མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག་ནང་ཐོ་འགོད་བྱེད་མཁན་ཁྱིམ་ཚང་ ༡༧༨༦ བྱུང་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་བཙན་བྱོལ་བོད་མི་སྡོད་ཁང་དཀའ་ངལ་ཅན་རྣམས་ཀྱི་དཀའ་ངལ་སེལ་སླད། ཕྱི་ལོ་ ༢༠༢༢ ནས་བཟུང་རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞི་མགོ་འཛུགས་གནང་སྟེ།  ཕྱི་ལོ་ ༢༠༢༤ ནས་ས་ཆ་རྣམས་བགོ་འགྲེམས་གནང་འདུག ད་ལྟའི་ཆར་ས་གནས་ཁག་ ༢༧ ནས་རང་བདག་སྡོད་ཁང་མེད་པའི་ཁྱིམ་ཚང་ཁྱོན་ ༡༧༨༦ གིས་ཐོ་འགོད་བྱས་ཡོད་པ་དང་། ད་བར་དུ་གཞིས་ཆགས་ཁག་ ༧ ནང་ཁྱིམ་ཚང་ ༧༩༠ ཙམ་ལ་ས་བགོས་བྱས་ཟིན་ཡོད་འདུག་ལ། ཐོ་གསར་དུ་རྒྱག་མཁན་ཁྱིམ་ཚང་ ༥༩ ཡོད་འདུག

བཙན་བྱོལ་བོད་མིའི་གཞིས་ཁང་གསར་རྒྱག་དང་འབྲེལ་ནས་གཞིས་སྤོས་ལས་གཞིའི་འགན་འཛིན་དངོས་གྲུབ་འོད་ཟེར་ལགས་ལ་བཅར་འདྲི་བྱེད་བཞིན་པ།

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གཞིས་སྤོས་ལས་གཞིའི་འགན་འཛིན་དངོས་གྲུབ་འོད་ཟེར་ལགས་སུ་དེ་འབྲེལ་གནད་དོན་ཁག་ཅིག་ཐོག་བཅར་འདྲི་བྱས་ཡོད།

དྲི་བ། སྐབས་བཅུ་དྲུག་པའི་བཀའ་ཤག་གིས་བཙན་བྱོལ་བོད་མི་སྡོད་ཁང་མེད་མཁན་རྣམས་ལ་གཞིས་ཁང་གསར་རྒྱག་ཆེད་ཐོ་གཞུང་རིམ་པ་དུ་མའི་ཐོག་ནས་ཡར་བསྡུས་སོང་། ད་ལྟ་སྡོད་ཁང་མེད་མཁན་ག་ཚོད་ཅིག་གིས་ཐོ་འགོད་བྱས་འདུག དེ་བཞིན་བོད་མི་འདུས་སྡོད་ཀྱི་ས་གནས་ག་ཚོད་ཅིག་ནས་མིང་གཞུང་བསྡུ་རུབ་བྱས་ཡོད་པ་རེད།

ལན། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་རུབ་སྡོད་གཞིས་སྒར་བསྐྱར་གསོའི་གཙོ་གནད་ཀྱི་ལས་གཞི་དེ་མདོར་བསྡུས་ནས་བཤད་ན་གཞིས་སྤོས་ལས་གཞི་ཞུ་ཡི་ཡོད་པ་རེད། ལས་གཞི་འདི་སྤྱི་ཡོངས་ནས་ཕྱི་ལོ་ ༢༠༢༢ ནས་མགོ་བཙུགས་ཏེ།  ཐོག་མར་རྗེས་འབྱོར་བའི་ཐོ་གཞུང་བསྡུ་རྒྱུའི་ལས་འགུལ་སྤེལ་ཡོད་ལ། དེའི་རྗེས་ཁ་འཐོར་ཇི་ཙམ་ཡོད་པའི་ཐོ་གཞུང་བསྡུས་ཏེ། ཐོ་གཞུང་རབ་དང་རིམ་པ་མང་པོ་བསྡུས་ཡོད་པ་རེད། ད་ལྟའི་ཆར་ཐོ་གཞུང་ཕྱོགས་བསྡོམས་བྱེད་པའི་སྐབས་ཁྱིམ་ཚང་ ༡༧༨༦ ཡོད་པའི་ཁྲོད། རྗེས་འབྱོར་པ་ ༩༨༩ དང་ཁ་འཐོར་བ་ ༧༩༧ ཡོད་པའི་གནས་སྟངས་ཆགས་ཡོད་པ་རེད། མི་འབོར་གྱི་ཆ་ནས་ ༤༧༦༥ ཆགས་ཀྱི་ཡོད་རེད། སྤྱིར་བཏང་གིས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ས་གནས་ཁག་ ༣༧ ཡོད་པའི་ནང་ནས་ས་གནས་ ༢༧ ནས་སྡོད་ཁང་མེད་ཟེར་མཁན་གྱི་རྗེས་འབྱོར་བ་དང་ཁ་འཐོར་བའི་ཐོ་འབྱོར་ཡོད་པ་རེད།

སྦེལ་ཀོབ་ལུགས་བསམ་དུ་བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག་དང་འབྲེལ་བའི་ཚོགས་འདུ་འཚོག་བཞིན་པ། ནང་སྲིད་ལས་ཁུངས་ཀྱི་པར།

དྲི་བ། དྷ་རམ་ས་ལ་ལྟ་བུར་མཚོན་ན། ཁ་འཐོར་བོད་མི་མང་པོ་ཡོད་ས་ཞིག་རེད། ངས་ངོ་ཤེས་པའི་ནང་དུའང་གཞིས་ཁང་གསར་རྒྱག་གི་ཐོ་ལེན་གྱི་ཡོད་པ་ཧ་མ་གོ་མཁན་འདུག ད་ལྟ་སྐད་ཆ་འདྲི་དུས་ཐོ་ལེན་གྱི་མ་རེད་ཟེར་ནས་ཁང་པ་མེད་མཁན་དེ་ཚོས་བློ་འཚབ་བྱེད་ཀྱི་འདུག དེ་ཚོའི་རིགས་ལ་སྒུག་ཐོའི་ནང་དུ་འཇོག་པ་ལྟ་བུའི་དགོངས་བཞེས་གནང་གི་ཡོད་དམ།

