མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་སྒྱུ་རྩལ་བའི་འགྲེམས་སྟོན་དང་། རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན།

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

སིང་གར་པུར་རྟེན་གཞི་བྱས་པའི་སྦི་སྦི་སི་གསར་འགོད་པ་ Tessa Wong གིས་གནས་ཚུལ་སྤེལ།
ཚེ་རིང་དོན་གྲུབ་ཀྱིས་བོད་ཡིག་ཏུ་བསྒྱུར།
རྩོམ་ཁུངས། བོད་ཀྱི་དུས་བབ།

འདྲ་པར་འདིའི་ནང་གསལ་བ་ནི་བོད་རིགས་སྒྱུ་རྩལ་བ་བསྟན་འཛིན་མི་འགྱུར་དཔལ་སྒྲོན་ལགས་ཀྱིས་སྒྲིག་སྦྱོར་བྱས་པའི་སྒྱ་རྩལ་བརྩམས་ཆོས་ཡིན་ཞིང་། རྗེས་ལ་འདྲ་པར་དེའི་ནང་གསལ་བའི་བོད་དང་ཡུ་གུར་གྱི་རྒྱལ་དར་ཕྱིར་འདོན་བྱས་ཡོད་པ་རེད།

བདུན་ཕྲག་གསུམ་གྱི་གོང་དུ་འབར་མའི་སྒྱུུ་རྩལ་བ་སཱའི་རྒྱལ་ས་སྦེན་ཀོག་ཏུ་འབྱོར་ཡོད། དེ་ནི་ཁོང་དང་ཁོང་གི་བཟའ་ཟླས་ཐའི་ལེནྜ་ཡི་སྒྱུ་རྩལ་ཁང་གྲགས་ཆེ་ཤོས་ཤིག་གི་ནང་གོ་སྒྲིག་བྱས་པའི་སྒྱུ་རྩལ་གྱི་འགྲེམས་སྟོན་འགོ་འཛུགས་བྱེད་པར་ཡོང་བ་ཞིག་རེད།

ད་ལྟའི་ཆར་ཁྱོ་ཤུག་གཉིས་པོ་ནི་དབྱིན་ཡུལ་དུ་བྲོལ་བྱོལ་དུ་ཕྱིན་ཡོད་ཅིང་། དེར་ཁོང་གཉིས་ཀྱིས་སྐྱབས་བཅོལ་ཞུ་འཆར་ཡོད་འདུག ཁོང་གཉིས་ཀྱི་འགྲེམས་སྟོན་ནི་དབང་འཛིན་རིང་ལུགས་ཀྱི་གཉའ་གནོན་སྐོར་ཡིན་པས། དེས་རྒྱ་ནག་གཞུང་ལ་ཁོང་ཁྲོ་བསླངས་བའི་རྐྱེན་གྱིས་འགྲེམས་སྟོན་སྟངས་འཛིན་དང་བཀག་འགོག་བྱུང་ཡོད་པ་རེད།

ཁྱོ་ཤུག་གཉིས་པོས་ཐའི་ལེནྜ་ཉེན་རྟོག་པས་ཁོང་གཉིས་འཚོལ་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་ཀྱང་། ཉེན་རྟོག་པའི་མགྲིན་ཚབ་པ་ཞིག་གིས་གནས་ཚུལ་དེར་དང་ལེན་བྱས་མ་སོང་། འགྲོ་བ་མིའི་ཐོབ་ཐང་གི་རྒྱབ་སྐྱོར་བ་ཚོས་གནས་ཚུལ་དེ་ནི་རྒྱལ་མཚམས་བརྒལ་བའི་གཉའ་གནོན་གྱི་དཔེ་མཚོན་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད།

ཕྱི་ཟླ་ ༧ ཚེས་ ༢༦ ཉིན་སྦེན་ཀོག་གི་སྒྱུ་རྩལ་དང་རིག་གཞུང་ལྟེ་གནས་ཁང་དུ་དབུ་འབྱེད་བྱས་པའི་འགྲེམས་སྟོན་དེའི་ནང་རྒྱལ་ཁོངས་རྒྱ་ནག་དང་ཨུ་རུ་སུ། ཨི་རན་སོགས་ནས་ཡིན་པའི་བཙན་བྱོལ་དུ་གྱར་བའི་སྒྱུ་རྩལ་བ་རྣམས་ཀྱི་བརྩམས་ཆོས་འགྲེམས་སྟོན་བྱེད་བཞིན་ཡོད་པས། སའི་ཡིས་བརྗོད་ན་འགྲེམས་སྟོན་དེ་དབུ་འབྱེད་བྱས་ནས་དུས་ཐུང་ཞིག་གི་ནང་སྦེན་ཀོག་གྲོང་ཁྱེར་གྱི་ལས་བྱེད་ལྷན་བཅར་ཐོག་རྒྱ་ནག་གཞུང་ཚབ་ཀྱི་མི་སྣ་ཁག་ཅིག་འགྲེམས་སྟོན་ཁང་དུ་ཐེངས་མང་སླེབས་ཡོད་འདུག

