ཕྱི་ལོ་ ༢༠༡༦ ནས་བཟུང་དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི་རེ་རེའི་ལས་ཁུངས་སུ་རྒྱ་ནག་གཞུང་འབྲེལ་ཉིན་རེའི་ཚགས་པར་ (China Daily) རིན་མེད་འགྲེམས་སྤེལ་བྱེད་བཞིན་ཡོད་པ་བཀག་འགོག་བྱས་ཡོད་འདུག

ཉིན་ཤས་སྔོན་ཏེ་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་དབྱིན་ཡུལ་གྱི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ཨེ་ལི་ཤི་ཡ་ཁིན་སི་ (Alicia Kearns) ལགས་ཀྱི་ཨེག་སི་ (X) སྤྱི་ཚོགས་དྲ་ལམ་སྟེང་། རྒྱ་ནག་ཉིན་རེའི་ཚགས་པར་ཁང་ (China Daily) གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་བཞིན་པའི་གནད་དོན་རྫུན་བཟོ་དང་། དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་ཐབས་བྱེད་བཞིན་པ་ཐེར་འདོན་བྱས་ཏེ། གྲོས་ཚོགས་འོག་མའི་ངོས་ནས་རྒྱ་ནག་ཉིན་རེའི་ཚགས་པར་ཁང་གིས་རིན་མེད་ཐོག་ཚགས་པར་འགྲེམས་སྤེལ་བྱས་པ་མཚམས་འཇོག་གནང་བར་བཀའ་དྲིན་ཆེ། ཞེས་དང་། རྒྱ་ནག་ཉིན་རེའི་ཚགས་པར་ཁང་གིས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་དང་འབྲེལ་བའི་གནས་ཚུལ་དེ་གྲོས་ཚོགས་འཐུས་མིར་འགྲེམས་སྤེལ་བྱེད་བཞིན་པ་ཚང་མ་མཚམས་འཇོག་བྱས་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་དབྱིན་ཡུལ་གྱི་ཆབ་སྲིད་ནང་ཤུགས་རྐྱེན་སྤྲོད་ཐབས་བྱས་པ་དེ་ནོར་འཁྲུལ་ཞིག་རེད། ཅེས་གསུངས་འདུག
འདི་ལོའི་ཕྱི་ཟླ་ ༡ པོའི་ནང་དབྱིན་ཡུལ་གྱི་གྲོས་ཚོགས་འོག་མའི་ནང་རྒྱ་ནག་ཉིན་རེའི་ཚགས་པར་ཁང་གིས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པའི་གནས་ཚུལ་དྲིལ་བསྒྲགས་བྱེད་བཞིན་པའི་གནད་དོན་ཐད་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ཨེ་ལི་ཤི་ཡ་ཁིན་སི་ (Alicia Kearns) ལགས་ཀྱིས། རྒྱ་ནག་ཉིན་རེའི་ཚགས་པར་རིན་མེད་དུ་འགྲེམས་སྤེལ་བྱེད་པའི་ཐད་བསྐྱར་ཞིབ་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། སྐབས་དེར་དབྱིན་གཞུང་ནས་ལན་འདེབས་གནང་བའི་ནང་། གློག་འཕྲིན་དང་སྙན་ཐོ་བཅས་ཀྱི་གྲངས་འབོར་དང་ཁྱབ་ཚད་ཐད་ཚོད་འཛིན་བྱས་ཡོད་ལ། གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་བྱེ་བྲག་གི་གློག་འཕྲིན་དཔེར་ན་རྒྱ་ནག་ཉིན་རེའི་ཚགས་པར་ལྟ་བུ་མངག་ཉོ་བྱེད་འདོད་ན་ངེས་པར་དུ་ད་ལྟ་ཁ་གསལ་དགོས་སྐོར་དང་། ད་ལྟའི་ཆར་རྒྱ་ནག་ཉིན་རེའི་ཚགས་པར་མངག་ཉོ་གནང་མཁན་གྲོས་ཚོགས་འཐུས་མི་གཅིག་ཀྱང་མེད་སྐོར་གསུངས་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཨབ་ར་ཧམ་ (Abraham Hamadeh) ལགས་ཀྱིས། རྒྱ་ནག་ཉིན་རེའི་ཚགས་པར་ཁང་གིས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་གྱི་གནས་ཚུལ་རྣམས་གྲོད་ཚོགས་འཐུས་མིའི་གློག་འཕྲིན་གཏོང་བཞིན་པ་བཀག་འགོག་དགོས་པའི་རེ་འདུན་བཏོན་པ་ལྟར་བཀག་ཡོད་པ་རེད།
རྒྱ་ནག་ཉིན་རེའི་ཚགས་པར་ཁང་ནི་ཕྱི་ལོ་ ༡༩༨༡ ལོར་གསར་དུ་བཙུགས་པའི་རྒྱ་ནག་ནང་གི་དབྱིན་ཡིག་ཚགས་པར་ཁང་ཐོག་མ་དེ་ཡིན་ལ། ད་ལྟའི་ཆར་རྒྱ་ནག་དྲིལ་བསྒྲགས་ལྷན་ཁང་གིས་གཉེར་ནས་དབུས་ལས་ཁུངས་པེ་ཅིན་གྲོང་ཁྱེར་ཡོད་པ་དང་། ཨ་རིའི་ནེའུ་ཡོག་དང་ཝ་ཤིང་ཊོན་ཌི་སི། ལོན་ཌོན། བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་བཅས་ཀྱི་ནང་ཡན་ལག་ཁང་ཆེད་འཛུགས་བྱས་ཏེ་ཉིན་རེའི་ཚགས་པར་རིན་མེད་ཀྱིས་བཀྲམ་ནས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་རྒྱ་གང་ཆེར་གཏོང་གི་ཡོད་འདུག
བསྟན་འཛིན་ཉི་སྒྲོན་དང་། བློ་བཟང་སྒྲོལ་མ། གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།