ལན། དོན་དངོས་སུ་དྷ་རམ་ས་ལ་ནས་ལྷག་མི་དགོས་པ་འདྲ་པོ་རེད། ང་ཚོས་དྷ་སའི་ནང་བརྒྱུད་རིམ་མང་པོ་ཞེ་དྲགས་འགྲོ་ཚར་བ་རེད། དྷ་སའི་ས་གནས་མགོ་འཛིན་གྱིས་གསལ་བསྒྲགས་མང་པོ་བྱས་ཟིན་པ་མ་ཟད། ང་ཚོ་ས་གནས་མགོ་འཛིན་ལས་ཁུངས་སུ་ཕྱིན་ནས་མི་རེ་རེར་ཞིབ་འཇུག་དང་གསལ་བསྒྲགས་བྱས་པ་རེད། དངོས་གནས་བྱས་ན་དྷ་སར་ལྷག་མི་དགོས་པ་ཞིག་རེད་དེ། ད་ལྟའི་ཆར་ཡང་བསྐྱར་ཁྱིམ་ཚང་ ༥༩ ཡི་ཐོ་བསླེབས་ཡོད་ཅིང་། ཐོ་དེ་ལ་བརྒྱུད་ལམ་ཞིག་བརྒྱུད་ནས་ཞིབ་འཇུག་མང་པོ་བྱ་དགོས་ཀྱི་ཡོད། དེ་ཡང་དང་པོ་ཐོ་འབྱོར་བ་དང་ཞིབ་འཇུག་བྱ་རྒྱུ་དང་། ས་སྐལ་ཡོད་མེད་ཞིབ་འཇུག་བྱ་དགོས་པ། ད་དུང་མི་མང་ལ་མར་བཀྲམ་ནས་ཁང་པ་ཡོད་དང་མེད་ཀྱི་དགག་བྱ་ཡོད་མེད་བལྟ་དགོས་ཀྱི་ཡོད་པ་སོགས་རིམ་པ་ཆ་ཚང་ལ་བལྟས་ནས་ཐོ་གཞུང་ནང་དུ་འཇུག་གི་ཡོད་པ་རེད། ད་ལྟའི་ཆར་ང་ཚོས་ཞིབ་འཇུག་བྱེད་བཞིན་པ་ ༥༩ ཡོད།

ངས་གོང་དུ་ཞུས་པའི་མི་ཚང་ ༥༩ ནང་ནས་ཕལ་ཆེར་ ༢༧ དྷ་རམ་ས་ལ་ནས་ཡང་བསྐྱར་བསླེབས་པ་རེད། དེར་བརྟེན་འགྲོ་ས་མེད་པ་ཞིག་མ་རེད། འོན་ཀྱང་། ས་གནས་ས་ཐོག་ནས་དངོས་ཡོད་ཀྱིས་མི་དེ་ལ་དཀའ་ངལ་ཡོད་མེད་བལྟ་རྒྱུ་དང་། དེ་ཛ་དྲག་གི་དཀའ་ངལ་ཡིན་པ། ཁོ་རང་གིས་ཧ་མ་གོ་བ། དེ་བཞིན་ཁ་ཤས་དུས་ཡུན་རིང་པོར་ཕྱི་ལོགས་སུ་གནས་སྐོར་སོགས་ལ་ཕྱིན་ཏེ་ཡར་བསླེབས་ནས་མ་གཏོགས་ཧ་གོ་མ་སོང་ཟེར་མཁན་ཡོད་པ་དེ་དག་ཐོ་ལེན་གྱི་ཡོད་པ་རེད། ཡིན་ནའང་། ཆ་རྐྱེན་ཞིག་ཡོད་པ་དེ་དང་ལྡན་པ་ཞིག་དགོས་ཀྱི་ཡོད་རེད། ཆ་རྐྱེན་དེའི་ནང་ཚུད་པ་ཞིག་དགོས་ཀྱི་ཡོད་པ་རེད། སོ་སོར་ཁང་པ་ཡོད་བཞིན་པ་ཞིག་ཡིན་རུང་ཐོ་བརྒྱབ་པ་ཡིན་ན་འགྲིག་གི་མ་རེད། དེར་བརྟེན་ཆ་རྐྱེན་ལྡན་ན་ཐོ་ལེན་གྱི་ཡོད་ལ། ཛ་དྲག་དང་དཀའ་ངལ་སོགས་སོ་སོས་རྒྱུ་མཚན་བཤད་དགོས་ཀྱི་རེད། རྒྱུ་མཚན་ཡང་དག་ཅིག་ཡོད་ན་ང་ཚོས་ལེན་གྱི་ཡོད་པ་རེད། དཔེ་མཚོན་ཞུས་ན་ཁྱིམ་ཚང་ ༥༩ དེའང་རྗེས་ལ་བསླེབས་པ་རེད།

གཞིས་སྤོས་ལས་གཞིའི་འགན་འཛིན་གཙོས་པའི་ལས་བྱེད་རྣམས་ཀྱིས་ཧོན་སུར་དུ་ས་བགོས་ལས་གཞི་སྤེལ་མུས་ཡིན་པ། ནང་སྲིད་ལས་ཁུངས་ཀྱི་པར།