འགྲེམས་སྟོན་གྱི་བརྗོད་གཞི་ནི་ངན་པ་ལག་སྦྲེལ་གྱི་ལྷན་ཚོགས། དབང་འཛིན་རིང་ལུགས་མཉམ་སྦྲེལ་གྱི་ཐོག་ནས་སྤེལ་བའི་གོ་ལའི་མ་ལག་གསལ་སྟོན། ཞེས་པ་དེ་ཡིན་ཞིང་། འགྲེམས་སྟོན་གྱི་གཞུང་འབྲེལ་འགྲེལ་བརྗོད་ལྟར་ན་དེས་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་ཁག་གིས་ཕན་ཚུན་མཉམ་སྦྲེལ་བྱས་ཏེ་གཉའ་གནོན་གྱི་བྱ་བ་སྤེལ་བཞིན་ཡོད་པ་གསལ་སྟོན་བྱ་རྒྱུར་དམིགས་པ་ཞིག་ཡིན་འདུག

སཱའི་ཡིས་བརྗོད་ན་རྒྱ་ནག་གཞུང་གི་ལས་བྱེད་ཀྱིས་བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་སྒྱུ་རྩལ་བའི་བརྩམས་ཆོས་ལ་དགག་བྱ་བྱས་ཡོད་ཅིང་། ཐོག་མའི་ཆར་འགྲེམས་སྟོན་དེ་རྦད་དེ་སྒོ་བརྒྱབ་དགོས་པའི་དགོས་འདུན་ཀྱང་བཏོན་ཡོད་འདུག དེ་ལྟར་ནའང་སྒྱུ་རྩལ་ལྟེ་གནས་ཁང་གིས་གྲོས་མོལ་གྱི་ལམ་ནས་ཕན་ཚུན་འགྲིག་འཇགས་བྱེད་ཐུབ་པ་བྱུང་ཡོད་པ་དང་། དེ་ཡང་ཕོག་ཐུག་འགྲོ་གཞིའི་སྒྱུ་རྩལ་བརྩམས་ཆོས་དང་བརྩམས་ཆོས་ཀྱི་ཆ་ཤས་ཁག་ཅིག་གི་ཕྱིར་འདོན་བྱས་རྗེས་སུ་གཞི་ནས་འགྲེམས་སྟོན་དེ་མུ་མཐུད་དེ་སྐྱོང་དུ་བཅུག་ཡོད་འདུག

བདུན་ཕྲག་འདིའི་ནང་སྦེན་ཀོག་གི་འགྲེམས་སྟོན་དེར་ལྟ་སྐོར་དུ་བསྐྱོད་པའི་སྦི་སྦིེ་སི་ཡི་གསར་འགོད་པ་ཞིག་གིས་སྒྱུ་རྩལ་བརྩམས་ཆོས་ཀྱི་འགྲེལ་བརྗོད་ནང་གསལ་བའི་སྒྱུ་རྩལ་བ་ཁག་ཅིག་གི་མིང་ལ་བཀྲག་རྩི་ནག་པོ་བྱུགས་ཏེ་ནག་སུབ་བཏང་ཡོད་པ་མཐོང་འདུག དེ་བཞིན་བོད་དང་ཧོང་ཀོང་། ཤིང་ཅང་བཅས་ཀྱི་ཡུལ་མིང་འཁོད་ཡོད་པ་དེ་དག་ཀྱང་མི་མངོན་པ་བཟོ་ཆེད་དུ་སྒྱུ་རྩལ་བའི་ཕ་ཡུལ་དང་འབྲེལ་བའི་བརྗོད་ཚིག་ཁག་ཅིག་ཀྱང་ནག་སུབ་བཏང་ཡོད་འདུག

བོད་དང་། ཧོང་ཀོང་། ཡུ་གུར་བཅས་ཀྱི་སྒྱུ་རྩལ་བའི་མིང་རྣམས་ནག་སུབ་བཏང་ཡོད་འདུག

དགག་བྱའི་འོག་ཚུད་ཡོད་པའི་སྒྱུ་རྩལ་བརྩམས་ཆོས་མང་ཆེ་བ་ནི་བོད་རིགས་སྒྱུ་རྩལ་བ་བསྟན་འཛིན་མི་འགྱུར་དཔལ་སྒྲོན་ལགས་ཀྱི་བརྩམས་ཆོས་ཡིན་པ་དང་། སྒྱུ་རྩལ་བ་ཁོང་གིས་བཟོ་སྐྲུན་ཞུས་པའི་གློག་བརྙན་ཁག་ཅིག་བརྙན་འཕྲིན་གྱི་ཐོག་ནས་སྟོན་འཆར་ཡོད་འདུག་པའི་ནང་གློག་བརྙན་གཅིག་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་ཡིན་འདུག ཡིན་ནའང་འགྲེམས་སྟོན་སྐབས་བརྙན་འཕྲིན་གྱི་གློག་སྒོ་བཀག་ཡོད་འདུག དེ་བཞིན་བོད་དང་ཡུ་གུར་གྱི་རྒྱལ་དར་དང་། བཙན་བྱོལ་ནང་ཡོད་པའི་བོད་མིའི་ཁྱིམ་ཚང་ཞིག་གི་སྐོར་གྱི་བརྩམས་སྒྲུང་། རྒྱ་ནག་དང་ཨི་ཛི་རལ། ཤིང་ཅང་བཅས་ཀྱི་སྐོར་འཁོད་པའི་སྦྲག་ཡིག་ཤོག་བྱང་ཞིག་བཅས་ཀྱང་ཕྱིར་འདོན་བྱས་ཡོད་འདུག

