གངས་རིན་པོ་ཆེ་དང་འཕགས་བོད་འབྲེལ་ལམ་ཐོག་རྒྱལ་སྤྱིའི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ལས་རིམ་དང་འཕགས་བོད་འབྲེལ་ལམ་ཐོག་འགྲེམས་སྟོན་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༦ བར་བདུན་ཕྲག་གཅིག་གི་རིང་གངས་རིན་པོ་ཆེའི་བོད་རང་དབང་མཐུན་ཚོགས་ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག ཝཱ་རཱ་ཎཱ་སཱི་རུ་བོད་དོན་གོ་རྟོགས་ཀྱི་གཏམ་བཤད་ལས་རིམ་འཚོགས་ཡོད་ཅིང་། ཕྱི་ཚེས་ ༡༦ ཉིན་མཇུག་སྡོམ་གྱི་མཛད་སྒོའི་སྟེང་གངས་རིན་པོ་ཆེ་དང་འཕགས་བོད་འབྲེལ་ལམ་ཐོག་རྒྱལ་སྤྱིའི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ལས་རིམ་གནང་ཡོད་འདུག་ལ། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་བསྟན་འཛིན་མཁས་བཙུན་ལགས་དང་བདེ་ཆེན་སྒྲོལ་དཀར་ལགས་ཀྱིས་འཕགས་བོད་འབྲེལ་ལམ་ཐོག་འགྲེམས་སྟོན་གནང་ཡོད་འདུག
དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་སུ་ལས་རིམ་དེའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་དང་གངས་རིན་པོ་ཆེར་འགྲོ་སྐྱོད་བྱེད་པར་བཀག་སྡོམ་དང་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྟེན། བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཆ་ཚང་ཡོད་པའི་ཐོག་ནས་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་གཞི་མགོ་ཚུགས་ཡོད་པ་དང་། མང་ཚོགས་ཀྱི་རྒྱབ་སྐྱོར་གྱི་ཐོག་ནས་ལས་གཞི་འདི་ལ་ཀ་རོར་ (Crore) གཅིག་གི་མཚན་རྟགས་འབྱུང་ཚེ། རྒྱ་གར་དབུས་གཞུང་ལ་ཞུ་གཏུག་བྱ་རྒྱུ་ཡིན་སྐོར་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་རྒྱ་གར་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཉམ་འབྲེལ་གྱི་ཐོག་ནས་ལོ་ལྟར་རྒྱ་གར་གྱི་མང་ཚོགས་དང་། མཐོ་སློབ། སློབ་གྲྭ་ཁག་ཏུ་བོད་དོན་གོ་རྟོགས་དང་བོད་དོན་འཐབ་རྩོད་ཀྱི་ལས་གཞི་སྤེལ་གྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། འབུམ་རམས་པ་ཁར་ཝར་ (Dr. R. N. Kharwar) ལགས། གྷན་དྷིའི་རྒྱལ་སྤྱིའི་ཧིན་རྡུ་གཙུག་ལག་སློབ་གཉེར་ཁང་གི་ཆ་འཕྲིན་དང་སྐད་ཡིག་འཕྲུལ་ལས་ལྟེ་གནས་ཁང་གི་འགན་འཛིན་ཝི་རྗེ་ (Prof. Vijay Kaul) ལགས། ཨུ་ཏར་པ་ར་དྷེ་ཤི་མངའ་སྡེའི་དགེ་རྒན་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རི་ཐི་ཀ་དྷུ་བྷེ་ (Rithika Dubey) ལགས། ཝཱ་རཱ་ཎཱ་སཱི་ཡར་རྒྱས་ལྷན་ཁང་གི་ཚོགས་མི་ཨམ་བྷི་རི་ཤི་སིང་ (Ambrish Singh Bhola) ལགས། ཝཱ་རཱ་ཎཱ་སཱི་བུད་མེད་མཐོ་སློབ་ཀྱི་ངེས་སྟོན་པ་པུ་ཇ་ (Pooja Dixit) ལགས། སློབ་དཔོན་དྷི་རན་དྷ་ར་ (Dr. Dhirendra Kumar Rai) ལགས་སོགས་ཚོགས་ཞུགས་གནང་ཡོད་འདུག་ལ། ལས་རིམ་དེའི་ནང་སློབ་ཕྲུག་དང་དགེ་རྒན། གསར་འགོད་པ། བོད་དོན་རྒྱབ་སྐྱོར་བ། ཚོང་དཔོན་སོགས་མི་གྲངས་ ༢༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག
སྐབས་དེར་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། བོད་དང་རྒྱ་གར་བར་གྱི་ལོ་རྒྱུས་དང་། རིག་གཞུང་། ཆོས་ལུགས་སོགས་ཀྱི་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པ་ནན་བརྗོད་དང་། གངས་རིན་པོ་ཆེའི་གལ་གནད། གངས་རིན་པོ་ཆེ་ནི་ཆོས་ཕྱོགས་ཙམ་མིན་པར་ཨེ་ཤ་ཡའི་ཁུལ་གྱི་ཁོར་ཡུག་ལ་གལ་གནད་ཆེན་པོ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་བ་མ་ཟད། འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ཀྱི་ཡོད་སྐོར་དང་། མུ་མཐུད་དུ་གྲོས་མོལ་བྱེད་པའི་ཐོག་ནས་ཆབ་སྲིད་ཀྱི་གནད་དོན་དེ་དག་གོ་རྟོགས་སྤེལ་དགོས་སྐོར་སོགས་གསུངས་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།