དྲི་བ། ད་ལྟ་བར་དུ་ས་ཆ་ག་ཚོད་ཅིག་བགོ་འགྲེམས་གནང་ཟིན་པ་རེད།

ལན། ང་ཚོས་ཕྱི་ལོ་ ༢༠༢༤ ནས་ས་བགོས་ལས་གཞི་དེ་ལྷོ་ཕྱོགས་ནས་མགོ་བཙུགས་ཏེ། ལྷོ་ཕྱོགས་ཀྱི་གཞིས་ཆགས་ཧོན་སུར་དང། ཀོ་ལི་གྷལ། མོན་གྷོ། དེའི་རྗེས་མན་སྤར་དང་། ཏི་ཛུ་སོགས་རིམ་པ་བྱས་ནས་ས་བགོས་བྱས་ཏེ། ཉེ་ཆར་ཟླ་བ་གཉིས་རིང་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་དུ་ཕྱིན་པ་དང་། དེའི་སྔོན་ལ་བདེ་སྐྱིད་སླར་གསོ་ཚར་བ་རེད། ད་ལྟ་བར་དུ་བསྡོམས་ནས་ཁྱིམ་ཚང་ ༧༩༠ ཙམ་ལ་ས་བགོས་བྱས་ཟིན་པ་རེད། དེའི་ནང་ནས་བགོས་སྤྲོད་ཟིན་པ་དེ་ ༣༣༢ ཡོད་པའི་ཁྲོད། ལུགས་བསམ་དུ་འགྲོ་མཁན་ཕོན་ཆེན་པོ་ཞེ་དྲགས་ཆགས་འདུག ཁྱིམ་ཚང་ཕལ་ཆེར་ ༤༦༢ ཙམ་མར་སྤོ་ཡི་ཡོད་པ་རེད། དེའི་སྒང་ལ་ད་ལྟ་ངས་གོང་དུ་ཞུས་པ་ནང་བཞིན་ཐོ་བསླེབས་པའི་མི་ཚང་ ༥༩ དེའི་ནང་ནས་མང་ཆེ་བ་ལུགས་བསམ་དུ་འགྲོ་ཡི་ཡིན་ལབ་མཁན་རྐྱང་རྐྱང་རེད། དེར་བརྟེན་ས་བགོས་དེ་ PLOT ཕལ་ཆེར་ ༥༠༠ གྲ་སྒྲིག་བྱེད་དགོས་ཀྱི་ཡོད་པ་རེད། ང་ཚོ་ལུགས་བསམ་དུ་ཟླ་བ་གཉིས་རིང་བསྡད་དེ་ ༣༡༨ མ་གཏོགས་གྲ་སྒྲིག་ཐུབ་མ་སོང་། དེ་ནས་ཆར་པ་བབས་ཏེ་ང་ཚོས་ཞིང་ཁའི་དཀྱིལ་དུ་ལས་ཀ་བྱེད་དགོས་པ་དང་། དངོས་སུ་ཐང་སྟེང་ལ་འཐོན་དགོས་ཀྱི་ཡོད་པས་གནད་དོན་མང་པོ་ཞིག་གི་རྐྱེན་བྱས་ནས་ཐུབ་མ་སོང་། ད་ལྟ་ཡང་བསྐྱར་ཕྱི་ཟླ་ ༩ དང་ ༡༠ པའི་ནང་མར་འགྲོ་རྒྱུ་དང་། དེ་དག་ཆ་ཚང་བསྒྲུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་རེད།