སྒྱུ་རྩལ་ལས་ཁང་གི་ལས་བྱེད་ཅིག་གིས་སྦི་སྦི་སི་ལ་བརྗོད་གསལ་ལྟར་ན་ཉིན་ཤས་གོང་འགྲེམས་སྟོན་དེའི་ཐོག་སྟངས་འཛིན་དང་བཀག་འགོག་བྱུང་ཡོད་པའི་གནས་ཚུལ་དེ་དྲྭ་ཐོག་ཏུ་ཁྱབ་པའི་རྗེས་སུ་འགྲེམས་སྟོན་དེར་ལྟ་སྐོར་དུ་ཡོང་མཁན་གྱི་མི་གྲངས་མང་དུ་ཕྱིན་ཡོད་འདུག སྒྱུ་རྩལ་ལྟེ་གནས་ཁང་གི་འབྲེལ་ཡོད་འཛིན་སྐྱོང་ངོས་ནས་སྦི་སྦི་སི་ཡི་དྲི་བ་ཁག་ལ་ལན་འདེབས་གང་ཡང་བྱས་མ་བྱུང་།

ཡིན་ནའང་སྦི་སྦི་སི་ཡིས་ཤེས་རྟོགས་བྱུང་བ་ལྟར་ན་གློག་འཕྲིན་ཞིག་གི་ནང་སྒྱུ་རྩལ་ལྟེ་གནས་ཁང་དེས་བརྗོད་གསལ་དུ་ཁོང་ཚོར་”འགྲེམས་སྟོན་དེས་རྒྱ་ནག་དང་ཐའི་ལེནྜ་དབར་གྱི་རྒྱལ་འབྲེལ་ཐབས་བྱུས་ཀྱི་དཀའ་ངལ་བཟོ་ཉེན་ཡོད་པའི་ཉེན་བརྡ་བཏང་”ཡོད་འདུག གློག་འཕྲིན་དེའི་ནང་ད་དུང་ཐའི་ལེནྜ་ཡི་ཕྱི་སྲིད་བློན་ཆེན་ལས་ཁུངས་དང་སྦེན་ཀོག་གྲོང་ཁྱེར་སྲིད་གཞུང་བརྒྱུད་དེ་”རྒྱ་ནག་གཞུང་ཚབ་ཁང་གིས་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་”ཁོང་ཚོས་འགྲེམས་སྟོན་ལ་བཅོས་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཐའི་ལེནྜ་ཡི་ཕྱི་སྲིད་བློན་ཆེན་ལས་ཁུངས་དང་སྦེན་ཀོག་གྲོང་ཁྱེར་སྲིད་གཞུང་ནི་སྒྱུ་རྩལ་ལྟེ་གནང་ཁང་དེའི་རྒྱབ་སྐྱོར་བ་གཙོ་བོ་དེ་ཡིན་ཚུལ་འཁོད་འདུག

རྒྱ་ནག་གཞུང་ཚབ་ཁང་གིས་སྦི་སྦི་སི་ཡི་དྲི་བ་ཁག་ཅིག་ལ་ལན་འདེབས་ཀྱི་ཚུལ་དུ་སྤེལ་བའི་བསྒྲགས་གཏམ་ཞིག་གི་ནང་འགྲེམས་སྟོན་དེས་ཡོངས་གྲགས་ཀྱི་སྒོ་ནས་བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་རང་བཙན་གྱི་ལས་དོན་ཁྱབ་སྤེལ་བྱེད་བཞིན་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་། ཐའི་ལེནྜ་གཞུང་གིས་”དུས་ཐོག་ཏུ་བཀག་འགོག་”བྱས་པ་དེས་”འཁྱོག་བཤད་ཀྱི་བསམ་ཚུལ”དེ་ཚོའི་རིགས་ལ་”རྒྱལ་སྤྱིའི་ཐོག་འགྲེམས་བསྒྲགས་བྱ་རྒྱུའི་ཁྲོམ་རྭ་མེད་ལ་དགའ་མོས་བྱེད་མཁན་ཡང་མེད་པ་”གསལ་སྟོན་བྱས་ཡོད་ཚུལ་བརྗོད་འདུག བསྒྲགས་གཏམ་དེའི་ནང་ད་དུང་འགྲེམས་སྟོན་དེས་“དོན་དངོས་ལ་ཁྱད་གསོད་དང་།་་་་་་ རྒྱ་ནག་གིས་བོད་དང་ཤིང་ཅང་། ཧོང་ཀོང་བཅས་ཀྱི་ཐོག་བཟུང་བའི་སྲིད་བྱུས་ལ་ཁྱོག་བཤད། རྒྱ་ནག་གི་དོ་ཁུར་བྱ་ཡུལ་གཙོ་བ་རྣམས་དང་ཆབ་སྲིད་ཀྱི་ཆེ་མཐོང་ལ་གནོད་སྐྱོན་གཏོང་བཞིན་ཡོད་པ་དང་།“ “སྐྱེ་བོ་སུས་་རིག་གཞུང་དང་སྒྱུ་རྩལ་གྱི་བྱ་གཞག་བརྗེ་ལེན་ལ་ཁ་གཡར་ནས་རྒྱ་ནག་གི་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་དང་ཆབ་སྲིད་ལྐོག་གཡོའི་ལས་དོན་སྤེལ་ཐབས་བྱས་དེ་ལ་རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་ཀྱི་ཡོད།” ཅེས་བརྗོད་འདུག

ཡིན་ནའང་བསྒྲགས་གཏམ་དེའི་ནང་རྒྱ་ནག་གཞུང་གི་ལས་བྱེད་པས་ཐའི་ལེནྜ་དབང་འཛིན་པ་དང་སྒྱུ་རྩལ་ལྟེ་གནས་ཁང་ལ་གནོན་ཤུགས་སྤྲད་ཡོད་པའི་བསྙོན་འཛུགས་ཐད་གསལ་བཤད་གང་ཡང་བྱས་མི་འདུག

བསྟན་འཛིན་མི་འགྱུར་དཔལ་སྒྲོན་ལགས་ཀྱི་གློག་བརྙན་རྣམས་སྟོན་བྱེད་ཀྱི་བརྙན་འཕྲིན་གྱི་གློག་སྒོ་བཀག་ཡོད་འདུག

འགྲེམས་སྟོན་དེའི་གོ་སྒྲིག་པ་དང་འགྲེམས་སྟོན་ནང་ཞུགས་མཁན་གྱི་སྒྱུ་རྩལ་བ་ཚོས་རྒྱ་ནག་གི་ཉེས་འཛུགས་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད།

བསྟན་འཛིན་མི་འགྱུར་དཔལ་སྒྲོན་ལགས་ཀྱིས་ཁོ་རང་གི་གློག་བརྙན་ནང་”སེམས་གཏིང་ནས་བརྗོད་པའི་གཏམ་བརྒྱུད་རྣམས་གསལ་སྟོན་དང་། རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེད་ཀྱི་བརྡ་ལན་ཞིག་བཏང་ཡོད་པ་དང་།” སྟངས་འཛིན་དངབཀག་འགོག་དེ་ནི་རྒྱ་ནག་གཞུང་གིས་”འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི་རྣམས་ལ་བཙན་གནོན་བྱ་རྒྱུ་དང་མེད་པ་བཟོ་རྒྱུའི་ལས་འགུལ་”གྱི་ཆ་ཤས་ཤིག་ཡིན་པ་བརྗོད་བྱུང་།

“ངས་མི་མང་གི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ནའང་། ༼སྒྱུ་རྩལ་བརྩམས་ཆོས་དེའི་ནང་༽ རང་བཙན་གསལ་བྱེད་ཀྱི་མཚོན་རྟགས་དང་ཁྱབ་བསྒྲགས་རིགས་གང་ཡང་མེད།” ཅེས་ཁེ་ལཱ་རཱ་ཁྲུན་གྱིས་བརྗོད། ཁོང་ནི་འགྲེམས་སྟོན་དེར་ཞུགས་མཁན་གྱི་ཧོང་ཀོང་གི་སྒྱུ་རྩལ་བ་ཞིག་ཡིན་ཞིང་ཁོང་གི་མིང་ཡང་ནག་སུབ་བཏང་ཡོད་པ་རེད། ཡིན་ནའང་ཁོང་གིས་སྤེལ་བའི་དབྱིན་ཡུལ་ནང་རྒྱ་ནག་གིས་བྱ་ར་བྱེད་ཚུལ་ཐོག་གི་བརྩམས་ཆོས་ལ་བཀག་འགོག་གང་ཡང་བྱུང་མེད་པ་རེད་འདུག

སཱའི་ཡིས་རྒྱ་ནག་ལས་རང་བཙན་མ་ཡིན་པར། “ང་ཚོས་སྨྲ་བརྗོད་རང་དབང་དང་། རང་ཐག་རང་གཅོད། རང་གི་ངོ་བོ་ངོས་འཛིན་་་་་་་་་་་ སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁྱབ་སྤེལ་བྱེད་བཞིན་ཡོད།” ཅེས་དང་། “ང་ཚོའི་འགྲེམས་སྟོན་དེས་དབང་འཛིན་རིང་ལུགས་ལ་འགོག་རྒོལ་བྱེད་མཁན་གྱི་སྒྱུ་རྩལ་བ་རྣམས་ལ་སྡིངས་ཆ་ཞིག་སྤྲོད་ཀྱི་ཡོད། དེ་དག་ནི་རྒྱུན་དུ་རང་ཉིད་ཀྱི་རྒྱལ་ཁབ་ནང་སྒྲོག་ཏུ་མ་བཅུག་པའི་འབོད་སྒྲ་ཞིག་ཆགས་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་འགྲེམས་སྟོན་དེ་སྒོ་བརྒྱབ་ཏུ་འཇུག་ཐབས་བྱེད་བཞིན་པའི་དངོས་དོན་དེས་སྒྱུ་རྩལ་བ་ཚོས་གསལ་སྟོན་བྱེད་བཞིན་པའི་གནད་དོན་རྣམས་ར་སྤྲོད་བྱེད་པ་ཞིག་ཆགས་ཡོད།”ཅེས་བརྗོད།

