བོད་དང་ཤར་ཊུ་ཀི་སི་ཐན། ཧོང་ཀོང་དང་ཐའེ་ཝན་སོགས་ཀྱི་སྐོར་ལ་གླེང་སློང་བྱེད་མཁན་གྱི་ཉི་ཧོང་གྲོས་ཚོགས་འཐུས་མི་ཞིག་ལ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ཟེར་བར་ཁ་གཡར་ནས་ཉེས་ཆད་བཏང་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལ྄མ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཉི་ཧོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཟེ་གེ་ཧའེ་ (Seki Hei) ལགས་ཀྱིས། བོད་དང་ཤར་ཊུ་ཀི་སི་ཐན། ཧོང་ཀོང་། ཐའེ་ཝན། ད་དུང་ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་ཆེ་བའི་ཏུའོ་ཡོ་ (Diaoyu) གླིང་ཕྲན་སོགས་ཀྱི་ལོ་རྒྱུས་སྐོར་ལ་འཁྱོག་བཤད་བྱས་ཏེ། རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པའི་ངོས་འཛིན་འོག་ཉེས་ཆད་བཏང་ཡོད་སྐོར་བསྒྲགས་འདུག
དེ་འབྲེལ་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་གྲོས་ཚོགས་འཐུས་མི་ཟེ་གེ་ཧའེ་ལགས་སུ་རྒྱ་ནག་ཏུ་ཡོད་པའི་རྒྱུ་དངོས་ཡོངས་བཀག་སྡོམ་བྱས་ཏེ། འབྱུང་འགྱུར་ཁོང་དང་འབྲེལ་འདྲིས་ཡོད་པའི་ཚོགས་སྡེ་ཁག་དང་མི་སྒེར་བཅས་ཀྱི་བར་དངུལ་སྤྲོད་ལེན་དང་ལས་འབྲེལ་སོགས་གང་ཡང་བྱེད་མི་ཆོག་པར་མ་ཟད། ཁོང་རྒྱ་ནག་ཏུ་བསྐྱོད་པར་ཐོངས་མཆན་བཀག་སྡོམ་དང་། དེ་བཞིན་ཁོང་གི་ནང་མི་གཉེན་ཉེ་སོགས་ཨོ་མིན་དང་ཧོང་ཀོང་ནང་བསྐྱོད་མི་ཆོག་པར་བཟོས་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་བསྒྲགས་གཏམ་ནང་། ཉི་ཧོང་གྲོས་ཚོགས་འཐུས་མི་ཟེ་གེ་ཧའེ་ཡིས་བོད་དང་ཧོང་ཀོང་། ཤར་ཊུ་ཀི་སི་ཐན། ཐའེ་ཝན་སོགས་ཀྱི་སྐོར་ལ་ལོག་འགྲེལ་བརྒྱབ་སྟེ། རྒྱ་ནག་གི་མངའ་ཁོངས་བདག་དབང་དང་མངའ་ཁུལ་བརྟན་བརླིང་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། ཅེས་བརྗོད་འདུག
ཉི་ཧོང་གི་བློན་ཆེན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོ་དང་མགྲིན་ཚབ་པ་མཐོ་ཤོས་སྐུ་ཞབས་ཡོ་ཤི་མཱ་ས་ (Yoshimasa Hayashi) ལགས་ཀྱིས། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོའི་སྨྲ་བརྗོད་རང་དབང་ནི་ཉི་ཧོང་གི་མང་གཙོའི་གཞི་རྩའི་ཐོབ་ཐང་ཡིན་སྟབས། རྒྱ་ནག་གི་སྐུ་ཞབས་ཟེ་གེ་ཧའེ་ལ་བཀལ་བའི་ཉེས་ཆད་དག་ནི་ཁས་ལེན་བྱེད་ཐབས་བྲལ་བ་མ་ཟད། འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག
ཉི་ཧོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཟེ་གེ་ཧའེ་ (Seki Hei) ལགས་འདི་ལོའི་ཕྱི་ཟླ་ ༧ ནང་ཉི་ཧོང་གི་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་ཞིང་། ཁོང་གི་འོས་བསྡུའི་དྲིལ་བསྒྲགས་སུ་ཉི་ཧོང་ནས་རྒྱ་ནག་ཐོག་སྲིད་ཇུས་མཁྲེགས་འཛིན་བྱ་དགོས་སྐོར་གཙོ་འདོན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོར་ཁོང་གིས་ཉི་ཧོང་རྒྱ་ནག་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་མཉམ་ཞུགས་མི་བྱེད་པར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་ཞུས་མྱོང་བ་ལྟར། སྐབས་དེར་ཉི་ཧོང་གི་གཞུང་འབྲེལ་སྐུ་ཚབ་གཅིག་ཀྱང་མངགས་གཏོང་བྱས་མེད་པ་རེད།
ཉི་ཧོང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཟེ་གེ་ཧའེ་ (Seki Hei) ལགས་ནི་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་སི་ཁྲོན་ཞིང་ཆེན་ནང་སྐྱེས་པའི་རྒྱ་རིགས་ཤིག་ཡིན་ཞིང་། ཕྱི་ལོ་ ༡༩༨༨ ལོར་ཉི་ཧོང་ནང་སློབ་སྦྱོང་བྱེད་དུ་ཕྱིན་པ་ནས་ཉི་ཧོང་དུ་གཏན་སྡོད་བྱས་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཉི་ཧོང་གི་མི་སེར་ཐོབ་ཐང་ཐོབ། ཉི་ཧོང་ནང་ཡོངས་གྲགས་ཐོག་ཁོང་ནི་རྒྱ་ནག་གི་དྲུག་བཞི་དོན་རྐྱེན་དང་འབྲེལ་ནས་རྒྱ་ནག་དམར་ཤོག་གཞུང་ལ་ཞེན་པ་ལོག་མཁན་ཞིག་ཡིན་པར་ངོས་འཛིན་བྱས་དང་བྱེད་མུས་ཡིན་པའི་ཁར། རྒྱ་ནག་དམར་ཤོག་ཚོགས་པའི་ཁ་གཏད་གཅོག་མཁན་ཞིག་ཀྱང་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།