དོ་བདག་སོ་སོ་འགྲོ་ཐུབ་དང་མི་ཐུབ་ཟེར་བ་དེ་ཐོག་མ་ཉིད་ནས་བོད་མིའི་སྒྲིག་འཛུགས་ཀྱི་དགོངས་གཞིའི་ནང་ཡོད་རེད། དེ་འདྲ་ཆགས་ཀྱི་རེད། དེར་བརྟེན་ང་ཚོས་དང་པོ་ཉིད་ནས་མི་མང་ལ་འདོད་པ་གཞིར་བཟུང་སྤྲད་ཡོད་པ་རེད། ཁྱེད་རང་ཚོས་དངུལ་ཁྱོན་ནས་གཏོང་ཐུབ་ཀྱི་མེད་ཚེ། མན་སྤར་དང་ཨོ་ཌི་ཤ་ལ་རྒྱུགས། བོད་མིའི་སྒྲིག་འཛུགས་ཀྱིས་ཁང་པ་ཆ་ཚང་བརྒྱབ་ནས་སྤྲོད་ཀྱི་ཡིན་ཞུས་ཡོད། དེ་ནས་མན་སྤར་དུ་འགྲོ་ཐུབ་ས་མ་རེད། དངུལ་ཏོག་ཙམ་གཏོང་རྒྱུ་ཡོད་ལབ་ན་ཧོན་སུར་དང་ཀོ་ལི་གྷལ་དུ་འགྲོ་ན་གཞུང་གིས་རོགས་དངུལ་འབུམ་བདུན་དང་ཕྱེད་ཀ་སྤྲོད་ཀྱི་ཡོད་པ་རེད། དེར་བརྟེན་དེའི་ཐོག་སོ་སོས་སྣོན་པ་ཏོག་ཙམ་བརྒྱབ་ན་ཁང་པ་བཟོ་མི་ཐུབ་པའི་གནས་སྟངས་མེད་པ་རེད། གཞི་བཞག་ས་དེ་སྤྱིར་བཏང་གིས་མི་མང་སོ་སོའི་འདོད་པ་དང་། གཉིས་པ་ནས་སོ་སོའི་དཔལ་འབྱོར་གྱི་གནས་སྟངས་ལ་དཔག་པའི་སོ་སོས་གདམ་ཁ་བྱ་རྒྱུ་ཡོད་པའི་གནས་སྟངས་ཆགས་ཡོད། ཅོ་གུ་དང་མོན་གྷོ་རུ་འགྲོ་བ་ཡིན་ན། གཞུང་ནས་འབུམ་ལྔ་འབུལ་གྱི་ཡོད་པ་དེའི་ཐོག་སོ་སོས་གཏང་རྒྱུ། དེ་བཞིན་བདེ་སླར་དང་ལུགས་བསམ་དུ་འབུམ་གཉིས་དང་ཕྱེད་ཀ་འབུལ་གྱི་ཡོད་པ་རེད། ས་ཆ་གྷུན་ཌ་ (Gunda) ལྔ་ལབ་དུས་ཧྥི་ཌི་གྲུ་བཞི་མ་ལྔ་སྟོང་ཙམ་ཡོད་ལ། སྨི་ཊར་གྲུ་བཞི་མར་རྩིས་ན་ ༥༠༦ ཙམ་བསླེབས་ཀྱི་ཡོད་པ་རེད། ད་ལྟ་ང་ཚོའི་ཞིབ་འཇུག་ནང་དོ་བདག་རང་ལ་ལབ་ཀྱི་ཡོད་པ་རེད། དང་པོ་དོ་བདག་རང་གིས་བདམས་པ་རེད། བདམས་པ་གཞིར་བཟུང་གིས་ས་ཆ་སྤྲད་པ་རེད། མཐའ་མ་དེར་ང་ཚོས་ས་ཆ་སྤྲོད་པའི་སྐབས་དོ་བདག་དངོས་སུ་ཡོང་ནས་ས་ཆར་བལྟ་རོགས་བྱོས་ཞུས་པ་རེད། དཔེར་ན། མན་སྤར་དུ་མི་ཚང་མ་སྐད་བཏང་བ་རེད། ཕྱི་ཟླ་ ༡༡ ཚེས་ ༣༠ ཡས་མས་སུ་བགོ་བཤའ་བརྒྱབ་པ་རེད། དང་ཐོག་གཞིས་ཆགས་ཡོངས་སུ་སྐོར་བ་བརྒྱབ་སྟེ་གཞིས་ཆགས་ཀྱི་གནས་སྟངས་རྒྱུས་ལོན་བྱས། སོ་སོ་དངོས་སུ་ཕྱིན་ནས་ང་ཚོས་ས་བགོས་བྱས་པའི་ས་ཆའི་གནས་སྟངས་དང་ཡུལ་གྱི་གནས་སྟངས་སོགས་བལྟས་ཏེ། ཁོང་ཚོར་བགོ་བཤའ་རྒྱག་སྐབས་ཁོང་ཚོས་བློ་བདེ་པོ་ཞེ་དྲགས་གནང་བ་མ་ཟད། ང་ཚོས་ཆ་ཚང་ཧ་གོ་སོང་། དེ་སྔ་གང་འདྲ་ཡོད་མེད་ཧ་མི་གོ་བ་དང་། མན་སྤར་དུ་ཚ་བ་ཡོད་རེད་ཟེར་གྱི་འདུག དེ་འདྲ་ཡིན་གྱི་མ་རེད་ཞུས་ཡིན། དཔེར་ན་སྦན་དྷ་ར་ཡིན་ན་ཚ་བ་ཚ་པོ་ཡོད་རེད། མན་སྤར་དེ་ནོར་ཡིན་གྱི་རེད་ལབ་ཡིན། ཁ་ཤས་ཀྱིས་དེ་འདྲའི་དཀྲོག་གཏམ་དང་། གནས་ཚུལ་དངོས་སུ་ཧ་མི་གོ་བའི་གནས་སྟངས་ཀྱི་ཆ་ནས་དེ་འདྲ་ཆགས་ཡོང་གི་འདུག དངོས་སུ་ས་གནས་ལ་སླེབས་དུས་ཁོང་ཚོ་སྤྲོ་པོ་ཞེ་དྲགས་བྱུང་སོང་ལ། དངོས་གནས་ཀྱིས་ཞི་འཇམ་པོ་དང་ལས་ཀ་བྱེད་ན་བྱེད་བདེ་པོ། ཁོང་ཚོས་ཁོར་ཡུག་ཡག་པོ་འདུག་གསུང་གི་འདུག དེར་བརྟེན་སོ་སོའི་འདོད་མོས་རེད། ད་ལྟའི་ང་ཚོའི་ལས་གཞི་འདིའི་ནང་དུ་གཞུང་གིས་བཙན་བཀའ་བཏང་སྟེ་ཁྱེད་རང་དེ་རང་མ་གཏོགས་མ་འགྲོ་ན་ང་ཚོས་སྤྲོད་ཀྱི་མིན་ཟེར་བ་དེ་འདྲ་མེད་པ་རེད། རྒྱས་ཤིང་རྒྱས་པར་ཞུས་ན། ཁ་ཤས་ཀྱིས་དང་པོ་ཨོ་ཌི་ཤ་འགྲོ་ཡི་ཡིན་ལབ། དེ་ནས་ཡོང་ས་མ་རེད་ལབ་སྟེ་ངའི་ངོ་ཤེས་པ་དེ་མན་སྤར་དུ་འགྲོ་ཡི་འདུག་ལབ་ནས་མན་སྤར་དུ་བསྒྱུར་རོགས་བྱས་ལབ་མཁན་གྱི་གནས་ཚུལ་ཡང་བྱུང་རེད་ལ། བདེ་སླར་སོགས་ས་གནས་གཞན་དུ་འགྲོ་ཡི་ཡིན་ལབ་མཁན་གྱི་ཁྱིམ་ཚང་ཕལ་ཆེར་ ༦༩ ཡོད་པ་དེ་དག་གིས་སོ་སོའི་འདོད་པ་བཞིན་ཞུས་པ་དང་། ད་རེས་ང་ཚོས་སྤྲད་པ་དེ་ང་རང་གིས་བསམ་པ་བཞིན་རག་སོང་བསམ་པའི་ཚོར་བ་ཞིག་སྤྲོད་རྒྱུ་དང་། ང་ཚོས་གང་ཐུབ་ཐུབ་ཀྱིས་ཚང་མའི་དགོས་མཁོ་ཞུ་བཞིན་པའི་ཐོག འཛིན་སྐྱོང་གིས་གྲོས་ཆོད་འཇོག་གིན་ལས་དོན་འགྲུབ་བཞིན་ཡོད་པ་རེད། ད་ལྟ་འགྲོ་དང་མི་འགྲོ། དཔལ་འབྱོར་གྱི་གནས་སྟངས་དེ་དག་ཆ་ཚང་དོ་བདག་རང་ལ་གཞི་བཅོལ་བ་ལས། གཞུང་གི་ངོས་ནས་རོགས་དངུལ་དང་རོགས་པ་གང་བྱ་དགོས་པ་དེ་དག་བྱ་རྒྱུའི་གནས་སྟངས་ཆགས་ཡོད།

ཀོ་ལི་གྷལ་དང་། ཧོན་སུར། ཨོ་ཌི་ཤ་བཅས་སུ་ཁང་པ་གསར་རྒྱག་བྱས་དང་བྱེད་མུས་ཡིན་པའི་པར་རིས་ཁག་ཅིག

དྲི་བ། གཞིས་ཁང་གསར་རྒྱག་གི་སྒྲིག་གཞིའི་ནང་དུ་ས་ཆ་བགོ་འགྲེམས་ཟིན་ནས་ལོ་ ༢ ནང་ཚུད་དུ་ཁང་པ་འཛུགས་སྐྲུན་དགོས་སྐོར་བྲིས་འདུག་ག། ཡིན་ནའང་། ལོ་གཉིས་ཀྱི་ནང་ཁང་པ་རྒྱག་མ་ཐུབ་ན་ག་འདྲ་བྱེད་དགོས་རེད།

ལན། གཞིས་སྤོས་ལས་གཞིའི་སྒྲིག་གཞི་དེ་འདྲ་མེད་པ་རེད། སྤྱིར་བཏང་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གིས་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞིག་ཡོད་པ་རེད། དེའི་ནང་དུ་གཞིས་ཆགས་གཅིག་ཏུ་སྡོད་མཁན་དང་ཐོབ་ཐང་ཡོད་བཞིན་པ་ཞིག་ཕྱི་ལོགས་ལ་ཕྱིན་ནས་ལོ་གཉིས་རིང་མ་བསླེབས་པ་ཡིན་ན་དེའི་ས་ཆ་ཡར་བསྡུ་རྒྱུའི་སྒྲིག་གཞི་ཞིག་ཡོད་པ་རེད། དེ་མིན་ད་ལྟའི་གཞིས་སྤོས་ལས་གཞི་འདི་ལ་དོ་བདག་དང་ང་ཚོའི་དབར་ལ་གན་ཡིག་ཅིག་འཇོག་གི་ཡོད་པ་དེའི་ནང་དོན་ཚན་གསུམ་ཡོད་པ་ནི། ༡། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་འབྲུ་དོན་ཁག་ལ་གཞིས་མི་སྤྱི་མཚུངས་ལྟར་སྲུང་བརྩིས་དང་བསྒྲུབ་བྱ་ཞུ་རྒྱུའི་ལས་དོན་མཐའ་དག་གཡས་ཁག་གཡོན་དཀྲི་མེད་པར་འགན་འཁུར་རྐང་ལེན་ཞུ་རྒྱུའི་ཁས་ལེན་ཞུས།