ང་གཉིས་འཐོན་དགོས་པ་གསལ་རྟོགས་བྱུང་།

སཱའི་དང་ཁོ་རང་གི་བཟའ་ཟླས་ཐའི་ལེནྜ་ནས་འཐོན་རྒྱུའི་ཐག་གཅོད་བྱས། དེ་ནི་ཁོང་གཉིས་ལ་དེ་སྔ་འབར་མ་འབོད་པའི་ད་ལྟའི་མཱའི་མར་ཡུལ་དུ་ཕྱིར་སློག་བྱེད་མི་ཡོང་ངམ་སྙམ་པའི་སེམས་འཁྲལ་བྱུང་ཡོད་ཅིང་། སཱའི་ཡིས་མཱའི་མར་གྱི་དམག་མིའི་གྱེན་ལོག་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྐྱེན་གྱིས་མཱའི་མར་རུ་སླེབས་ཚེ་ཁོ་རང་ལ་སྡུག་སྦྱོང་གཏོང་ངེས་ཡིན་པའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད་པས་རེད།

འགྲེམས་སྟོན་འགོ་ཚུགས་ནས་ཉིན་གཉིས་ཀྱི་རྗེས་སུ་ཁྱོ་ཤུག་གཉིས་པོ་སྦེན་ཀོག་ཏུ་ཡོད་པའི་ཁོ་གཉིས་ཀྱི་སྡོད་ཁང་ཕྱོགས་སུ་སྐྱོད་བཞིན་པའི་སྐབས་ཐའི་ལེནྜ་ཉེན་རྟོག་པས་ཁོང་གཉིས་འཚོལ་ཞིབ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད། སྦི་སྦི་སི་ཡིས་ཤེས་རྟོགས་བྱུང་བ་ལྟར་ན་ཁྱོ་ཤུག་གཉིས་པོར་སྒྱུ་རྩལ་ལས་ཁང་གི་ལས་བྱེད་ཀྱི་བརྡ་འཕྲིན་འབྱོར་བའི་ནང་ཉེན་རྟོག་པ་འགྲེམས་སྟོན་ཁང་དུ་སླེབས་ཡོད་པ་དང་། ཉེན་རྟོག་པས་ཁོང་གཉིས་ཀྱི་ཁ་པར་ཨང་གྲངས་བླངས་ཡོད་སྐོར་གྱི་ཉེན་བརྡ་བཏང་ཡོད་འདུག

སྐབས་དེར་”ང་གཉིས་རྒྱལ་ཁབ་དེ་ནས་འཐོན་དགོས་པ་གསལ་རྟོགས་བྱུང་།” ཞེས་སཱའི་ཡིས་བརྗོད།

ཁྱོ་ཤུག་གཉིས་པོས་དེ་མ་ཐག་དབྱིན་ཡུལ་དུ་སྐྱོད་མཁན་གྱི་གནམ་གྲུ་སྔ་ཤོས་ཀྱི་འཛིན་བྱང་ཉོ་སྒྲུབ་བྱས། “ང་གཉིས་ལ་སོ་སོའི་ཅ་ལག་རྣམས་བསྡུ་གསོག་བརྒྱབ་རྒྱུར་སྐར་མ་ཁ་ཤས་ལས་མེད། ངའི་བཟའ་ཟླ་ནི་འདར་གསིག་བརྒྱབ་ཀྱི་འདུག་པས་མོ་རང་གིས་ཅ་ལག་བསྡུ་གསོག་བརྒྱབ་ཐུབ་ཡག་མི་འདུག”ཅེས་སཱའི་ཡིས་བརྗོད།

ཁོང་གཉིས་ལ་བརྡ་འཕྲིན་དེ་འབྱོར་བའི་རྗེས་ཀྱི་ཆུ་ཚོད་ཁ་ཤས་ཤིག་གི་ནང་ཁོ་གཉིས་རྒྱལ་ཁབ་དེ་ནས་ཐོན་ཕྱིན་པ་རེད།

ཐའི་ལེནྜ་ཡི་རྒྱལ་ནང་ཉེན་རྟོག་པའི་མགྲིན་ཚབ་པ་ཨ་ཆཱ་ཡོང་ཀ་རིའི་ཐོང་གིས་ཁོང་རང་ལ་ཉེན་རྟོག་པས་སཱའི་འཚོལ་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་རིགས་གང་ཡང་འབྱོར་མེད་པ་དང་། ཉེས་འཛུགས་དེ་ནི་ཁ་གསལ་པོ་མེད་པས་ར་སྤྲོད་བྱེད་དཀའ་བ་ཡིན་པ་དང་། “གནས་ཚུལ་ཁ་གསལ་པོ་ཞིག་མ་བྱུང་བར་ང་ཚོས་དེའི་ཐོག་ལ་གསལ་བཤད་བྱེད་ཐུབ་ཐབས་མེད། གལ་སྲིད་དཔང་རྟགས་གང་འཚམ་ཞིག་རག་པ་ཡིན་ན་ང་ཚོས་གནས་ཚུལ་དེ་དངོས་གནས་བྱུང་ཡོད་མེད་ཐོག་གསལ་བཤད་བྱེད་ཐུབ་ངེས་རེད་” ཅེས་བརྗོད།

