་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༧ ནས་དབུ་འཛུགས་ཀྱིས་ཚེས་ ༢༩ བར་ཧི་མ་ལ་ཡའི་རི་རྒྱུད་བལ་ཡུལ་དང་། འབྲུག མོན། ལ་དྭགས། འབྲས་ལྗོངས། ཁུ་ནུ། སྤྱི་ཏི། གར་ཞ་སོགས་དང་། གཞན་ཡང་། སོག་ཡུལ་དང་། ཨུ་རུ་སུ། འཇར་མན། ཨ་རི། ཝེ་དི་ནམ། ནེའུ་ཛི་ལེནྜ། མེཀ་སི་ཁོ། ནེ་དར་ལེནྜ། དབྱིན་ཡུལ། ལྷོ་ཀོ་རི་ཡ་སོགས་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་དགེ་ཚུལ་བསྒྲུབ་བྱ་ ༡༥༣ དང་། བསྙེན་རྫོགས་བསྒྲུབ་བྱ་ ༣༠༠ ཐམ་པ་ལ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་ཚིགས་སྔ་ཕྱིའི་བསླབ་སྡོམ་རྣམ་པར་དག་པ་བསྩལ་ཡོད་ལ། ཕྱི་ཟླ་ ༢ ཚེས་ ༢༤ ཉིན་དང་བོད་ཟླ་དང་པོའི་ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་། གཟུངས་སྔགས་ཡི་གེ་དྲུག་མའི་བཟླས་ལུང་། སྐྱེས་རབས་ཀྱི་བཀའ་ཆོས་གནང་སྐབས། བོད་པའི་གོམས་གཤིས་སུ་ཡོད་པའི་རིག་གཞུང་གིས་འཛམ་གླིང་དུ་ཕན་ཐོགས་ཡོང་གི་ཡོད་པ་དང་འཛམ་གླིང་གི་སྤྱི་ནོར་ཞིག་ཆགས་ཡོད་པའི་བཀའ་བསྩལ།
བྱམས་སྙིང་རྗེའི་སྤྱོད་པ་ལ་འཇུག་པ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད།
ཕྱི་ཟླ་ ༤ ཚེས་ ༨ དང་ ༩ ཉིན་གཉིས་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་ཧར་ཝར་ཌི་ཀེ་ནི་ཌི་གཙུག་ལག་སློབ་ཆེན་ (Harvard Kennedy School) གྱི་མགོ་ཁྲིད་དང་བདེ་སྐྱིད་སྦྱོང་བརྡར་ཁང་གི་སློབ་དཔོན་དང་མཁས་དབང་ཁག་ཅིག་དང་ལྷན་དུ་ཐུན་མོང་གི་སྤྱོད་ཡུལ་ལས་འདས་པའི་རང་བཞིན་སྐོར་གྱི་བགྲོ་གླེང་མཛད། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གཉིས་ཀྱིས་ཀྱང་མའི་བརྩེ་བ་བཤད་པས་བབ་ས་གཅིག་ཡིན་ཞིང་། རིག་པས་ (intelligence) བསམ་བློ་གཏོང་རྒྱུ་མ་འཕེལ་གོང་ནས་མའི་བརྩེ་བས་བསྐྱངས་པའི་ཉམས་མྱོང་དེ་ཟབ་ཤོས་ཤིག་ཡིན། དེ་ནི་མི་གཅིག་པུ་མིན་པར་དུད་འགྲོ་ལའང་མའི་བརྩེ་བ་ཧ་ཅང་རྩ་ཆེན་ཡིན་པའི་བཀའ་སློབ་གནང་ཞིང་། ཧར་ཝར་ཌི་ཀེ་ནི་ཌིའི་སློབ་དཔོན་ཨར་ཐར་ (Professor Arthur Brooks) ལགས་ཀྱིས། མི་མང་དཀྱུས་མའི་ཁྲོད་དུ་ཚན་རིག་དང་བསམ་བློ། ཆོས་ཕྱོགས་ཀྱི་ཐོག་ནས་བརྩེ་བ་དང་བདེ་སྐྱིད་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་ལྟར་འཛམ་གླིང་ཡོངས་ལ་བརྩེ་བ་དང་བདེ་སྐྱིད་ཁྱབ་སྤེལ་བྱེད་ཐབས་བྱེད་ཀྱི་ཡོད་པའི་གསལ་བཤད་གནང་།