༢། སྡོད་ཁང་མེད་པའི་དཀའ་ངལ་སེལ་སླད་སྡོད་ཁང་གསར་རྒྱག་བྱ་ཡུལ་ས་ཆ་བགོ་འགྲེམས་གནང་བ་ཞིག་དང་ཆ་རྐྱེན་ལྟར་རོགས་དངུལ་གནང་རྒྱུ་ཡིན་སྟབས་མ་འོངས་པར་བོད་མིའི་སྒྲིག་འཛུགས་ལ་བསྐྱར་དུ་གཞིས་ཁང་གི་ཐོབ་ཐང་རྩོད་ལེན་ཞུ་རྒྱུ་མིན།

༣། སོ་སོར་བགོ་འགྲེམས་བྱུང་བའི་ས་ཚད་ཇི་ཐོབ་བདག་གཉེར་གྱིས་སྡོད་ཁང་གདམ་ག་ལྟར་དུས་ཐོག་རྒྱག་དགོས་པ་བཅས་ཡོད་པ་རེད། དེ་མིན་སྒྲིག་གཞི་གང་ཡང་མེད་པ་རེད། ང་ཚོས་གང་ཐག་གཅོད་པ་དེ་ནང་སྲིད་ཀྱིས་འཛིན་སྐྱོང་ནང་དུ་གྲོས་ཆོད་བཞག་སྟེ་བཀའ་ཤག་ལ་ཡར་བཀའ་འཁྲོལ་ཞུས་ནས་བཀའ་འཁྲོལ་ཐོབ་པ་སོགས་བརྒྱུད་ལམ་ཞིག་བརྒྱུད་ནས་གནས་སྟངས་ལ་དཔག་པའི་འགྲོ་མུས་ཡིན་པའི་གནས་སྟངས་ཆགས་ཡོད།

མི་མང་དངོས་སུ་མན་སྤར་དུ་ཕྱིན་ནས་ས་བགོས་བྱེད་བཞིན་པ།

དྲི་བ། དོན་ཚན་གསུམ་པ་དང་འབྲེལ་ནས་ཁང་པ་རྒྱག་པར་དུས་ཚོད་ག་ཚོད་སྤྲོད་ཀྱི་ཡོད་པ་རེད།

ལན། སྤྱི་ཡོངས་ཀྱིས་ང་ཚོས་དང་ཐོག་ནས་འགེངས་ཤོག་གཏན་འབེབས་བཟོས་ཏེ། ཁྱེད་རང་གིས་ག་དུས་རྒྱག་གི་ཡིན། ༢༠༢༤ ནས་ ༢༠༢༥ བར་དང་། ༢༠༢༥་་་༢༠༢༦ ༢༠༢༦་་་༢༠༢༧ སོགས་ལ་ཁང་པ་རྒྱག་གི་ཡིན་མིན་དྲིས་ཏེ་ཁོང་ཚོར་གདམ་ཀ་སྤྲོད་ཀྱི་ཡོད་པ་མ་ཟད། གདམ་ཀ་སྤྲད་པ་གཞིར་བཟུང་གིས་སོ་སོས་འདེམས་ཀྱི་ཡོད་པ་རེད། འོན་ཀྱང་། ད་ལོ་ལྟ་བུར་ཆ་མཚོན་ན་དོན་དངོས་སུ་ཁང་པ་མང་པོ་རྒྱག་དགོས་ཀྱི་ཡོད་ཀྱང་། ལོ་ནག་འཁེལ་ནས་ཏི་ཛུ་རུ་ཁང་པ་ ༣༡ ཕྱོགས་གཅིག་ཏུ་རྒྱག་རྒྱུའི་འཆར་གཞི་བསྒྲིགས་ཡོད་ཀྱང་། མི་མང་ཡར་ཡོང་ནས་ད་ལོ་ལོ་ནག་འཁེལ་འདུག་པས། ད་ལོ་ཁང་པ་རྒྱག་གི་མེད་ཟེར་ནས་ད་ལོ་ཁང་པ་མ་བརྒྱབ་པའི་རྒྱུ་མཚན་ལྟེ་བ་དེ་ལོ་ནག་ལ་འཁེལ་བར་བརྟེན་ས་སློག་རྡོ་སློག་བྱེད་དུས། མ་འོངས་པར་དཀའ་ངལ་འཕྲད་མི་ཡོང་ངམ་བསམས་ནས་མི་མང་གིས་ཞེད་སྣང་བྱེད་ཀྱི་འདུག གཉིས་ནས་ད་ལྟ་སོ་སོས་བདམས་པའི་ས་ཆ་དེར་གཏན་ནས་རྒྱག་མི་ཐུབ་ཚེ་རྒྱུ་མཚན་དང་བཅས་ཕར་འགྱངས་བྱེད་ཀྱི་ཡོད་པ་རེད། དཔེར་ན་ད་ལོ་ལོ་ནག་རེད། ངས་རྒྱག་ཐུབ་ས་མ་རེད་ཞུས་ན་རྒྱུ་མཚན་ཞིག་ཡིན་པས་ལོ་རྗེས་མར་རྒྱག་ཆོག་གི་རེད། དེར་བརྟེན་སོ་སོས་རྒྱག་ཐུབ་རྒྱུའི་དུས་ཚེས་ངེས་ཅན་ཞིག་བཟོ་ཡི་ཡོད་པ་རེད། ཡིན་ནའང་། ང་ཚོར་གཞུང་གི་དངུལ་རྩིས་འགྲོ་དགོས་ཀྱི་ཡོད་པས། དངུལ་རྩིས་ནང་ད་ལོ་འདི་ཙམ་འགྲོ་ཡི་ཡོད་པ་ལབ་དགོས་ཀྱི་ཡོད་པར་བརྟེན། ད་ལོ་ལོ་ནག་རྐྱེན་གྱིས་ཁང་པ་ ༨༠ ཙམ་རྒྱག་རྒྱུའི་དངུལ་རྩིས་ནང་ཡོད་ཀྱང་། ད་ལོར་ཁང་པ་གཉིས་དང་གསུམ་མ་གཏོགས་རྒྱག་མཁན་མི་འདུག ཁོང་ཚོས་བློ་ཁོག་བཙོང་ནས་རྒྱག་གི་ཡོད་ས་རེད། དེ་མིན་ད་ལོ་ལོ་ནག་འཁེལ་ནས་ཚང་མས་དེ་ལྟར་རྩིས་ཀྱི་འདུག ཁ་ཤས་ཀྱིས་ད་ལོ་ལོ་ནག་ཡིན་དུས་ས་སློག་རྡོ་སློག་བྱ་རྒྱུ་མེད་པ་བཤད་དུས། ནང་སྲིད་ཀྱིས་ཁང་པ་རྒྱག་དགོས་པ་སོགས་མུ་མཐུད་ནས་རྒྱག་གི་ཡོད་ལ། ལོ་ནག་ཡིན་པའི་ཆ་ནས་ཟློག་ཕྱོགས་ཀྱི་མཆོད་པ་དེ་དག་ཆ་ཚང་གྲུབ་ཡོད། དེ་ཡང་སྨན་རྩིས་ཁང་ནས་རྩིས་བསྐོར་ཏེ་ཞབས་རིམ་གང་བྱ་དགོས་པ་རྣམས་བྱས་ཡོད། ས་གནས་གང་དུ་ལས་འགུལ་ག་རེ་སྤེལ་རུང་ཞབས་བརྟན་དེ་དག་བྱས་ཡོད་པ་རེད། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བྱེད་དགོས་པ་དེ་དག་མུ་མཐུད་དུ་བྱེད་བཞིན་པ་རེད། ང་ཚོ་ས་གནས་སུ་ཕྱིན་ནས་ས་སློག་རྡོ་སློག་བྱ་དགོས་པ་དང་། ཁོད་སྙོམས་པོ་བཟོ་དགོས་པ་སོགས་བྱེད་དགོས་ཀྱི་རེད། དེ་བཞིན་ཁང་པ་རྒྱག་དགོས་ཀྱི་རེད། ཁང་པ་དུས་ཐོག་ཏུ་མི་རྒྱག་ཚེ་མཇུག་ཏུ་མང་པོ་སྤུངས་ཡོང་གི་རེད། དེར་བརྟེན་ང་ཚོས་དུས་ཚོད་དང་བསྟུན་ནས་འགྲོ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད།