མཱའི་མར་ཡུལ་གྱི་སྲིད་དབང་དམག་མིས་བཙན་འཕྲོག་བྱུང་རྗེས་ཕྱི་ལོ་ ༢༠༢༡ ལོར་ཁྱོ་ཤུག་གཉིས་པོ་རང་ཁྱིམ་བཞག་ནས་བྲོས་བྱོལ་དུ་སོང་ཡོད་པ་རེད། སཱའི་ཡི་པཱ་ལགས་ནི་ལྕམ་ཨན་སཱན་སུ་སྐྱིད་ཀྱི་དེ་སྔའི་མང་གཙོ་ཚོགས་པའི་ཚོགས་མི་ཞིག་དང་། མཱའི་མར་གྱི་མངའ་སྡེ་ཆེ་ཤོས་ཧྲན་གྱི་སྤྱི་ཁྱབ་བློན་ཆེན་ཟུར་པ་ལཱིན་ཧཱ་ཏུ་ཞུ་བ་དེ་ཡིན་པ་རེད། སཱའི་ཡི་ཨ་མ་ལགས་ནི་ཟླ་བ་འགའ་ཞིག་གི་རིང་བཟང་བཙོན་འོག་བཞག་ཡོད་ཅིང་། ད་ལྟ་ཡིན་ནའང་དམ་བསྒྲགས་ཆེ་བའི་ལྟ་ཞིབ་འོག་གནས་མུས་ཡིན་པ་རེད།

སཱའི་ཡིས་ཁོང་གི་པཱ་ལགས་ཀྱི་སྟེང་དུ་འགེལ་བའི་ནག་ཉེས་རྣམས་རྫུན་བཟོ་བྱས་པ་ཞིག་ཡིན་པ་དང་། ཁོང་གི་པཱ་ལགས་ནི་ཆབ་སྲིད་ཀྱི་བཙོན་པ་ཞིག་ཡིན་ཚུལ་ཡུན་རིང་ནས་བརྗོད་བཞིན་ཡོད་ལ། ཁོང་གིས་དམག་མིའི་གྱེན་ལོག་སྲིད་གཞུང་ལ་སྐྱོན་འཛུགས་བྱས་པ་དང་ལྷན་དུ་པཱ་ལགས་བཙོན་གྲོལ་ཐོབ་ཐབས་སུ་ལས་འགུལ་ཤུགས་ཆེ་སྤེལ་བཞིན་ཡོད།

ཁྱོ་ཤུག་གཉིས་པོ་བྲོས་འབྱོལ་དུ་སོང་རྗེས་མཐར་ཐའི་ལེནྜ་ལ་གནས་སྡོད་བྱས་ཏེ་སྦེན་ཀོག་གྲོང་ཁྱེར་དུ་ཁོ་གཉིས་ཀྱི་སྒྱ་རྩལ་འགྲེམས་སྟོན་གྱི་བྱ་གཞག་གཉེར་རྒྱུའི་ཐག་གཅོད་བྱས་པ་རེད། དེ་ནི་སྦེན་ཀོག་ཏུ་འབར་མའི་མི་ཚོགས་མང་པོ་ཡོད་པ་དང་། ད་དུང་ “ཐའི་ལེནྜ་ཡིས་མཱའི་མར་ནང་ཞི་བདེ་དང་བརྟན་ལྷིང་ཁྱབ་སྤེལ་གཏོང་རྒྱུའི་ཐོག་ལ་གལ་འགངས་ཆེ་བའི་བྱེད་སྒོ་ཡང་སྤེལ་བཞིན་ཡོད། ཐའེ་ལེནྜ་ནི་བདེ་འཇགས་ལྡན་པའི་ས་ཆ་ཞིག་རེད།” ཅེས་སཱའི་ཡིས་བརྗོད།

ཡིན་ནའང་ད་ཆ་ཁོས་དེ་ལྟར་ཚོར་གྱི་མེད་པ་རེད། “ཕྱི་རྒྱལ་གྱི་སྟོབས་ཤུགས་ཤིག་གིས་སྒྱུ་རྩལ་གང་སྟོན་དགོས་མིན་ཐོག་བཀོད་པ་བཏང་ཐུབ་དུས། དེས་རིག་གཞུང་གི་མངའ་དབང་ཉམས་དམས་སུ་གཏོང་གི་ཡོད་པ་རེད།” ཅེས་དང་། “ང་གཉིས་ཀྱི་ལས་འགུལ་གྱི་རྐྱེན་པས། དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་ཁག་གི་ང་གཉིས་ལ་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་སོང་། ང་དང་ངའི་གཟའ་ཟླ་གཉིས་པོ་དབྱིན་ཡུལ་དུ་སྐྱབས་བཅོལ་ཞུ་རྒྱུ་ལས་གཞན་གྱི་གདམ་ག་གང་ཡང་ལྷག་མ་སོང་།” ཞེས་ཁོང་གིས་བརྗོད།

སྦེན་ཀོག་གི་འགྲེམས་སྟོན་དེ་ནི་ཨི་རན་དང་། རྒྱ་ནག ཨུ་རུ་སུ་བཅས་ནས་བཙན་བྱོལ་དུ་གྱར་བའི་སྒྱུ་རྩལ་བས་སྤེལ་བའི་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་དང་སྲིད་གཞུང་དེ་དག་གིས་སྤེལ་བའི་གཉའ་གནོན་གྱི་སྐོར་རེད།

དབྱིན་ཡུལ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཟུང་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་དང་ལི་ཝར་པུལ་གྲོང་ཁྱེར་གྱི་མི་རྗེ་ཨལ་ཀྲོན་མཆོག་གིས་སྦི་སྦི་སི་ལ་བརྗོད་རྒྱུར་སཱའི་ཡི་གནད་དོན་དེས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན་བྱ་རྒྱུའི་ལས་འགུལ་དེ་རྒྱ་ཆེར་ཁྱབ་ཡོད་པའི་དཔེ་མཚོན་ཞིག་ཆགས་ཡོད་པ་དང་། ཁོང་གིས་སཱའི་ཞུ་སྐུལ་བྱེད་དོན་བཞིན་སཱའི་ལ་སྐྱབས་བཅོལ་གྱི་གནས་བབས་ཤིག་སྤྲོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བརྗོད་བྱུང་།

ཁོང་གིས་ད་དུང་ “རྒྱལ་ཁབ་གཞན་ཞིག་གི་རིག་གཞུང་ལྟེ་གནས་ཁང་ཞིག་གི་ནང་སྤེལ་བའི་སྒྱུ་རྩལ་གྱི་འགྲེམས་སྟོན་ལ་གནོན་ཤུགས་སྤྲད་དེ་འགྲེམས་སྟོན་གང་བྱ་དགོས་མིན་ཐོག་སྟངས་འཛིན་བྱེད་པ་ནི་སྨྲ་བརྗོད་རང་དབང་ལ་ཧ་ལས་པའི་རྡོག་རོལ་ཆེན་པོ་ཞིག་བཏང་བ་ཞིག་ཡིན་པས། དེའི་ཐད་ཐེར་འདོན་དང་སྐྱོན་བརྗོད་ཤུགས་ཆེ་ཞིག་བྱ་དགོས་པ་རེད། གནས་ཚུལ་དེས་རྐྱེན་པས་སཱའི་ལ་འཇིགས་སྣང་འཕར་མ་ཞིག་བྱུང་སྟེ་རང་ཉིད་ཀྱི་བདེ་འཇགས་ཆེད་དུ་ཐའི་ལེནྜ་ནས་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་ནི་སེམས་ཚབ་སྐྱེ་གཞི་ཆེན་པོ་ཞིག་ཀྱང་ཆགས་ཡོད།” ཅེས་བརྗོད།

འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པས་དོན་རྐྱེན་དེ་ནི་”འཇིགས་སྐུལ་”གྱི་གནད་དོན་ཞིག་ཡིན་པ་དང་། དེས་”སྒྱུ་རྩལ་བའི་སྨྲ་བརྗོད་ལ་བཙན་གནོན་བྱེད་པའི་མཉམ་འབྲེལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་གསལ་སྟོན་བྱེད་བཞིན་ཡོད་”པ་བརྗོད། ཐའི་ལེནྜ་རུ་རྟེན་གཞི་བྱས་པའི་ལས་འགུལ་པ་གྲགས་ཅན་ཧྤིལ་རོ་སྦརྜ་སཱན་གྱིས་སྦེན་ཀོག་གྲོང་ཁྱེར་གཞུང་འཛིན་པས་རྒྱ་ནག་གཞུང་ལ་སྟངས་འཛིན་དང་བཀག་འགོག་བྱེད་དུ་བཅུག་པ་ནི་”ཧ་ལས་དགོས་པ་དང་དང་ལེན་བྱེད་དཀའ་བ་ཞིག་རེད་”ཅེས་བརྗོད།

སྦི་སྦི་སི་གསར་ཁང་གིས་ཐའི་ལེནྜ་ཡི་སྲིད་བློན་ལས་ཁུངས་ལ་བསམ་ཚུལ་དེ་དག་གི་ཐོག་ལ་ལན་འདེབས་ཤིག་གནང་རོགས་ཞེས་ཞུས་ཡོད།

རྒྱལ་མཚམས་བརྒལ་བའི་གཉའ་གནོན་ནི་སྤྱི་ཡོངས་ནས་སྲིད་གཞུང་ཞིག་གིས་རྒྱལ་ཁབ་གཞན་ཞིག་གི་ས་ཁོངས་སུ་སྐྱེ་བོ་ཞིག་ལ་སུན་གཙེར་དང་ལྟ་ཞིབ་བྱེད་པར་གོ་བ་རེད། ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན་གྱི་འཇིགས་སྣང་དེ་ཆེ་རུ་འགྲོ་བཞིན་ཡོད་པས། དེས་གནས་ཚང་རྒྱལ་ཁབ་ཁག་གིས་བྱ་སྤྱོད་དེ་རིགས་ཤེས་རྟོགས་ཡོད་མེད་དང་། ཐ་ན་ངན་སྦྲེལ་བྱེད་ཀྱི་ཡོད་མེད་ཐོག་ལ་དོགས་སློང་བྱེད་བཞིན་ཡོད་ལ། རྒྱ་ནག་དང་ཐའི་ལེནྜ་ཡུལ་གྱི་འབྲེལ་བའི་རང་བཞིན་ཐོག་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ལོར་པེ་ཅིང་ལ་སྐྱོན་བརྗོད་བྱེད་པའི་དཔེ་དེབ་རིགས་འགྲེམས་ཚོང་བྱེད་པའི་ཧོང་ཀོང་གི་དཔེ་དེབ་ཚོང་ཁང་འགོ་འཛུགས་བྱེད་མཁན་སུད་ཌན་གྱི་མི་སེར་ཡིན་པ་གུ་མིང་ཧཱའེ་ཞུ་བ་ཐཱའི་ལེནྜ་ཡུལ་དུ་གུང་གསེང་གཏོང་བཞིན་པའི་སྐབས་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་པའི་ཡ་མཚན་ཅན་གྱི་གནས་ཚུལ་ཞིག་ཐོན་ཡོད། རྗེས་སུ་ཁོང་རྒྱ་ནག་སྐམ་ས་ཆེན་པོའི་ཉེན་རྟོག་པའི་བཀག་ཉར་ཁང་དུ་སླེབས་ཡོད་པས། འབྲེལ་ཡོད་གཞུང་འཛིན་པས་ཁོ་རང་སོ་སོ་རང་འགུལ་གྱི་སྒོ་ནས་རྒྱ་ནག་ཏུ་སླེབས་པ་ཞིག་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་ཁོང་ནི་རྒྱ་ནག་གི་ཉུལ་མས་བཙན་ཁྲིད་བྱས་པ་ཡིན་ཚུལ་བརྗོད་བཞིན་ཡོད།