སོག་པོའི་དད་ལྡན་རྣམས་ལ་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་མཛད།
ཕྱི་ཟླ་ ༤ ཚེས་ ༡༩ དང ༢༠ ཉིན་གཉིས་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་བཀའ་དྲིན་བསྐྱངས། ཉིན་གཉིས་རིང་གི་གསུང་ཆོས་རིང་། ༧མགོན་པོ་གང་ཉིད་མཆོག་གིས། ང་ཚོ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་པའི་སྐབས། དེ་རིང་འདིར་ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བ་རེད། རྗེ་རིན་པོ་ཆེ་དང་ངེད་གཉིས་ཕ་ཡུལ་གཅིག་པ་རེད། རྗེ་རིན་པོ་ཆེ་འཁྲུངས་ས་དང་ངོས་རང་སྐྱེས་ས་ཐག་ཉེ་བོ་རེད། ཆོས་རྗེ་བློ་བཟང་གྲགས་པ་ཞེས་གསུངས་པ་ནང་བཞིན་ངོས་ལའང་བློ་བཟང་གྲགས་པ་ཞེས་ཕལ་ཆེར་ལབ་ཆོག་གི་རེད། ངོས་ཀྱི་མི་ཚེ་འདི་ལ་ཕྱི་མིག་བལྟས་པ་ཡིན་ན་བསྟན་པའི་བྱ་བ་སྤྱི་དང་། བྱེ་བྲག་ཏུ་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་། འགྲོ་བའི་དོན་དུ་ཞབས་འདེགས་གང་འཚམ་བསྒྲུབས་ཡོད། འཛམ་གླིང་སྤྱི་ཡོངས་ལ་མཚོན་ནའང་། ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཞི་བདེ་ཡོང་བ། དེ་བཞིིན་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་གཅིག་ལ་ཆོས་ལུགས་ཚང་མ་མཐུན་འབྲེལ་བྱེད་པ་ལ་ངོས་ཀྱིས་བྱས་རྗེས་གང་འཚམ་བཞག་ཡོད། འཛམ་གླིང་འདིར་རྗེ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པའི་ཨ་མདོ་བ་ཞིག་གིས་དུས་ཚོད་གཉན་འཕྲེང་འདིའི་སྐབས་སུ་རྗེ་རིན་པོ་ཆེའི་དགོངས་པ་དང་མཐུན་པའི་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཡོད། ང་རང་གི་ངོས་ནས་ཆ་བཞག་ནའང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ཁྱོད་རང་ཚོ་ཆོས་གྲོགས་ཚོར་འདི་ཞུ་འདོད་བྱུང་། ང་ཚོ་ཚང་མ་སྤྱི་ཡོངས་ཀྱི་ཆ་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཆགས་ཡོད། གཉིས་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། བྱེ་བྲག་ཏུ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་ཟབ་པ་དང་རྒྱ་ཆེ་བའི་གནས་མཐའ་དག་ཚང་བའི་ཆོས་ཚུལ་འདིའི་རྗེས་འབྲང་ཆགས་ཡོད། ཅེས་གསུངས། སྐབས་དེར་སོག་པོའི་དད་ལྡན་ཆོས་ཞུ་བ་ ༣༠༠ གཙོས་རྒྱབ་ཁབ་ ༧༥ ནས་ཕེབས་པའི་ཆོས་ཞུ་བ་ ༦༢༠༠ བརྒལ་ཡོད།
བོད་ཀྱི་ལྷ་མོའི་འཁྲབ་སྟོན་པ་དང་བུད་མེད་ཚོགས་པའི་ཚོགས་བཅར་བ་རྣམས་ལ་བཀའ་སློབ་བསྩལ།
ཕྱི་ཟླ་ ༤ ཚེས་ ༢༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ལྷ་མོ་ཚོགས་པ་ཁག་ཅིག་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་གནང་སྐབས། ལྷ་སའི་ཞོ་སྟོན་སྐབས་ངོས་རང་ལ་གུང་གསེང་རག་པའི་དུས་ཚོད་ཡག་ཤོས་དེ་ཡིན་སྟབས་ཞོ་སྟོན་རན་གྱི་འདུག་ལབ་དུས། ཧེབ་ལངས་ནས་སྡོད་ཀྱི་ཡོད། ཞོ་སྟོན་ལ་རྒྱང་དཀར་བ། ཅུང་པ་བ། སྐྱོར་མོ་ལུང་བ་བཅས་ཉིན་མ་བཞིའི་རིང་ཡོད། རྣམ་ཐར་བཏང་བའི་སྐབས་སུ་ངོས་ཀྱིས་རྣམ་ཐར་ལ་ཉན་ནས་བསྡད་པས་ཚོར་བ་སྐྱིད་སྣང་ཞེ་དྲགས་ཡོད་ལ། དེ་རིང་འདིར་ཁྱེད་རང་ཚོས་ང་ཚོའི་ཞོ་སྟོན་རྗེས་དྲན་གྱི་གླུ་གར་འཁྲབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ཆུང་ཆུང་སྐབས་ལྷ་མོའི་རྣམ་ཐར་མང་པོ་གོ་ཡོད་པའི་ཁྲོད་རྒྱང་དཀར་བའི་རྣམ་ཐར་དེ་གཟི་བརྗིད་ཆེན་པོ་ཡོད། ཅེས་དང་། འཛམ་གླིང་འདིའི་སྒང་ལ་བུད་མེད་ལ་སྐབས་རེར་མཐོང་ཆུང་བྱེད་ཀྱི་ཡོད་ཀྱང་། ལུང་པ་ཚང་མའི་ནང་གི་རིག་གཞུང་དང་གོམས་གཤིས་བདག་པོ་རྒྱག་མཁན་གཙོ་བོ་དེ་བུད་མེད་ཚོ་ཆགས་ཡོད་པའི་བཀའ་སློབ་བསྩལ།
མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།
ཕྱི་ཟླ་ ༥ ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་མགོན་པོ་གང་ཉིད་མཆོག་གིས་བཀའ་རྩོམ་མཛད་པའི་ཇོ་བོའི་གསོལ་འདེབས་རྒྱལ་ཀུན་ཐུགས་རྗེ་མའི་ལྗགས་ལུང་དང་བཀའ་སློབ་བཀའ་དྲིན་གནང་སྐབས། དེ་རིང་འདིར་ལྷག་བསམ་རྩེ་གཅིག་གི་ཐོག་ནས་མ་ཎི་ཡིག་དྲུག་བསགས་པ་ལ་ཧ་ཅང་དགོས་པ་ཆེན་པོ་འདུག གང་ལྟར་མ་ཎི་བསགས་ནས་དོན་དག་དེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་གྲོགས་ཚང་མས་དགོངས་པ་བཞེས་ཀྱི་རེད་ལ་དེ་ལ་དགོངས་པ་བཞེས་ཤིག བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་བ་ཡིན་ན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཐུགས་ཀྱི་གཏིང་ནས་བརྩེ་བ་ཞིག་ཡོང་གི་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་མེད་པར་ཡིག་དྲུག་བགྲངས་པ་ཙམ་གྱིས་ཨ་བོ་ནེ་ཙོས་མ་ཎི་བགྲངས་པ་ལྟ་བུ་ཆགས་ན་དགོས་པ་མི་འདུག དེར་བརྟེན། ཚང་མས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དགོངས་པ་ཡག་པོ་བཞེས། ཞེས་གསུངས།
མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་བསྩལ།
ཕྱི་ཟླ་ ༥ ཚེས་ ༡༨ ཉིན ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཀར་ལུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོའི་བཀའ་ཆེན་བཅུ་གསུམ་ནང་གསལ་ལྷ་བཞིའི་དྲིལ་སྒྲུབ་ཀྱི་རྗེས་གནང་བཀའ་དྲིན་སྩལ་སྐབས། དེ་རིང་འདིར་བཙན་བྱོལ་བ་བྱས་ཏེ་ཡོད་པའི་དད་ལྡན་སྐྱ་སེར་མང་པོ་ཞིག་གིས་མགོན་པོ་ཕྱག་དྲུག་པ་ལ་བློ་གཏད་བཅོལ་བ་རེད། དེ་ནས་འཛམ་གླིང་ཁྱོན་ལ་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་སླེབས་པ་ཞིག་ཡོད་པ་དང་། ཏཱ་ལའི་བླ་མ་ཟེར་དུས་མགོན་པོ་ཕྱག་དྲུག་པའི་འཕྲིན་ལས་ཀྱིས་བསྐྱངས་བསྡད་པའི་གདུལ་བྱ་ཞིག་ཆགས་ཡོད། ངོས་ནས་ཧུར་ཐག་འབད་ཐག་བྱས་པ་རེད། མགོན་པོ་ཕྱག་དྲུག་པས་ཀྱང་འཕྲིན་ལས་རྒྱུན་མི་ཆད་དུ་གནང་བ་དེ་ལྟར་ཡིན། ཞེས་གསུངས།
བལ་ཡུལ་དཱི་པངྐ་ར་ནང་པའི་ལྟེ་གནས་ཁང་གི་དད་ལྡན་རྣམས་ལ་བཀའ་ཆོས་བསྩལ།
ཕྱི་ཟླ་ ༥ ཚེས་ ༢༠ ཉིན་དྷ་ས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཀོ་རི་ཡ་དང་། ཐའེ་ཝན། མཱ་ལེ་ཞི་ཡ། ཝི་ཏི་ནམ། སོག་ཡུལ། ཨ་རི། བལ་ཡུལ་དཱི་པངྐ་ར་ནང་པའི་ལྟེ་གནས་ཁང་(Dipankara Buddhist Center) གི་དབུ་འཁྲིད་ཁང་སེར་རིན་པོ་ཆེ་མཆོག་གི་དབུས་དད་ལྡན་དོན་གཉེར་ཅན་ ༤༠༠ ལྷག་ལ་མཇལ་ཁ་དང་། སངས་རྒྱས་ཆོས་ཚོགས་མ་དང་དམིགས་བརྩེ་མའི་ལྗགས་ལུང་གནང་རྗེས། དཔལ་ནལེནྡྲ་ནས་བརྒྱུད་པའི་སེམས་ཀྱི་སྦྱོང་བརྡར་བྱེད་པར་ཤིན་ཏུ་ཞིབ་ཚགས་དང་སྤུས་དག་པོ་ཡོད་པས་ཆོས་དད་མེད་མཁན་ཚོས་ཆོས་རྨོངས་དད་རེད་ཟེར་བ་དེར་རྒྱུ་མཚན་ཅི་ཡང་མེད་སྐོར་གསུངས།
ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་གི་ཚོགས་བཅར་བ་རྣམས་ལ་བཀའ་སློབ་བསྩལ།
ཕྱི་ཟླ་ ༥ ཚེས་ ༢༤ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྡ་རམ་ས་ལའི་ཕོ་བྲང་ཚོགས་ཁང་དུ་ཨེ་མོ་རི་དང་ཏཱ་ལའི་བླ་མའི་དགེ་རྩ་གཉིས་ནས་གོ་སྒྲིག་ཞུས་པའི་སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོད་ལ་དཔྱད་པ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་ཞེས་པར་ཆེད་བཅར་གནང་བའི་ཚོགས་ཞུགས་པ་ ༢༠༨ ལ་མཇལ་ཁ་དང་བཀའ་སློབ་གནང་སྐབས། ངོས་ལ་འདིར་གཞན་པ་བཤད་རྒྱུ་མེད། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་ངོས་ཀྱིས་ནམ་རྒྱུན་བཤད་བཞིན་ཡོད་པ་རེད། ཆོས་དད་ཡོད་ན་དད་པའི་ཐོག་ནས་འགྲོ་བ་གཅིག་དང་། ཆོས་དད་མེད་མཁན་ཚོར་ཡང་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་ཞིག་ཡོད། གང་ལྟར་ང་ཚོ་ཚང་མར་ཞི་བདེ་དགོས་ཀྱི་ཡོད། ང་ཚོ་ནང་པ་ཚོ་འཛམ་གླིང་འདིའི་སྤྱི་ཚོགས་ནང་གི་མི་སྣ་གཅིག་ཆགས་ཡོད་པས་སྨོན་ལམ་བརྒྱབ་བསྡད་པ་གཅིག་པུ་མ་ཡིན་པར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས།
བོད་རིགས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་ཉིན་གཉིས་རིང་མཛད།
ཕྱི་ཟླ་ ༦ ཚེས་ ༣ དང་ ༤ ཉིན་ཉིན་གྲངས་གཉིས་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་བཀའ་དྲིན་བསྐྱངས་སྐབས། ང་ཚོ་བོད་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དགའ་རབ་ཡག་པོ་རེད། ཁྱོད་ཚོ་སློབ་ཕྲུག་ཚོར་མཚོན་ན་ཤེས་རབ་ཆེ་བ། གསལ་བ། མྱུར་བ། ཟབ་པ་བཅས་ལ་དོ་སྣང་བྱས་པ་ཡིན་ན་སློབ་སྦྱོང་གང་ལ་བྱས་ཀྱང་། མགྱོགས་པོ་ཤེས་པ་དང་། མགྱོགས་པོ་ཤེས་པ་ཙམ་དུ་མ་ཟད་པའི་ཚིག་རེ་རེའི་དོན་དག་གང་ཡིན་ལ་བསམ་བློ་ཟབ་པོ་གཏོང་ཐུབ་པ་ཞིག་རེད། དེ་ཡིན་ན་དེ་ཡིན་དགོས་ཀྱི་རེད་ཟེར་བའི་བསམ་བློ་དེ་ཧ་ཅང་གལ་ཆེན་པོ་རེད། དངོས་ཟིན་གྱི་ཚིག་གིས་དོན་དག་གང་བཤད་པ་དེ་ཡིན་པ་རེད་ཟེར་བ་ཙམ་མིན་པར། དེ་ཡིན་ན་དེ་ཡིན་དགོས་ཀྱི་རེད་ཟེར་ནས་དཔྱད་པ་བྱ་རྒྱུ་གལ་ཆེན་པོ་འདུག སློབ་ཕྲུག་ཚོས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་ཆེད་ཨ་ར་པ་ཙ་ཡག་པོ་བགྲང་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་པ་ཡིན་ན་བློ་གྲོས་ཆེ་བ། གསལ་བ། མྱུར་བ། ཟབ་པ་བཅས་ཧ་ཅང་ཡག་པོ་ཡོང་ཐུབ་ཀྱི་རེད། ཁྱོད་ཚོས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ་ནས་ཨ་ར་པ་ཙ་ཡག་པོ་བགྲོངས། ཧུར་ཐག་བྱོས། ཞེས་གསུངས།
ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་རྣམས་ལ་ཆོས་འབྲེལ་བསྩལ།
ཕྱི་ཟླ་ ༩ ཚེས་ ༡༢ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པ་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཤར་ཨེ་ཤ་ཡ་གཙོ་བོར་གྱུར་བའི་རྒྱལ་ཁབ་ ༥༩ ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ ༥༠༠༠ བརྒལ་བར་ནང་ཆོས་སྤྱི་བཤད་ལས་བརྩམས་པའི་བཀའ་ཆོས་བསྩལ། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་ཚོ་བཙན་བྱོལ་བ་ཆགས་ནས་རྡ་རམ་ས་ལ་གནས་གཞི་བྱས་པ་རེད། ས་ཆ་འདིར་ཆོས་དད་ཡོད་མཁན་གྱི་རྒྱ་མི་གཙོ་བོར་གྱུར་པའི་ནུབ་ཕྱོགས་པ་དེ་སྔ་ཆོས་ལ་དོ་སྣང་མེད་མཁན་དང་། རྒྱུས་མེད་མཁན་ཁྲོད་དུའང་དེང་སང་དོ་སྣང་གསར་པ་སླེབས་ནས་འདིར་འདུས་ཡོང་གི་ཡོད་པ་རེད། ཆོས་ཉམས་ལེན་བྱ་རྒྱུ་ནི་བཙན་དབང་གི་ཐོག་ནས་བྱེད་ཤེས་པ་གང་ཡང་ཡོད་པ་མ་རེད། སོ་སོས་ཆོས་ཀྱི་བསམ་བློ་གཏོང་སྟངས་ཀྱིས་སེམས་ལ་ཞི་བདེ་སླེབས་པ་དང་། སེམས་ཀྱི་ཞི་བདེ་བརྒྱུད་ནས་ལུས་ཁམས་བདེ་བོ་ཡོང་བའི་ཐོག་ལ་དོ་སྣང་སླེབས་མཁན་ཇེ་མང་ཇེ་མང་ལ་འགྲོ་བཞིན་འདུག གཙོ་བོ་དེང་སང་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་རེད། ངོས་ཀྱིས་ལབ་ན་འདྲ་ཆགས་པོ་མི་འདུག་མ་གཏོགས་ངོས་རང་ལ་དད་མོས་བྱེད་མཁན་ཡང་ཇེ་མང་ཇེ་མང་ལ་འགྲོ་བཞིན་འདུག གང་ལྟར་འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ཀྱང་། དེའི་ནང་ནས་ནང་པའི་ཆོས་ལ་རྒྱུ་མཚན་གཙོ་བོ་གཅིག་ནི་སེམས་ཁམས་རིག་པ་གཙོ་བོ་བྱས་ཏེ། སེམས་ཞི་བདེ་བཟོ་རྒྱུ་གཅིག་དང་། སེམས་ཞི་བདེ་བཟོ་བའི་རྒྱུ་མཚན་ཡང་དད་པ་གཅིག་པུ་དང་། སྨོན་ལམ་བརྒྱབ་སྡོད་པ་གཅིག་པུ་མ་ཡིན་པར་བསམ་བློ་བཏང་ནས་སེམས་ཁམས་རིག་པའི་འགྲོ་སྟངས་ལ་དོ་སྣང་བྱས་པའི་ཐོག་ནས་དད་མོས་བྱེད་པ་ཞིག་ཡོང་གི་ཡོད། ངོས་ཀྱི་ངོ་ཤེས་པ་ཚན་རིག་པའི་ནང་ནས་དོ་སྣང་བྱས་ཏེ་དམིགས་བསལ་གྱིས་དགའ་མོས་བྱེད་མཁན་འདུག སེམས་ཁམས་རིག་པའི་འགྲོ་སྟངས་རྣམས་ནང་པའི་གཞུང་ལས་གསུངས་པ་དང་། ང་ཚོས་གང་ཐུབ་ཉམས་ལེན་བྱས་པའི་ལག་རྗེས་ཀྱིས་སེམས་ཀྱི་ཞི་བདེ་ཞིག་ཡོང་ཡོད་པ་དེའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་ཞིག་ཡོང་གི་འདུག ཅེས་གསུངས།
ཐའེ་ཝན་སོགས་ཀྱི་ནང་པའི་གྲྭ་བཙུན་ ༧༠ ལྷག་ལ་བཀའ་སློབ་བསྩལ།
ཕྱི་ཟླ་ ༩ ཚེས་ ༢༥ དང་ ༢༦ ཉིན་གཉིས་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གཙོས་པའི་ནང་པའི་གྲྭ་བཙུན་ ༧༠ ལྷག་ལ་དགེ་ཚུལ་གྱི་སྡོམ་པ་འབོག་ཆོག་མཛད། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་བྱས་ཏེ། ང་ཚོ་བཙན་བྱོལ་བ་ཆགས་པ་རེད། ཕྱོགས་གཅིག་ནས་བལྟས་ཚེ་སྐྱབས་མེད་མགོན་མེད་ཆགས་ཡོད་ཀྱང་། ཕྱོགས་གཞན་ནས་བལྟས་ཚེ་རང་དབང་ལྡན་པའི་ཐོག་ནས་སྟོན་པའི་ཞབས་འདེགས་སྒྲུབ་མཁན་ཆགས་ཡོད་པས། ང་ཚོ་བསོད་ནམས་ཆེན་པོ་རེད། ད་ལྟ་བར་དུ་ཚང་མས་ཧུར་ཐག་བྱས་སོང་། ད་དུང་ཡང་ཧུར་ཐག་བྱ་རྒྱུ་གལ་ཆེན་པོ་རེད། ཆོས་ཞེས་པ་ནི་ཁ་དང་ཚིག་ཙམ་མིན་པར་ལག་ལེན་དང་ཉམས་ལེན་གྱི་ཐོག་ནས་བྱེད་ཐུབ་ཚེ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཀྱི་རེད། ཅེས་གསུངས།
ཐའེ་ཝན་དད་ལྡན་མི་མང་ལ་གསུང་ཆོས་བསྩལ།
ཕྱི་ཟླ་ ༩ ཚེས་ ༣༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐའེ་ཝན་གྱི་དད་ལྡན་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་གྱི་དད་ལྡན་པ་ ༦༣༠༠ ལྷག་ལ་རྗེ་རིན་པོ་ཆེ་མཆོག་གི་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་གནང་སྐབས། དེ་རིང་འདིར་ཆོས་འབྲེལ་བྱེད་ཀྱི་ཡོད། རྗེ་རིན་པོ་ཆེ་འཁྲུངས་ས་དང་། ངོས་རང་སྐྱེ་ས་ཧ་ཅང་ཐག་ཉེ་བོ་རེད། ངོས་རང་གི་བསམ་བློ་གཏོང་སྟངས་སོགས་རྗེ་རིན་པོ་ཆེ་དང་འདྲ་བོ་ཡོད་པ་ཞིག་མཐོང་ཡོང་གི་འདུག སྤྱིར་སངས་རྒྱས་པའི་ཆོས་དང་། ཡང་སྒོས་ལྷག་པར་ཅན་དུ་བོད་གངས་ཅན་ལྗོངས་ཀྱི་བསྟན་པའི་དོན་དུ་རྗེ་རིན་པོ་ཆེས་བསམ་བཞིན་དུ་སྲིད་པ་བཟུང་བ་ཧ་ཅང་གསལ་བོ་རེད། ངོས་རང་ཡང་རྗེ་རིན་པོ་ཆེའི་རྣམ་ཐར་ནང་བཞིན་བྱས་ཏེ་བསམ་བཞིན་དུ་སྲིད་པ་བཟུང་བ་ཞིག་ཕལ་ཆེར་ཡིན་པའི་ཁུལ་རེད། ངོས་ཀྱིས་གཟབ་གཟབ་མ་བྱས་ན་རྗེ་རིན་པོ་ཆེ་ཨ་མདོ་རེད། ཨ་མདོའི་ཞབས་འདྲེན་ཞུ་གི་ཡོད། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་ཞེས་དངོས་གནས་མཚན་སྙན་ས་གསུམ་ལ་ཁྱབ་ཡོད་པ་ཞིག་རེད། ངོས་རང་ཡང་རྗེ་རིན་པོ་ཆེའི་འཁྲུངས་ཡུལ་དང་ཐག་ཉེ་བོ་དང་། ཆུང་ཆུང་སྐབས་ནས་ཆོས་རྗེ་བློ་བཟང་གྲགས་པ་ཟེར་དུས་སེམས་ཐག་ཉེ་བོ་དང་། སེམས་ཧ་ཅང་འདྲིས་ཡོང་བ་ཞིིག་ཡིན། ང་ཚོའི་གནས་སྟངས་བཙན་བྱོལ་བ་རེད། བཙན་བྱོལ་བ་ཆགས་པ་ཡིན་ཡང་། སངས་རྒྱས་པའི་ཆོས་ལ་ཡིན་གཅིག་མིན་གཅིག་ལུང་པ་ཞིག་ཡོད་དགོས་པ་མི་འདུག ད་ལྟ་སངས་རྒྱས་པའི་ཆོས་འཛམ་གླིང་ཀུན་ལ་ཁྱབ་པ་ཞིག་ཆགས་ཡོད། ངོས་རང་ལ་ཆ་བཞག་ན་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དུ་འཇམ་མགོན་བླ་མའི་བསྟན་པ་ག་ཚོད་ཡོང་ཡོང་གིས་ཉམས་ལེན་བྱེད་པ་དང་། མི་ལའང་ངོ་སྤྲོད་དང་གསལ་བཤད་བྱེད་བཞིན་ཡོད། ངོས་རང་བོད་ནས་ཐོན་པའི་རྗེས་ལ་རྡ་རམ་ས་ལར་གཞི་ཆགས་ནས་བསྡད་པ་རེད། ངོས་ཀྱིས་ཉམས་ལེན་གཙོ་བོ་ནི་རྗེ་རིན་པོ་ཆེའི་གསུང་པོ་ཏི་བཅོ་བརྒྱད་ལ་ཡང་ཡང་ལྟ་བཞིན་ཡོད། བསམ་བློའི་ནང་དུའང་ཆོས་རྗེ་བློ་བཟང་གྲགས་པ་ཟེར་དུས་གཞན་དང་མི་འདྲ་བའི་ཚོར་བ་ཞིག་ཡོང་གི་འདུག ཅེས་གསུངས།
དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་སྐབས། དད་ལྡན་སེར་སྐྱ་མི་མང་ ༣༥༠༠ བརྒལ་བས་ཕེབས་བསུའི་བསྟར་ཕྲེང་བསྒྲིགས་ཡོད་ཅིང་། ༸གོང་ས་མཆོག་གིས་སེར་སྐྱ་མི་མང་ལ་འཚམ་འདྲིའི་ཕྱག་གཡུག་གནང་ཞོར་གསུང་ཆོས་ར་བ་ནས་གཙུག་ལག་ཁང་གི་དགའ་ལྡན་ལྔ་མཆོད་ཆེན་མོའི་ཚོགས་མགོན་དུ་༸ཞབས་སོར་འཁོད་མཚམས། རྒྱུན་ཆགས་གསུམ་པ་ནས་དབུ་འཛུགས་ཀྱིས་བླ་མ་མཆོད་པའི་ཚོགས་འབུལ་དང་། རྗེའི་གསང་བའི་རྣམ་ཐར། ཐམས་ཅད་མཁྱེན་པ་ཆེན་པོ་དགེ་འདུན་གྲུབ་པ་དཔལ་བཟང་པོས་རང་གི་བླ་མ་དྲན་པར་གདུངས་དབྱངས་སུ་མཛད་པའི་ཤར་གངས་རི་མ། དེ་བཞིན་བདེ་གསང་འཇིགས་གསུམ་གྱི་བསྟོད་པ་དང་སྨོན་ལམ། དུས་འཁོར་སྨོན་ལམ། སྤྱི་གཤགས། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས། ཚད་མེད་ཡོན་ཏན་མ་སོགས་ཞལ་འདོན་རིམ་པར་གནང་བ་དང་། མཐར་རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་ཡུན་རིང་དུ་གནས་པའི་སྨོན་ལམ་སྐྱོན་རྗེས་ལྔ་མཆོད་ཆེན་མོའི་མཆོད་འབུལ་གནང་སྒོ་ལེགས་པར་གྲུབ་སྟེ་༧མགོན་པོ་གང་ཉིད་མཆོག་ཕྱིར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།
གསར་འགོད་པ་སྐལ་བཟང་སྦྱིན་པས་ཕྱོགས་སྒྲིག་བྱས།