རྩོམ་པ་པོ། ཨུ་རྒྱན་བསྟན།
རྩོམ་ཁུངས། བོད་ཀྱི་དུས་བབ།
དངུལ་དངོས་ལ་བརྟེན་ནས་འོས་བསྡུའི་གྲུབ་འབྲས་ལ་ཤུགས་རྐྱེན་སྤྲོད་པ་ནི་མང་གཙོའི་ཡུལ་ལུང་ཁག་གི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པས། རྒྱལ་ཁབ་མང་པོས་ཁྲིམས་ཐོག་ནས་འོས་བསྡུའི་འགྲོ་གྲོན་ཡོང་ཁུངས་དང་གཏོང་ཁུངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ལམ་སྲོལ་བཟོས་ཡོད།
ཕྱི་ལོ་ ༢༠༡༡ ལོར་བཀའ་བློན་ཁྲི་པ་འོས་བསྡུའི་སྐབས། འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། བློ་བཟང་སེང་གེ་ལགས་རྣམ་གཉིས་ལ་བོད་ཀྱི་བང་ཆེན་གསར་ཁང་གིས་འོས་བསྡུའི་འགྲོ་གྲོན་སྐོར་བཅར་འདྲི་(༢༠༡༡།༢།༡༢)བྱས་པའི་ནང་། བཀྲས་མཐོང་ལགས་སུ་ཞལ་འདེབས་ཨ་སྒོར་ཉིས་ཁྲི་ཙམ་བྱུང་སྐོར་དང། བློ་སེང་ལགས་ནས་ཞལ་འདེབས་ཇི་བྱུང་གི་སྡོམ་འབོར་མ་གསུངས་པར་འགྲོ་སོང་གཏོང་མཁན་མང་པོ་ཞིག་གླེང་སྟེ། སྐབས་བཅོ་ལྔ་པའི་གྲོས་ཚོགས་སུ་འོས་མི་ཚོས་འགྲོ་སོང་གཏོང་ཕྱོགས་སྐོར་གྱི་ཁྲིམས་གཏན་འབེབས་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་འདུག[1]
ཕྱི་ལོ་ ༢༠༡༥།༦།༡༠ ཉིན་དབུས་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་ཤིག་བཀྲམ་པའི་ནང་། ༡། སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་གཞིར་ཞུགས་མི་སོ་སོའི་དྲིལ་བསྒྲགས་ཐོག་དངུལ་གྲོན་གཏོང་རྒྱུའི་ཚད་གཞི། སྲིད་སྐྱོང་ལ་ཧིན་སྒོར་ ༨༠༠,༠༠༠།༠༠ (བརྒྱད་འབུམ་ཐམ་པ།) སྤྱི་འཐུས་བྱེ་བྲག་པ་ལ་ཧིན་སྒོར་ ༣༠༠,༠༠༠།༠༠ (གསུམ་འབུམ་ཐམ་པ།) ལས་མ་བརྒལ་བ་གཏོང་ཆོག་ཀྱང་། འགྲོ་གྲོན་གཏོང་རྒྱུའི་དངུལ་འབོར་ཁྲིམས་མཐུན་ཡིན་དགོས།
༢། སྤྱི་སྒེར་སུ་ཐད་ནས་སྲིད་སྐྱོང་ངམ་སྤྱི་འཐུས་འོས་གཞིའི་སྐྱེ་བོ་དེའི་ཡིག་ཐོག་ཆོག་མཆན་མེད་པར་ས་གནས་གང་དུ་ཡང་རྒྱབ་གཉེར་གསལ་བསྒྲགས་དང་དེ་འབྲེལ་འགྲོ་སོང་གཏོང་མི་ཆོག ཆོག་མཆན་ཡོད་པའི་འགྲོ་སོང་ཁག་འོས་གཞིར་ཡོད་པའི་སྐྱེ་བོ་དེའི་འོས་བསྡུ་དང་འབྲེལ་བའི་འགྲོ་གྲོན་རྩིས་ཁྲའི་ཁོངས་སུ་བརྩི་དགོས།
༣། འོས་གཞིའི་སྐྱེ་བོ་སོ་སོའི་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་མཐའ་དག་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གོང་འོས་མི་ཡོང་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་དུ་འབུལ་དགོས།[2]ཞེས་དོན་ཚན་དགུ་ཅན་ཞིག་འཁོད་འདུག
གསལ་བསྒྲགས་འདི་ནི་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༣ ནང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་ ༩ པར་ནང་དོན་གསར་འཇུག་བྱས་ཏེ་“སྲིད་སྐྱོང་དང། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ཞུགས་མི་དང་། དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་གཏན་འབེབས་དང་། རྩིས་ཁྲ་འབུལ་ཕྱོགས། དྲིལ་བསྒྲགས་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་ཁ་གསལ་བྱེད་དགོས།”ཞེས་པའི་འབྲུ་དོན་འོག་ལག་བསྟར་བྱས་འདུག་ནའང་། ༢༠༡༨།༩ ནང་” སྲིད་སྐྱོང་དང། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་དགོས།”ཞེས་བསྐྱར་བཅོས་ཀྱིས་འོས་བསྡུའི་འགྲོ་གྲོན་རྩིས་རྒྱག་གི་ཆ་རྐྱེན་ཕྱིར་བསྡུ་བྱས་པ་སྔ་རྗེས་གཉིས་ཀ་བློ་བཟང་སེང་གེ་ལགས་ཀྱི་ལས་ཡུན་སྐབས་ཡིན་པས། དེའི་དམིགས་འབེན་ ༢༠༢༡ ལོའི་འོས་བསྡུ་ཆེན་མོ་ཡིན་པ་སྐབས་དེར་ཕྱིར་བལྟས་བསློགས་ན། སྤེན་པ་ཚེ་རིང་ལགས་ཀྱིས་མགོ་ནས་མཇུག་བར་རང་ཁྱིམ་དུ་དྲ་ལམ་ནས་དྲིལ་བསྒྲགས་བྱས་ཏེ། འགྲུལ་བསྐྱོད་ཀྱི་འགྲོ་སོང་གང་ཡང་གཏོང་དགོས་བྱུང་མེད་ནའང་། སྐལ་རྡོར་ལགས་རང་ཉིད་དང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་སྐབས་དེའི་སྲིད་སྐྱོང་ལས་ཐོག་དང་བཀའ་བློན་འཁོར་ལྷ་ཚང་། རྒྱབ་སྐྱོར་བ་གཞན་དག་བཅས་ནས་སྒྲིག་གཞི་ཕྱིར་བསྡུ་བྱས་པའི་ཆ་རྐྱེན་དེ་བཀོལ་སྤྱོད་ཇི་ཙམ་ཞིག་གནང་ཡོད་པ་ང་ཚོའི་སྤྱི་ཚོགས་ནང་ཡོངས་གྲགས་ཆགས་ཡོད།
རྒྱ་གཞུང་གིས་བལ་ཡུལ་དང་པ་ཀི་སི་ཐན་སོགས་ཡེ་ཤ་ཡའི་རྒྱལ་ཁབ་ཁག་ཙམ་དུ་མ་ཟད། ཨ་རིས་གཙོས་པའི་ཁེ་ན་ཌ་དང་། ཨོ་སི་ཀྲི་ལི་ཡ་སོགས་ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཀྱི་འོས་བསྡུའི་ནང་དངུལ་དངོས་ཀྱིས་བསླུ་བྲིད་བྱེད་བཞིན་པའི་གནས་ཚུལ་རྒྱུན་མཐུད་ཡོང་བཞིན་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་རྒྱ་གཞུང་གི་བསླུ་བྲིད་དུ་ཤོར་བའི་རྩོད་གླེང་མཐོ་རིམ་གནད་ཡོད་མི་སྣ་བར་དུ་བྱུང་བ་དཔེར་ན། སྲིད་ཟུར་བློ་བཟང་སེང་གེ་ལགས་ཕྱི་སྡོད་རྒྱ་རིགས་ཀྱི་ངོ་བོའི་ཐོག་རྒྱ་ནག་ཏུ་ཕེབས་[3]པ་མ་ཟད། འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་དུ་མ་ཞིག་ལ་འབྲེལ་འདྲིས་ཡོད་པ་དང་། ཐ་ན་ཨ་རིའི་བྷོ་སི་ཊོན་དུ་གཟིམ་ཤག་གསར་ཉོ་གནང་བའི་དངུལ་གྱི་ཡོང་ཁུངས་རྒྱ་གཞུང་ལ་ཐུག་ཡོད་སྐོར་དང་། ད་དུང་ས་ཁང་འགའ་རེ་ཡོད་སྐོར་སོགས་ད་དུང་རྩོད་གཞིའི་ངོ་བོར་ལྷག་ཡོད་པ་དེ་དག་ཁྲིམས་ཐོག་ནས་བདེན་རྫུན་ཤན་འབྱེད་གནང་བ་བྱུང་མེད་ནའང་། ཁོང་སྲིད་སྐྱོང་ཡུན་ཚད་གཉིས་པའི་སྐབས་ཀྱི་གནང་སྟངས་ཁག་ཅིག་གཞན་དབང་སྟབས་བསྟུན་གྱི་གནོན་ཤུགས་འོག་ཏུ་ཚུད་ཟིན་པ་མི་མང་པོས་དོགས་པ་བྱེད་བཞིན་ཡོད།
ད་ཆ་སྒྲིག་གཞིའི་ནང་འོས་བསྡུའི་འགྲོ་སོང་རྩིས་རྒྱག་དགོས་པའི་ཆ་རྐྱེན་ཕྱིར་བསྡུ་བྱས་ཟིན་པ་བདེན་ནའང་། ད་དུང་དོན་ཚན་ ༢༤ ནང་གསེས་དང་པོར། འོས་གཞིའི་སྐྱེ་བོ་སུ་རུང་ནས་དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་གྱིས་འོས་གཞིར་འཛུལ་ཞུགས་བྱས་པའམ་བྱེད་དུ་བཅུག་པ་ཡིན་ཚེ། དོན་ཚན་ ༢༥ ནང་གསེས་དང་པོར། འོས་གཞིའི་སྐྱེ་བོ་དེའི་འོས་ཤོག་ཆ་ཚང་རྩིས་མེད་གཏོང་རྒྱུ་[4]ཡིན་པས། རང་འགུལ་གྱི་སྒོ་ནས་དངུལ་དངོས་ཞལ་འདེབས་ཇི་བྱུང་དང་འགྲོ་སོང་གར་བཏང་སྐོར་གསལ་བཤད་མ་གནང་ཚེ། དྲི་བ་འགོད་མཁན་ཞིག་ལ་ལན་འདེབས་བྱེད་ཁག་པོ་དང་། གྱོད་འཛུགས་བྱེད་མཁན་བྱུང་ན་དེ་བས་འ་སུབ་མ་འདུས་པ་ཡོང་བའི་ཉེན་ཁ་ཡོད།
སྐལ་རྡོར་ལགས་ཀྱིས་ ༢༠༢༡ ལོའི་འོས་བསྡུའི་འགྲོ་གྲོན་སྐོར་ལ་གསལ་བཤད་གནང་བ་མཐོང་མ་མྱོང་ལ། ད་རེས་རྒྱ་གར་ནང་ཕྱོགས་ཕེབས་གནང་སྟངས་འགོ་འཛུགས་ཟིན་པར་བལྟས་ན། ཟླ་གྲངས་ཁ་ཤས་རིང་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཕུད་པའི་མི་གཅིག་བོད་མི་གནས་ཡུལ་ས་གནས་ཕར་ཚུར་འགྲུལ་སྐྱོད་དང་། མགྲོན་ཁང་གི་འགྲོ་སོང་ཁོ་ན་དེ་སྔའི་འོས་བསྡུ་ལས་ཁང་གི་ཚད་གཞི་ལས་ལྡབ་གཉིས་ཀྱིས་བརྒལ་ངེས་ཡིན་པ་མ་ཟད། རོགས་པ་མཉམ་ཁྲིད་སོགས་ཀྱི་འགྲོ་སོང་བསྣན་ན། འགྲོ་སོང་དེ་ལས་ཆེན་པོ་ཆགས་རྒྱུ་ཡིན་པས། གླ་འབབ་ཡོང་ཁུངས་གཏན་འཇགས་དང་། དངུལ་གྱི་ཡོང་འབབ་ངེས་བརྟན་མེད་མཁན་ཞིག་གིས་སྒེར་ངོས་ནས་འགྲོ་སོང་དེ་རྣམས་གཏོང་ཐུབ་པའི་གནས་སྟངས་མེད་པ་གསལ་པོ་རེད།
རྒྱ་གཞུང་གིས་རྒྱལ་ཁབ་གཞན་གྱི་འོས་བསྡུའི་ནང་ཐེ་བྱུས་བྱེད་སྟངས་དེ་འོས་གཞི་གང་དེར་ཐད་ཀར་ལྐོག་དངུལ་སྤྲོད་པ་མིན་པར། ཚོང་ལས་སོགས་ཚོགས་སྡེ་དང་མི་སྒེར་གྱི་མིང་ཐོག་ནས་རོགས་སྐྱོར་དང་། མཐུན་འགྱུར། ཞལ་འདེབས། རྒྱབ་སྐྱོར་སོགས་ཀྱི་རྣམ་པའི་ཐོག་ནས་ཡོང་གི་ཡོད་པས། ལྐོག་རྔན་སྤྲོད་ལེན་བྱེད་མཁན་དེ་རིགས་རྒྱལ་ཁབ་སོ་སོའི་ནག་ཉེས་ཀྱི་ཁྲིམས་ཆད་ཕོག་པའི་གནས་ཚུལ་ཉུང་ཉུང་ཡིན་ནའང་། གསར་འགྱུར་བརྒྱུད་ལམ་གྱི་ཞིབ་འཇུག་དང་། གནས་ཚུལ་དབྱེ་ཞིབ། ཁྲིམས་གཏུགས་ཡིག་ཆ། གཞུང་ངམ་བློ་མཛོད་ཁང་གི་སྙན་ཐོའི་ནང་རྒྱ་གཞུང་གིས་ཐེ་བྱུས་བྱེད་སྟངས་བཀོད་པ་དེར་མི་ཕལ་ཆེ་བས་ཡིད་ཆེས་བྱེད་ཀྱི་ཡོད།
ལྐོག་རྔན་སྤྲོད་ལེན་གྱི་གནས་སྟངས་དེས་མང་གཙོའི་སྲོག་སྙིང་དུ་བརྩི་བའི་དྲང་བདེན་དང་འདྲ་མཉམ། རང་དབང་གི་རྩ་དོན་ལ་དོ་ཕོག་གཏོང་བ་མ་ཟད། གཞན་གྱི་དངུལ་དངོས་བླངས་པའི་འོས་གཞི་དེ་ཐོབ་པ་ཡིན་ན། སྣ་ཐག་མིའི་ལག་ཏུ་ཤོར་ཟིན་པས། གནད་འགག་གི་སྐབས་སུ་སྣ་ཐག་གིས་གར་ཁྲིད་ཡིན་པ་ཆོས་ཉིད་རེད།
སྐལ་རྡོར་ལགས་ལ་ཞལ་འདེབས་འབུལ་མཁན་ཡོད་ཆོག་པ་དང་། ཡོད་དགོས་ངེས་ཡིན་ནའང་། མི་མང་པོ་ཞིག་གིས་སྐལ་རྡོར་ལགས་ཀྱི་ཞལ་འདེབས་ཡོང་ཁུངས་སུ་སྲིད་ཟུར་དང་འབྲེལ་འདྲིས་ཡོད་པའི་རྒྱ་གཞུང་འཐབ་ཕྱོགས་གཅིག་གྱུར་མ་ལག་གི་མི་སྣ་ཡིན་པའི་དོགས་གཞི་ཅན་ཚོ་དང་། རྒྱ་གཞུང་ལ་རྒྱབ་བསྙེས་པའི་དོལ་རྒྱལ་རྗེས་འབྲངས་པ་དང་། མངོན་གསལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸ཆེན་པོ་མཆོག་ལ་མཚན་སྨད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁ་གཏད་དུ་ལངས་མཁན་འགའ་ཤས་ཤིག་ཡོད་པའི་ལབ་གླེང་ཡོང་བཞིན་འདུག་པས། འོས་བསྡུའི་འགྲོ་གྲོན་རྩིས་རྒྱག་གི་སྒྲིག་གཞིའི་ཆ་རྐྱེན་ཡོད་མེད་ལ་མ་ལྟོས་པར། ལབ་གླེང་དེའི་སྒོ་འགོག་ཐབས་ཡག་ཤོས་དང་། མང་གཙོའི་རིན་ཐང་ལ་བརྩི་བཀུར་ཡོད་པའི་རྣམ་འགྱུར་ཡག་ཤོས་ནི། ཞལ་འདེབས་ཇི་བྱུང་དང་། དེའི་ཡོང་ཁུངས། གཏོང་ཡུལ་བཅས་ཕྱི་གསལ་ནང་གསལ་བཟོ་རྒྱུ་དེ་རེད།
སྐལ་རྡོར་ལགས། ཁྱེད་རང་ལ་ཞལ་འདེབས་ཇི་བྱུང་སྐོར་མང་ཚོགས་ལ་གསལ་བཤད་གནང་རྒྱུའི་གྲ་སྒྲིག་ཡོད་དམ། །
[1] https://bangchen.net/2011-02-12-08-32-25/
[2] https://www.bod.asia/2015/06/
[3] https://www.jamyangnorbu.com/blog/2011/02/17/lobsang-sangay-and-the-issue-of-overseas-chinese-visas/?utm_source=chatgpt.com
མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།