ཨོ་ཌི་ཤ་རུ་ཁང་པ་ ༡༠ གསར་རྒྱག་བྱས་ཟིན་པ་དང་མི་མང་ལ་བགོ་འགྲེམས་ཟིན་པ་རེད། གཞིས་སྤོས་ལས་གཞིའི་ཐོ་ནང་དུ་མེད་རུང་ལ་དྭགས་སུ་ཁྱིམ་ཚང་ ༥༤ ཡི་ས་ཆ་མཁོ་སྒྲུབ་བྱས་ཏེ་ཕལ་ཆེར་གཞིས་ཁང་ ༢༧ ཙམ་ནང་སྲིད་ཀྱིས་བརྒྱབ་ཚར་བ་རེད། མན་སྤར་དུ་དཀའ་ངལ་ག་རེ་འདུག་ཟེར་ན། སྤྱིར་བཏང་མི་འགྲོ་མཁན་མང་པོ་ཡོད་པའི་ཐོག ས་ཆ་ས་མཐོ་བོ་ཡོད་པ་དང་ཨར་ལས་པ་མཁོ་སྒྲུབ་བྱ་རྒྱུ་ཁག་པོ་ཞེ་དྲགས་འདུག ང་ཚོས་ཁང་པ་ ༦༠ རྒྱག་དགོས་པ་སོགས་ཕོན་ཆེན་པོ་རྒྱག་དགོས་པས་མི་གཅིག་གིས་ཁང་པ་གཉིས་དང་གསུམ་ཙམ་ལས་རྒྱག་ཐུབ་ཀྱི་མེད་པར་བརྟེན། ལོ་མང་པོ་འགོར་རྒྱུའི་དཀའ་ངལ་འདུག་པས། དཀའ་ངལ་དེ་དག་སེལ་སླད་ཐབས་ཤེས་རབ་དང་རིམ་པ་བྱེད་བཞིན་ཡོད། ད་ལོ་ང་ཚོས་མགོ་འཛུགས་ཐུབ་རྒྱུའི་རེ་བ་ཞུ་ཡི་ཡོད།

ཧོན་སུར་དུ་ས་བགོས་ལས་གཞི་སྤེལ་བཞིན་པ།

དྲི་བ། ཧོན་སུར་དང་ཀོ་ལི་གྷལ་དུ་གཞིས་སྤོས་ལས་གཞིའི་གནས་སྟངས་གང་འདྲ་འདུག

ལན། ཧོན་སུར་དུ་མི་ཚང་གཅིག་གིས་ཁང་པ་བརྒྱབ་ཟིན་པ་རེད། ཀོ་ལི་གྷལ་དུ་མི་ཚང་གཅིག་གིས་རྒྱག་བཞིན་པ་རེད། དེ་ཚོ་སོ་སོས་རྒྱག་རྒྱུ་རེད། ང་ཚོས་དེ་དང་འབྲེལ་ནས་རོགས་དངུལ་སྤྲོད་དགོས་པ་ཆགས་ཀྱི་ཡོད་ལ། རོགས་དངུལ་འབུམ་བདུན་དང་ཕྱེད་ཀ་དེ་དང་ཐོག་ནས་སྤྲད་པ་ཡིན་ན་དཀའ་ངལ་ཞིག་རེད། ཁོས་ཁང་པ་རྒྱག་གི་ཡོད་དང་མེད་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་རེད། དེར་བརྟེན་དེ་ལའང་ལམ་སྟོན་ཞིག་བཟོས་ནས་ཁྱེད་རང་གིས་ཁང་པ་བཟོ་མགོ་བཙུགས་ནས་ཉི་གཡོལ་ (སྒེའུ་ཁུང་གི་སྒང་དུ་ཉི་མ་གཡོལ་རྒྱུའི་) བར་དུ་བསླེབས་དུས་བརྒྱ་ཆ་ ༥༠ ཡང་ན་ ༣༧༥,༠༠༠ སྤྲོད་ཀྱི་ཡོད་ལ། དེའི་རྗེས་ཆ་ཚང་ཚར་བ་ཡིན་ན་ཚར་སོང་ཟེར་ནས་ས་གནས་མགོ་འཛིན་གྱིས་ང་ཚོར་པར་དང་བཅས་པ་ཚང་མ་བསྐུར་ཡོང་གི་རེད། དེ་དུས་ཕྱེད་ཀ་དེ་སྤྲད་ནས་ཁོང་ཚོར་རག་དགོས་པ་ཆ་ཚང་ང་ཚོས་འབུལ་གྱི་ཡོད་པ་རེད། གང་ལྟར་ངས་གོང་དུ་ཞུས་པ་བཞིན་སོ་སོའི་དཔལ་འབྱོར་གྱི་གནས་སྟངས་ལ་དཔག་པའི་ཁང་པ་གང་འདྲ་རྒྱག་རུང་འབུམ་ ༢༠ དང་ ༡༠ འབུམ་ ༡༥ སོགས་ཀྱིས་རྒྱག་ནའང་སོ་སོའི་འདོད་པ་རེད།

 དྲི་བ། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་གནས་སྟངས་གང་འདྲ་ཡིན་ན།

ལན།  མོན་གྷོ་རུ་ཁང་པ་གསར་རྒྱག་བྱེད་པར་དཀའ་ངལ་བྱུང་བ་ནི། ཁུལ་དེར་འགྲོ་ལམ་རག་གི་མེད་པའི་རྐྱེན་གྱིས་དཀའ་ངལ་བྱུང་སོང་། ཉེ་ཆར་འགྲོ་ལམ་དེ་བཟོས་ཚར་བ་རེད།  མོན་གྷོ་རུ་འགྲོ་མཁན་ཁྱིམ་ཚང་ ༡༠༩ ཡོད་པའི་ནང་ནས། དེ་སྔ་ཁྱིམ་ཚང་ ༤༣ བགོས་ཟིན་པ་རེད། འཕྲོས་དེ་ཕྱི་ཟླ་ ༩ པའི་ནང་མོན་གྷོ་དང་བདེ་སླར་སོགས་ལ་ལྷག་མ་ཆ་ཚང་བགོ་བཤའ་རྒྱག་རྒྱུ་རེད། དེར་བརྟེན་ང་ཚོས་ཚར་བ་ཆ་ཚང་བགོ་བཤའ་རྒྱག་གི་ཡོད།

མོན་གྷོ་རུ་གཞིས་ཁང་གསར་རྒྱག་དང་འབྲེལ་ནས་ཚོགས་འདུ་འཚོག་བཞིན་པ།

 དྲི་བ། གཞིས་ཁང་གསར་རྒྱག་གི་ཐོ་གཞུང་ནང་ཐོ་འགོད་བྱས་ཏེ། ས་ཆ་རག་ཟིན་པའམ་ཡང་ན་ས་ཆ་རག་རྒྱུར་སྒུག་བསྡད་ཡོད་པ་དེ་འདྲ་སྒེར་ངོས་ནས་ཕྱི་རྒྱལ་དུ་ཕྱིན་པ་ཡིན་ན། ག་འདྲ་གནང་གི་རེད།

ལན། སྤྱི་ཡོངས་ཀྱིས་ས་ཁང་སྒྲིག་གཞི་དང་གང་བཀོད་པ་ཆ་ཚང་ནང་གཏན་དུ་བསྐྱོད་འགྲོ་མཁན་ཞིག་ཡིན་ན་རང་བཞིན་གྱིས་མེད་པ་ཆགས་ནས་ཡར་བསྡུ་དགོས་ཀྱི་ཡོད་པ་རེད། དཔེར་ན། ད་ལན་འདིའི་ནང་ཨོ་གླིང་དུ་འགྲོ་མཁན་ཡིན་པ་མ་ཟད་གཞིས་སྤོས་ནང་ཡོད་མཁན་ཕལ་ཆེར་ཁྱིམ་ཚང་ ༤༩ འདུག དེར་བརྟེན་ཁྱིམ་ཚང་ ༤༩ དེ་དག་ཆ་ཚང་མར་བཏོན་པ་རེད། རྒྱུ་མཚན་ནི་ཁོང་ཚོའི་ཐོ་ཐོན་ཚར་འདུག་ལ། སང་ཉིན་གནངས་ཉིན་འགྲོ་མཁན་རེད་པཱ། འགྲོ་མཁན་ཞིག་ལ་སྤྲད་ནས་རྒྱུ་མཚན་མེད་པ་དང་ཆ་རྐྱེན་དང་ལྡན་གྱི་མེད། ཆ་རྐྱེན་གྱི་ནང་དུའང་དེ་ལྟར་བྲིས་ཡོད་པ་ལྟར། ཕྱི་རྒྱལ་དུ་འགྲོ་ལ་ཉེ་བ་དང་འགྲོ་ཟིན་པ་དེ་དག་ཆ་ཚང་འཁོད་ཡོད་པ་རེད། དེ་ལ་བཟང་ཕྱོགས་ནས་ལྟ་ཕྱོགས་ཤིག་འདུག ཁ་ཤས་ཕྱི་རྒྱལ་དུ་འགྲོ་ཡི་ཡོད་ཀྱང་མ་ལབ་ནས་སྡོད་མཁན་ཁག་ཅིག་འདུག ཁ་ཤས་ཀྱིས་ཁོ་འགྲོ་ལ་ཉེ་བ་དང་ཕྱིན་ཚར་འདུག་ཟེར་བའི་གནས་ཚུལ་ཡོད་པ་དེ་དག་ལ་ང་ཚོས་དངོས་ཡོད་ཡིན་མིན་རྩད་གཅོད་བྱེད་ཀྱི་ཡོད། དེ་འདྲ་ཡོད་པ་ཡིན་ན། དཔེར་ན་ད་ལྟ་ངས་གོང་དུ་ཞུས་པ་བཞིན། དེ་གཞུང་འབྲེལ་ཆགས་ཀྱི་ཡོད་པས་ང་ཚོས་ལམ་སེང་ཧ་གོ་ཡི་རེད། དེ་མིན་གཞུང་འབྲེལ་མ་ཡིན་པར་སོ་སོ་སྒེར་གྱི་ངོས་ནས་འགྲོ་མཁན་ཁ་ཤས་ཤིག་འདུག ང་ཕྱི་རྒྱལ་དུ་འགྲོ་ཡི་ཡིན་ཟེར་མཁན་འདུག ཕྱི་རྒྱལ་དུ་ཕྱིན་པ་ཡིན་ན། ང་ཚོས་ས་ཆ་སྤྲད་ཟིན་པ་དེ་དག་ས་གནས་མགོ་འཛིན་ལ་ཞུས་ནས་ཡར་ལེན་གྱི་ཡོད་པ་རེད། དེ་མིན་སྒུག་ཐོའི་ནང་དུ་ཡོད་ན་རྗེས་མ་ས་བགོས་ཀྱི་མིང་ནང་བསླེབས་ཀྱི་མ་རེད། ཆ་རྐྱེན་དང་ལྡན་གྱི་མ་རེད། ཕྱི་རྒྱལ་དུ་འགྲོ་རྒྱུ་ཡིན་ན། ང་ཚོས་མར་འཐེན་རྐྱང་བྱེད་ཀྱི་རེད།

སྦེལ་ཀོབ་ལུགས་བསམ་དུ་གཞིས་སྤོས་ལས་གཞིའི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་རྣམས།

དྲི་བ། གཞུང་ནས་ས་ཆ་སྤྲད་དེ་ཁང་པའང་རྒྱག་གི་ཡོད་པ་དེ་ཚོའི་ཁང་པའི་གནས་སྟངས་ག་འདྲ་ཡོད་དམ།

ལན། ཨོ་ཌི་ཤ་དང་མན་སྤར་ནང་ང་ཚོས་ཁང་པ་རྒྱག་བཞིན་ཡོད་པ་རེད། ང་ཚོས་བརྒྱབ་པའི་ཁང་པ་ལ་དབྱེ་བ་གཉིས་ཡོད། མི་གྲངས་གསུམ་ཅན་ཞིག་ལ་ཁང་པའི་ནང་ཉལ་ཁང་གཉིས་དང་སྡོད་ས་གཅིག དེ་བཞིན་ཐབ་ཚང་དང་། གསང་སྤྱོད་འཁྲུས་ཁང་ཆ་ཚང་ཡོད་པ་རེད། མི་གྲངས་བཞི་ལས་བརྒལ་ཡོད་ན་ཉལ་ཁང་གསུམ་དང་སྡོད་ས་གཅིག གསང་སྤྱོད་གཉིས་བཅས་ཅུང་ཙམ་རྒྱས་པ་ཞིག་ཡོད། གཞན་དེ་མི་གཅིག་གམ་ཁྱིམ་ཚང་སོགས་གང་ཡིན་ཡང་ས་ཆ་གཅིག་པ་རེད། ཁང་པའི་རྒྱ་ཆེ་ཆུང་སོ་སོས་རྒྱག་རྒྱུ་རེད། ང་ཚོས་རོགས་དངུལ་གྱི་དོད་འབུལ་རྒྱུ་རེད།

ཨོ་ཌི་ཤ་ལ་མཚོན་ན་ཁང་པ་ ༦༩ ཙམ་ཡར་ཕུལ་ཡོད་པ་རེད། ང་ཚོས་ཨོ་ཌི་ཤའི་ནང་ལམ་ཁ་དང་གློག་བཟོ་མི་དགོས་ལ། ཆུ་ཡང་འཐེན་དགོས་ཀྱི་ཡོད་པ་མ་རེད། ང་ཚོས་ཁང་པ་བཟོ་རྒྱུ་གཅིག་པོ་རེད། ཁང་པའི་འགྲམ་དུ་ཁོར་ཡུག་གང་ཡོད་ཁོང་ཚོར་བདག་གི་ཡོད་པས་རྒྱ་ཆེན་པོ་རེད། ངས་གོང་དུ་ཞུས་པ་བཞིན་ལྷོ་ཕྱོགས་སུ་གྷུན་ཌ་ལྔ་ཟེར་གྱི་ཡོད་པ་དང་། ཕི་ཌི་གྲུ་བཞི་མ་ལྔ་སྟོང་དང་། སྨི་ཊར་གྲུ་བཞི་མ་ ༥༠༦ ཆགས་ཀྱི་ཡོད།

དྲི་བ། བཀའ་ཤག་སྐབས་བཅུ་དྲུག་པ་རྫོགས་ཏེ་སྐབས་བཅུ་བདུན་པ་བསླེབ་དགོས་ཀྱི་ཡོད་པས། གཞིས་སྤོས་ལས་གཞི་འདི་མུ་མཐུད་དུ་འགྲོ་ཐུབ་ཀྱི་རེད་དམ།

ལན། ཆབ་སྲིད་ཀྱི་འགྱུར་ལྡོག་ཐོག་ནས་ངས་ད་ལྟ་དེ་ཚོད་དཔག་ཐུབ་ཀྱི་མ་རེད། ངས་གླེང་སྟེགས་འདི་བརྒྱུད་ནས་ཐོ་འགོད་བྱས་ཟིན་པ་རྣམས་ཀྱིས་དུས་ཚོད་སྤྲད་ཟིན་པའི་ནང་ལས་ཀ་བྱ་ཐུབ་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ད་ལྟའི་ཆར་ཁང་པ་རྒྱག་པ་དང་རོགས་དངུལ་སྤྲད་ཀྱི་ཡོད་པ་རེད། མ་འོངས་པར་བཀའ་ཤག་གཞན་བསླེབས་ན་འགྱུར་འགྲོ་མི་སྲིད་པ་མ་རེད། འགྱུར་བ་ཕྱིན་ཚེ་ང་ཚོས་ཀྱང་དེ་གཞིར་བཟུང་འགྲོ་དགོས་པ་རེད། ལས་གཞི་འདི་མུ་མཐུད་ནས་འགྲོ་བ་དང་ཡང་ན་ཆད་འགྲོ་བ་ཞུ་ཐུབ་ཀྱི་མ་རེད། དངོས་གནས་ལས་གཞི་འདི་མུ་མཐུད་འགྲོ་དགོས་པ་ཞིག་རེད། ལས་གཞི་འདི་སྤྱིའི་བདེ་དོན་ཞིག་ཆགས་ཡོད་དུས། ལས་ཀ་མགོ་བརྩམས་ཡོད་པ་དེ་མཇུག་བསྐྱལ་དགོས་པ་གལ་ཆེན་པོ་རེད། མི་མང་གི་འདོད་པ་དང་བསྟུན་དགོས་པ་རེད། ངས་ལས་གཞི་འདི་མུ་མཐུད་འགྲོ་བ་ཡིན་ན་མང་ཚོགས་ལ་ཁེ་ཕན་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese