ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་ཞི་ཅིན་ཕིན་དང་ལྷན་དུ་ཁ་པར་བརྒྱུད་ནས་འབྲེལ་བ་བྱུང་རྗེས་རྒྱ་ནག་ལ་འགྲུལ་བཞུད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་ཕུ་ནས་ཡུན་རིང་རེ་སྒུག་བྱས་པའི་མཐར། ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་ལྷན་དུ་སྐར་མ་ ༩༠ རིང་ཁ་པར་བརྒྱུད་གྲོལ་མོལ་བྱས་ཏེ། ད་ལྟ་ཨ་རྒྱ་གཉིས་བར་འཕྲད་བཞིན་པའི་ཚོང་གི་ཛ་དྲག་གི་བཀའ་ངལ་དག་གང་མགྱོགས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་འདུག
ཁ་པར་གྱི་ལམ་ནས་གྲོས་མོལ་བྱུང་བ་དང་། ཊོམ་ཕུ་ཡིས་སྤྱི་ཚོགས་དྲ་རྒྱའི་སྟེང་དུ། གླེང་མོལ་ཧ་ཅང་གི་ཡག་པོ་བྱུང་ཅེས་དང་། ཊོམ་ཕུས་རང་ཉིད་ཀྱི་དཔལ་འབྱོར་སྡེ་ཚན་དང་ལྷན་དུ་རྗེས་འབྲེལ་གྱི་གྲོས་མོལ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། ཊོམ་ཕུ་དང་ཞི་ཅིན་ཕིན་གཉིས་ནས་ཕན་ཚུན་གྱི་རྒྱལ་ཁབ་ལ་གདན་འདྲེན་བྱས་ཡོད་འདུག
ཊོམ་ཕུས། ཐེངས་འདིའི་གྲོས་མོལ་ཕལ་ཆེ་བ་ཚོང་དོན་སྐོར་ཡིན་པ་ལས། ཨི་རན་དང་ཡོ་ཁུ་རེན་སོགས་ཀྱི་ས་ཁམས་ཆབ་སྲིད་དང་འབྲེལ་བའི་ཐོག་གླེང་མོལ་བྱས་མེད་སྐོར་བརྗོད་འདུག་ལ། ཊོམ་ཕུས་བདེན་པའི་བརྒྱུད་ལམ་ Truth Social ཞེས་པའི་དྲ་རྒྱའི་སྟེང་དུ། ད་ལན་ཁ་པར་བརྒྱུད་སྐད་ཆ་བཤད་པ་དེ་རྒྱལ་ཁབ་གཉིས་ལ་བཟང་ཕྱོགས་མཇུག་འབྲས་ཤིག་ཆགས་ཡོད། ཅེས་བྲིས་འདུག
ད་རེས་ཀྱི་གྲོས་མོལ་ནི་མགོ་ཁྲིད་གཉིས་ཀྱི་བར་གྲོས་མོལ་མཚམས་ཆད་དེ་ཡུན་རིང་འགོར་བའི་རྗེས་སུ་བྱུང་བའི་གྲོས་མོལ་ཞིག་ཡིན་པ་དང་། འཛམ་བུ་གླིང་གི་དཔལ་འབྱོར་ཆེ་ཤོས་ཡིན་པའི་རྒྱལ་ཁབ་གཉིས་ཀྱི་བར་གྲོས་མོལ་བྱེད་འདུན་ཡོད་པ་དང་མེད་པའི་མཚམས་ན་བར་ཐག་ཆེན་པོ་ཞིག་ལྷག་ཡོད་པ་རེད། ཐེངས་འདིའི་གྲོས་མོལ་སྐབས། ཞི་ཅིན་ཕིན་གྱིས། ཨ་རི་དང་རྒྱ་ནག་གཉིས་བར་འདྲ་མཉམ་དང་གུས་བརྩི་དགོས་པའི་གནད་དོན་ཁག་སྙིང་བོར་བཞག་སྟེ། ཐུན་མོང་གི་ཁེ་ཕན་གཙོ་བོར་འཛིན་དགོས་པ་དང་། ལྷག་པར་དུ་ཨ་རིས་རྒྱ་ནག་ཐོག་བཟུང་བའི་ལྡོག་ཕྱོགས་ཀྱི་ལག་བསྟར་སྲིད་ཇུས་ཁག་མེད་པར་བཟོ་དགོས་སྐོར་ནན་བརྗོད་བྱས་ཡོད། ཅེས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་བསྒྲགས་འདུག
ཟླ་སྔོན་མའི་ནང་ཨ་རྒྱ་གཉིས་བར་ཉིན་གྲངས་ ༩༠ རིང་ཚོང་འབྲེལ་སྒོ་ཁྲལ་སྤར་རེས་མཚམས་འཇོག་དགོས་པའི་གྲོས་མཐུན་ཞིག་བཞག་ཡོད་ཀྱང་། དེའི་རྗེས་སུ་རྒྱལ་ཁབ་གཉིས་བར་རྩོད་རྙོག་མང་དག་ཅིག་བྱུང་ཡོད་པའི་ཁྲོད། ཨ་རིའི་སྲིད་འཛིན་ཊོམ་ཕུས། རྒྱ་ནག་གིས་གྲོས་མཐུན་དེར་རྩིས་མེད་རྡོག་རོལ་བཏང་བའི་སྐྱོན་འཛུགས་བྱས་ཡོད་པ་དང་། རྒྱ་ནག་གིས་ཨ་རིའི་སྐྱོན་འཛུགས་དེར་ངོས་ལེན་བྱས་མེད་ཁར། ཨ་རིས་གྲོས་མཐུན་དེར་ཁྱད་གསོད་ཚབས་ཆེན་གཏོང་མགོ་བཙུགས་ཡོད་པའི་སྐྱོན་འཛུགས་བྱས་ཡོད།
ཐེངས་འདིའི་གྲོས་མོལ་ལས་ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་འཐབ་འཁྲུག་གི་དཀའ་ངལ་ཁག་སེལ་བའི་རེ་བ་ཆེན་པོ་བྱེད་བཞིན་འདུག་ནའང་། ད་དུང་ཊོམ་ཕུ་དང་ཞི་ཅིན་ཕིན་གཉིས་དངོས་སུ་ཐུག་ཐུབ་མིན་དང་ཨ་རྒྱའི་ཚོང་འབྲེལ་གྱི་དཀའ་ཁག་སེལ་ཐུབ་མིན་སོགས་ནི་གཞི་ནས་ལྟ་དགོས་པའི་གནས་ཚུལ་ཞིག་ཡིན་པ་དབྱེ་ཞིབ་པས་བརྗོད་འདུག
ད་ལན་ནི་ཨ་རྒྱའི་སྲིད་འཛིན་གཉིས་ཀྱི་གླེང་མོལ་བྱས་པ་ཐེངས་གཉིས་པ་དེ་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ཊོམ་ཕུས་སྲིད་འཛིན་གྱི་དམ་འབུལ་མ་བླངས་གོང་ཏག་ཏག་ཏུ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་ལྷན་དུ་ཁ་པར་བརྒྱུད་ནས་གྲོས་མོལ་བྱས་ཡོད་ཅིང་། དེ་ནི་ཊོམ་ཕུའི་སྲིད་འཛིན་སྐབས་གཉིས་པའི་ཞི་དང་ལྷན་དུ་གྲོས་མོལ་བྱས་པ་ཐོག་མ་དེ་ཆགས་འདུག
བསྟན་འཛིན་ཉི་སྒྲོན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།