ལོ་འདིའི་གོང་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རི། དབྱིན་ཡུལ་བཅས་ཀྱིས་སེམས་འཚབ་ཆེན་པོཡོད་པའི་རྣམ་འགྱུར་སྟོན་མིན་ལ་མ་ལྟོས་པར་ཉུང་མཐར་ཡུ་གུར་བ་མི་གྲངས་ ༤༠ ཐའི་ལེནྜ་ཡུལ་ནས་རྒྱ་ནག་ཏུ་ཕྱིར་སློག་བྱས་ཡོད། པེ་ཅིང་གིས་ཕྱིར་སློག་བྱས་པ་དེ་ནི་རྒྱ་ནག་དང་། ཐའི་ལེནྜ། རྒྱལ་སྤྱི་བཅས་ཀྱི་ཁྲིམས་ལུགས་གཞིར་བཟུང་ལག་བསྟར་བྱས་པ་ཡིན་ཚུལ་བརྗོད་ཡོད།

ཕྱིར་སློག་གི་གནས་ཚུལ་དེ་ནི་སཱའི་ཡིས་སྦེན་ཀོག་གི་སྒྱུ་རྩལ་དང་རིག་གཞུང་ལྟེ་གནས་ཁང་དུ་ཁོ་རང་གི་འགྲེམས་སྟོན་གོ་སྒྲིག་ཞུ་རྒྱུའི་འཆར་གཞི་འདིང་བཞིན་པའི་སྐབས་ལ་བྱུང་ཡོད། ཁོང་གིས་བརྗོད་ན་སྐབས་དེར་སེམས་འཚབ་བྱུང་ཡོད་ཀྱང་ལྟེ་གནས་ཁང་གིས་འགྲེམས་སྟོན་དེ་གང་ལྟར་མུ་མཐུད་མདུན་སྐྱོད་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

ད་ལྟའི་ཆར་སཱའི་དབྱིན་ཡུལ་དུ་གནས་ཡུལ་རིང་ཁོང་གིས་རང་ཉིད་ཀྱི་གོམ་སྟབས་རྗེས་མ་དེ་སྤོ་ཐབས་ཀྱི་བསམ་བློ་གཏོང་བཞིན་ཡོད། དེ་ནི་ཕྱི་ཟླ་བཅུ་པའི་ནང་སྦེན་ཀོག་གི་འགྲེམས་སྟོན་མཇུག་སྒྲིལ་མ་ཐག་ཁོང་དང་ཁོང་གི་བཟའ་ཟླ་གཉིས་པོས་རྒྱལ་ཁབ་གཞན་ཁག་ཏུ་སྟངས་འཛིན་དང་བཀག་འགོག་མེད་པའི་སྒྱ་རྩལ་འགྲེམས་སྟོན་བྱེད་འཆར་ཡོད་པ་རེད།

ཁོང་གི་བསམ་ཚུལ་ལ་རྒྱ་ནག་གི་སྟངས་འཛིན་དེས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཏེ་ཁོང་གཉིས་ཀྱི་སྒྱུ་རྩལ་འགྲེམས་སྟོན་གྱི་མིང་གྲགས་ཆེ་རུ་ཕྱིན་ནས། “ད་ཆ་འཛམ་གླིང་ནང་མི་མང་པོས་འགྲེམས་སྟོན་དེར་བལྟ་རྒྱུར་དགའ་མོས་བྱེད་བཞིན་ཡོད་”པ་དང་། འགྲེམས་སྟོན་དེའི་སྐོར་ལ་དྲ་ཐོག་ཏུའང་བགྲོ་གླེང་བྱེད་བཞིན་ཡོད་པ་རེད།

“ལས་འགུལ་དེ་ནི་ང་གཉིས་ཀྱིས་འགོ་བཙུགས་པ་ཞིག་མ་ཡིན་པར། རྒྱ་ནག་དམར་ཤོག་ཚོགས་པས་འགོ་འཛུགས་བྱས་པ་ཞིག་རེད། ང་གཉིས་ཀྱི་༼འགྲེམས་སྟོན་དེ་བརྒྱུད་ནས་༽རྨང་གཞི་བཏིང་བ་ཙམ་ལས། ལས་དོན་འཕྲོས་རྣམས་རྒྱ་ནག་གཞུང་གི་སྟངས་འཛིན་དེས་རྫས་ལུས་ཤིག་དང་འདྲ་བར་རང་བཞིན་ངང་སྐྱེ་སྲིང་བྱ་རྒྱུར་གསོས་བཏབ་ཡོད།”

དབྱིན་ཡིག་མ་རྩོམ་གྱི་དྲ་གནས་སྦྲེལ་ཐག https://www.bbc.com/news/articles/cj6yx71565jo

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese