འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་ཕྱི་ལོ་ ༢༠༢༥ ལོའི་རྒྱལ་སྤྱིའི་གནས་ཚུལ་ཆེ་ཁག་བཅུ་ཕྱོགས་བསྡུས་བྱས།
ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་གཟེངས་རྟགས་རིགས་ལྔ་དེ་མི་ ༡༤ ལ་ཕུལ།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༣ ཉིན་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། ཕྱི་ལོ ༢༠༢༥ ལོའི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་མཚན་གཞུང་ཡོངས་བསྒྲགས་གནང་བ་ལྟར། ཨ་རིའི་བྷིར་ཁི་ལི་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་ (University of California) གི་སློབ་དཔོན་ཇོན་ཁི་ལཱར་ཁེ་ (John Clarke) ལགས་དང་། ཨ་རིའི་ཡེལ་གཙུག་ལག་སློབ་གླིང་ (Yale University) གི་སློབ་དཔོན་མེ་ཁེལ་ཌི་ཝོ་རེ་ཌི་ (Michael H. Devoret) ལགས། ཨ་རིའི་སན་ཐ་བྷར་བྷི་ར་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་ (University of California, Santa Barbara) གི་སློབ་དཔོན་ཇོན་མཱར་ཌི་ནི་སི་ (John M.Martinis) ལགས་བཅས་ཀྱིས་གློག་ལམ་ཞིག་བེད་སྤྱོད་བྱས་པ་བརྒྱུད་ཕྲ་མཐོང་མིན་པའི་ཚད་རྡུལ་གྱི་འགྲོས་དང་ནུས་ཤུགས་ཚད་འཇལ་གསར་རྙེད་བྱུང་བའི་ངོས་འཛིན་འོག་ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ། དེ་བཞིན་ཉི་ཧོང་ཀྱོ་ཊོ་གཙུག་ལག་སློབ་གླིང་གི་སློབ་དཔོན་སུ་སུ་མུ་ཀི་ཏ་གྷ་ཝ་ (Susumu Kitagawa) ལགས་དང་། ཨོ་གླིང་མེལ་བྷུར་ནེ་གཙུག་ལག་སློབ་གླིང་ (University of Melbourne) གི་སློབ་དཔོན་རི་ཆཱར་ཌི་རོ་བྷི་སོན་ (Richard Robson) ལགས། ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་གི་སློབ་དཔོན་ཨོ་མཱར་ཡཱ་གྷི་ (Omar M. Yaghi) ལགས་བཅས་ཀྱིས་ལྕགས་རིགས་ཀྱི་སྐྱེ་ལྡན་སྒྲོམ་གཞི་གསར་གཏོད་བྱས་པར་ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ། ཨ་རིའི་སྐྱེ་དངོས་ཚན་རིག་པ་མེ་རི་ (Mary E. Brunkow) ལགས་དང་། ཨ་རིའི་ནད་རིགས་སྔོན་འགོག་གི་ཚན་རིག་པ་ཧྥེ་རེ་ཌི་ (Fred Ramsdell) ལགས། ཉི་ཧོང་གི་ཨོ་ས་ཀ་གཙུག་ལག་སློབ་གཉེར་ཁང་ (Osaka University) གི་སློབ་དཔོན་ཤི་མོན་སཱ་ཀཱ་གྷུ་ཆི་ (Shimon Sakaguchi) ལགས་བཅས་ཀྱིས་ཕྱི་རོལ་གྱི་ནད་རིགས་སྔོན་འགོག་ཐུབ་པའི་ནུས་པ་གསར་རྙེད་ཐུབ་པར་བརྟེན་ལུས་ཁམས་རིག་པའམ་སྨན་བཅོས་རིག་པའི་ནོ་སྦེལ་གཟེངས་རྟགས་ཐོབ། དེ་བཞིན་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ (László Krasznahorkai) ལགས་ཀྱིས་མི་རྣམས་ཀྱི་བློ་འགུག་ཐུབ་པ་དང་མཐོང་རྒྱ་ཡངས་པའི་བརྩམས་ཆོས་ཀྱིས་དུས་མཐའི་འཇིགས་སྐྲག་གི་ཁྲོད་སྒྱུ་རྩལ་གྱི་སྟོབས་ཤུགས་བསྐྱར་དུ་ར་སྤྲོད་བྱས་པར་ཆེ་བསྟོད་ཀྱིས་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ། ཝེ་ནི་ཛུ་ལཱ་རྒྱལ་ཁབ་ཀྱི་དམངས་གཙོའི་ཐོབ་ཐང་འཐབ་རྩོད་པ་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ (Maria Corina Machado) ལགས་ཀྱིས། སྙིང་སྟོབས་ཆེན་པོས་མུན་ནག་གི་ཁྲོད་དུ་དམངས་གཙོའི་མེ་ལྕེ་སྒྲོན་པར་ཆེ་བསྟོད་དུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ། ནི་ཐར་ལན་ཌིའི་དཔལ་འབྱོར་རིག་པའི་ཆེད་མཁས་པ་ཇོལ་མོ་ཀེར་(Joel Mokyr) ལགས་དང་། ཧྥ་རན་སིའི་དཔལ་འབྱོར་རིག་པའི་ཆེད་མཁས་པ་ཧྥི་ལི་ཧྥི་ (Philippe Aghion) ལགས། ཁེ་ན་ཌའི་དཔལ་འབྱོར་རིག་པའི་ཆེད་མཁས་པ་པི་ཊར་ (Peter Howitt) ལགས་བཅས་ཀྱིས་འཕྲུལ་རིག་གི་ཡར་རྒྱས་བརྒྱུད་དཔལ་འབྱོར་འཕེལ་རྒྱས་རྒྱུན་གནས་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ངོས་འཛིན་བྱས་པར་ནོ་སྦེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ།
ཉི་ཧོང་རྒྱལ་ཁབ་ཀྱི་བུད་མེད་སྲིད་བློན་ཐོག་མ་དེ་བདམས།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༡ ཉིན་ཉི་ཧོང་གི་གྲོས་ཚོགས་གོང་འོག་གཉིས་ཀྱིས་འོས་བསྡུ་བྱས་པ་བརྒྱུད། ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi) མཆོག་ཉི་ཧོང་རྒྱལ་ཁབ་ཀྱི་བུད་མེད་སྲིད་བློན་ཐོག་མར་འོས་འདེམས་བྱུང་སྟེ། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༡ ནས་དངོས་སུ་ཐུགས་འགན་བླངས་ཡོད་པ་རེད། ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་མཆོག་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་སྲུང་སྐྱོབ་ཀྱི་སྲིད་ཇུས་བརྟན་པ། སྲོལ་རྒྱུན་གྱི་ཁྱིམ་ཚང་གི་རིན་ཐང་ལ་བརྟེན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། འོན་ཀྱང་། ཁོང་མོས་ཉམ་ཆག་གི་སྲིད་གཞུང་དང་། ཁ་འཐོར་གྱི་གྲོས་ཚོགས། ཛ་དྲག་གི་དཔལ་འབྱོར་གནས་བབ། ས་ཁམས་ཆབ་སྲིད་ཀྱི་གནད་དོན་སོགས་ལ་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད། ཁོང་མོའི་སྲིད་བློན་དམ་བཅའ་གཙོ་བོ་ནི་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་ཉིན་མཚན་ལྟོས་མེད་ལས་ཀ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར། དྲ་ལམ་གྱི་བདེ་འཇགས་སོགས་ཡར་རྒྱས་གཏོང་རྒྱུ། ཤེས་ཡོན་དང་ལག་རྩལ་ཡར་རྒྱས་གཏོང་བར་དགེ་རྒན་རྣམས་ཀྱི་མཐུན་རྐྱེན་ཡག་ཏུ་གཏོང་འཆར་ཡོད་འདུག་ལ། རྒྱ་ནག་དང་ཐའེ་ཝན་སོགས་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་སྲ་བརྟན་དང་རྒྱུན་འཁྱོངས་བྱ་རྒྱུ་ཡིན་འདུག
རྒྱ་ནག་སླར་ཡང་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་སུ་གྱུར།
འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༥ ལོའི་གསར་འགོད་རང་དབང་གི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ ༡༨༠ ནང་ནས་རྒྱ་ནག་གསར་འགོད་རང་དབང་གི་གནས་སྟངས་ཞན་ཤོས་ཨང་གསུམ་པ་དང་། བྱང་ཀོ་རི་ཡ་ཨང་རིམ་གཉིས་པ། ཨ་ཧྥི་རི་ཀའི་ཨེ་རི་ཊྲི་ཡ་ (Eritrea) ཨང་རིམ་དང་པོ་ཆགས་པར་བརྟེན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་འགན་འཛིན་ཨེན་ནེ་བྷོ་ཁན་ཌི་ (Anne Bocande) ལགས་ཀྱིས། ཉེ་ལམ་རང་དབང་དང་། རང་བཙན་དགོས་ན་དཔལ་འབྱོར་གྱི་གནས་སྟངས་ལེགས་པོ་དགོས་ཀྱི་ཡོད་པ་རེད། དཔལ་འབྱོར་གྱི་གནས་བབ་ལེགས་པོ་མེད་ཚེ། གསར་འགོད་པར་རང་དབང་ཞིག་ཡོང་ཐབས་མེད། གསར་ཁང་ཁག་ལ་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེན་འཕྲད་སྐབས། སྒེར་གཅོད་པ་དང་དབང་འཛིན་པའི་འོག་ཏུ་ཚུད་རྒྱུའི་ཉེན་ཁ་ཆེ་བ་དང་། གནས་ཚུལ་རྫུན་བཟོ་དང་། སྒེར་གཅོད་པའི་བསམ་ཚུལ་དྲིལ་བསྒྲགས་བྱེད་མཁན་དུ་གྱུར་ཉེན་ཆེ། དེར་བརྟེན་གསར་ཁང་ཁག་གིས་ཡིད་རྟོན་རུང་བའི་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུའི་འགན་ཡོད་པ་མ་ཟད། དྲང་བདེན་གྱི་གནས་ཚུལ་དང་གསར་འགྱུར་ཚད་ལྡན་ཞིག་འདོན་སྤེལ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་འདུག དེ་བཞིན་ནོར་ཝེ་དང་། ཨེ་སི་ཊོ་ནི་ཡ་ (Estonia)། ནི་ཌར་ལན་ཌི། སུ་ཝེ་ཌན་བཅས་ནི་འཛམ་གླིང་གི་གསར་འགོད་རང་དབང་གི་གནས་སྟངས་ཡག་ཤོས་བཞི་ཡིན་འདུག སྙན་ཐོ་ལྟར་ན། འདི་ལོར་གསར་འགོད་པ་ ༦༧ དམར་གསོད་དང་། གསར་འགོད་པ་ ༥༠༣ བཙོན་འཇུག གསར་འགོད་པ་ ༢༠ འཇིགས་སྐུལ། གསར་འགོད་པ་ ༡༣༥ གར་སོང་ཆ་མེད་དུ་གྱུར་ཡོད་འདུག རྒྱ་ནག་ནི་འཛམ་གླིང་ནང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཚབས་ཆེ་ཤོས་དེ་ཡིན་པ་མ་ཟད། ད་ལྟའི་ཆར་གསར་འགོད་པ་ ༡༡༠ ཙམ་བཀག་ཉར་འོག་ཡོད་འདུག
བོད་དོན་རྒྱབ་སྐྱོར་བ་རི་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་གྷོ་ཐམ་ཚོགས་ཁང་ (Gotham Hall) དུ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གཅེས་འཛིན་ཚོགས་པས་ (Human Rights First) བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆར་ཌེ་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོག་མ་ (Visionary Award) ཞེས་པ་ཕུལ། སྐབས་དེར་ཁོང་གིས། འཛམ་གླིང་ཁྱོན་ཡོངས་སུ་བོད་ནང་གི་གནས་སྟངས་སྐོར་མུ་མཐུད་དུ་གོ་རྟོགས་སྤེལ་གྱི་ཡིན། དེང་སྐབས་དང་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་ནང་གི་བོད་མི་རྣམས་ལ་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་བའི་དཀའ་ངལ་འཕྲད་བཞིན་ཡོད་པས། འཛམ་གླིང་ཁྱོན་ཡོངས་ཀྱིས་གནད་དོན་དེ་དག་ཤེས་དགོས་ལ། ང་ཚོ་ཁ་ཁུ་སིམ་པོར་སྡོད་མི་རུང་། ཞེས་དང་། བོད་ཀྱི་རིག་གཞུང་ནང་ཞི་བདེ་དང་གུས་ཞབས། སྲོག་ཆགས་ཡོངས་ལ་འབྲེལ་བ་གཏིང་ཟབ་ཡོད་པ་བཅས་ནི་འགྲོ་བ་མི་སྤྱི་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་རྒྱ་ནག་གིས་བོད་ཀྱི་སྲོལ་རྒྱུན་འདི་དག་མེད་པར་བཟོ་ཐབས་བྱེད་པའི་འབད་བརྩོན་ལ་ངོ་རྒོལ་དང་གླེང་སློང་བྱེད་དགོས་པའི་ནན་སྐུལ་དང་། ཚོགས་བཅར་བ་རྣམས་ཀྱིས་བོད་ཀྱི་ཤེས་རབ་ཀྱི་འོད་སྣང་གསོན་པོར་བཞག་རྒྱུའི་ཁས་ལེན་བྱེད་དགོས་པ་དང་། བོད་ཀྱི་བླ་སྲོག་དང་འགྲོ་བ་མི་ཀུན་ལ་མཚོན་པའི་དོན་སྙིང་རྣམས་ནམ་ཡང་མ་ཡལ་བ་དང་མ་ཉམས་པར་འགན་ལེན་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་གསུངས་འདུག
འཛམ་གླིང་རྒྱལ་ཁབ་ ༧༥ ལ་རྒྱ་ནག་གི་བུ་ལོན་གྱི་ཤུགས་རྐྱེན་ཐེབས་རྒྱུའི་ཉེན་བརྡ་བཏང་།
ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢༦ ཉིན་ཨོ་གླིང་གི་ལོ་ཝེ་ (Lowy Institute) བསམ་མཛོད་ལྟེ་གནས་ཁང་གིས་བཏོན་པའི་སྙན་ཐོའི་ནང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཕྱི་འབྲེལ་སྲིད་ཇུས་འོག་ནས་དཔལ་འབྱོར་ཞན་ཞིང་དཀའ་ངལ་ཆེ་བའི་འཛམ་གླིང་རྒྱལ་ཁབ་ ༧༥ ལ་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གི་བུ་ལོན་ཨ་སྒོར་ཐེར་འབུམ་ ༢༢ འཇལ་དགོས་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག་ལ། བུ་ལོན་གྱི་གྲངས་འབོར་དེ་ནི་ཧ་ཅ་མཐོ་བོ་ཡིན་པ་མ་ཟད། རྒྱ་ནག་གི་མགོ་སྐོར་འོག་ནས་རྒྱལ་ཁབ་དེ་དག་གིས་ཁྱོན་ཨ་སྒོར་ཐེར་འབུམ་ ༣༥ བུ་ལོན་དུ་བླངས་ཡོད་པའི་སྙན་ཐོ་ཞིག་བཏོན་འདུག ཕྱི་ལོ་ ༢༠༢༣ ལོར་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་སྤེལ་ཏེ་ལོ་ ༡༠ འཁོར་བའི་རྒྱལ་སྤྱིའི་ལྷན་ཚོགས་ཐོག འཛམ་གླིང་རྒྱལ་ཁབ་ ༡༥༡ དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ ༤༡ གི་སྐུ་ཚབ་མཉམ་ཞུགས་བྱས་ཡོད་པ་དང་། དེའི་ཁྲོད་ནས་རྒྱལ་ཁབ་ ༡༤༠ ལྷག་གིས་རྒྱུད་གཅིག་ལམ་གཅིག་ནང་མཉམ་འབྲེལ་བྱས་ཡོད་ལུགས་བསྒྲགས་ཡོད་པ་རེད། ལས་གཞིའི་དེའི་དམིགས་ཡུལ་གསུམ་སྟེ་རྒྱལ་སྤྱིའི་ཐོག་ཁ་ཕྱོགས་གསར་པ་དང་ཡིད་ཆེས་སྐྲུན་ཐབས། རྒྱལ་སྤྱིའི་ཐོག་དཔལ་འབྱོར་ཡར་རྒྱས་ཀྱི་ནུས་ཤུགས་གསར་འདོན་དང་བར་སྟོང་གསར་པའི་སྒོ་མོ་ཕྱེ་བ། རྒྱལ་ཁབ་སོ་སོའི་འབྲེལ་བ་ཡར་སྐྱེད་ཀྱིས་སྡིངས་ཆ་གསར་སྤེལ་དང་གོ་སྐབས་གསར་པར་འཕྲད་པ་བཅས་ཡིན་ལ། ལས་གཞི་དེའི་འོག་འཛམ་གླིང་རྒྱལ་ཁབ་ཆུང་ཁག་དང་ལྷག་པར་དུ་དཔལ་འབྱོར་གྱི་དཀའ་ངལ་ཅན་མང་པོའི་ནང་མ་འཛུགས་བྱས་ཏེ། སློབ་གྲྭ་དང་སྨན་ཁང་། གཞུང་ལམ་དང་ཟམ་པ། གྲུ་གཟིངས་འབབ་ཚིགས་དང་གནམ་ཐང་གསར་རྒྱག རང་བྱུང་ཐོན་ཁུངས་སྔོག་འདོན་སོགས་ཀྱི་ལས་གཞི་འཆར་འགོད་བཅས་བྱེད་ཀྱི་ཡོད་པ་དང་ལྷན་དུ་ཆབ་སྲིད་ཀྱི་དབང་ཤུགས་རྒྱ་སྐྱེད་གཏོང་བཞིན་ཡོད་པ་རེད།
བལ་ཡུལ་གྱི་སྲིད་འགྱུར་ཆེན་མོ་དང་དེའི་རྗེས་འབྲེལ།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༥ ཉིན་བལ་ཡུལ་གཞུང་གིས་བལ་ཡུལ་གྱི་བརྡ་འཕྲིན་དང་འབྲེལ་ལམ་ལས་ཁུངས་ (Ministry of Communication and Information Technology) སུ་ཐོ་འགོད་བྱས་མེད་ལུགས་བརྗོད་དེ། བལ་ཡུལ་གཞུང་གིས་ངོ་དེབ་དང་། ཡུ་ཊུབ། ཨེག་སི་སོགས་ཚུད་པའི་སྤྱི་ཚོགས་དྲ་གནས་ ༢༦ བཀག་སྡོམ་བྱས་རྐྱེན། ཕྱི་ཚེས་ ༨ ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུའི་གྲོས་ཚོགས་ཁང་གི་མདུན་དུ། ཡུལ་དེའི་གཞོན་སྐྱེས་ (GenZ) རྣམས་ཀྱིས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བའི་མགོ་བརྩམས་ཡོད་པ་དང་། ད་བར་མི་གྲངས་ ༡༢༢ ལྷག་རྐྱེན་འདས་དང་། མི་གྲངས་ ༢༡༡༣ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག དེ་འབྲེལ་ཕྱི་ཚེས་ ༩ ཉིན་ཛ་དྲག་གི་ཚོགས་འདུ་ཚོགས་ཏེ། བལ་ཡུལ་གྱི་ནང་སྲིད་བློན་ཆེན་རཱ་མེ་ཤི་ (Ramesh Lekhak) ལགས་ཀྱིས་བཟང་སྤྱོད་ཀྱི་ཐོག་ནས་ལས་གནས་ནས་དགོངས་པ་ཞུས་ཡོད་པ་དང་། དེ་བཞིན་ཞིང་ལས་བློན་ཆེན་རཱམ་ (Ram Nath Adhikari) ལགས་ཀྱིས་ཀྱང་ལས་གནས་ནས་དགོངས་པ་ཞུས་འདུག ཕྱི་ཚེས་ ༩ ཉིན་བལ་ཡུལ་གྱི་ས་གནས་འདྲ་མིན་ནང་གཞོན་སྐྱེས་རྣམས་ཀྱིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་ཏེ། བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་ (KP Sharma Oli) ལགས་སྲིད་བློན་གྱིས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་དགོས་འདུན་འདོན་པ་ལྟར། བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་ལགས་ལས་གནས་ནས་དགོངས་པ་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག དེ་བཞིན་བལ་ཡུལ་གྱི་གཞོན་སྐྱེས་རྣམས་ཀྱིས་སྲིད་བློན་སུ་ཤི་ལ་ལགས་ཀྱིས་སྲིད་བློན་གྱི་ཕྱག་ལས་གནང་དགོས་པའི་དགོས་འདུན་བཏོན་པ་ལྟར། ཕྱི་ཚེས་ ༡༢ ཉིན་དྲང་བདེན་གྱི་བློན་ཆེན་སུ་ཤི་ལ་ (Sushila Karki) ལགས་ཀྱིས་བར་བརྒལ་སྲིད་བློན་གྱི་ཕྱག་ལས་གནང་མགོ་ཚུགས་ཡོད་པ་རེད། སྐབས་དེར་བར་བརྒལ་སྲིད་བློན་སུ་ཤི་ལ་ལགས་ཀྱིས། ངོ་རྒོལ་གྱི་ལས་འགུལ་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་དེ་དག་གི་ནང་མི་རྣམས་ལ་བལ་སྒོར་ས་ཡ་ ༡ གུན་གསབ་ཏུ་སྤྲོད་དགོས་པ་དང་། རྨས་སྐྱོན་ཕྱིན་པ་རྣམས་ལ་རིན་མེད་ཐོག་སྨན་བཅོས་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༣༡ ཉིན་པཱ་ཀི་སི་ཐན་གྱི་ཤར་ཁུལ་ཁྲིམས་ཁང་ (Court in eastern Pakistan) གིས། པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རཱན་ཁཱན་ (Imran Khan) གྱི་སྲིད་དོན་ཚོགས་པའི་ཚོགས་མི་ ༡༠༨ ཀྱིས། ཕྱི་ལོ་ ༢༠༢༣ ལོའི་གྱེན་ལངས་ཁྲོད་མཉམ་ཞུགས་དང་ཐེ་ཇུས་བྱས་ཡོད་པའི་ཉེས་མིང་གཡོགས་ཏེ། ལོ་བཅུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད། དེའི་ཐད་ཨིམ་རཱན་ཁཱན་གྱི་སྲིད་དོན་ཚོགས་པ་པཱ་ཀི་སི་ཐན་རྒྱལ་ཡོངས་དྲང་བདེན་ལས་འགུལ་ཚོགས་པས་ (Pakistan Tehreek-e-Insaf) ཨེག་སི་ (X) སྤྱི་ཚོགས་དྲ་ལམ་སྟེང་། དེ་རིང་པཱ་ཀི་སི་ཐན་གྱི་ཁྲིམས་ལུགས་ལོ་རྒྱུས་ཁྲོད་ཆེས་ཐོག་མར་ཁ་གཏད་ཚོགས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ཀྱིས། པཱ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རཱན་ཁཱན་གྱི་སྲིད་དོན་ཚོགས་པར་ཡིད་ཆེས་བློ་གཏད་དང་། འཐུས་མིར་ལངས་བ། རྩ་ཁྲིམས་ཀྱི་སླད་དུ་འཐབ་རྩོད་བྱས་པ་སོགས་ནག་ཉེས་སུ་རྩིས་ཏེ་ཁྲིམས་ཐག་བཅད་པ་ནི་ཆེས་ངོ་གནོང་དགོས་པ་དང་ཡིད་སེམས་སྨྲེང་བའི་རྒྱུ་རུ་གྱུར། ཞེས་བརྗོད་ཡོད་པ་རེད། ཕྱི་ལོ་ ༢༠༢༣ ལོར་སྲིད་བློན་ཟུར་པ་ཨིམ་རཱན་ཁཱན་ཡུལ་དེའི་ཨི་སི་ལ་མ་བྷ་ཐི་ཆེས་མཐོའི་ཁྲིམས་ཞིབ་ཁང་ (Islamabad High Court) ནས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་སྟབས། ཁོང་གི་རྒྱབ་སྐྱོར་བ་དང་སྲིད་དོན་ཚོགས་པས་ཆེས་མཐོའི་ཁྲིམས་ཁང་གཙོས་སྲིད་གཞུང་ལ་ངོ་རྒོལ་ཤུགས་ཆེན་རྗེས་ཀློད་ཡོད་ཀྱང་། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༧ ཉིན་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་པའི་ནག་ཉེས་འོག་མི་ལོ་ ༡༤ བཙོན་འཇུག་ཁྲིམས་ཆད་དང་ཁོའི་བཟའ་ཟླ་ལ་མི་ལོ་བདུན་གྱི་ཁྲིམས་ཐག་བཅད།
ལོ་བཅུའི་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་སྡུག་ཤོས་རྒྱ་ནག་རེད།
ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༦ ཉིན་ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པས་ (Freedom House)ཕྱི་ལོ་ ༢༠༡༤ ནས་ ༢༠༢༤ བར་ལོ་ངོ་བཅུའི་རིང་གི་དྲག་གནོན་དང་འབྲེལ་བའི་སྙན་ཐོ་ཁག་ལ་ཞིབ་འཇུག་བྱས་པ་བརྒྱུད། འཛམ་གླིང་རྒྱལ་ཁབ་ ༤༨ ཀྱིས་རྒྱལ་ཁབ་ ༡༠༣ ནང་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་པའི་གནད་དོན་ ༡༢༡༩ བྱུང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་པའི་ནག་ཉེས་ཆེ་ཤོས་ནི་རྒྱ་ནག་དང་ཨུ་རུ་སུ། ཊར་ཀི། ཨི་ཇིབ་སོགས་རྒྱལ་ཁབ་བཅུ་ལ་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་སོགས་ཀྱི་ནང་དྲག་གནོན་བྱས་པའི་གནད་དོན་ཁག་ ༢༧༢ ཐེར་འདོན་བྱས་འདུག་ལ། དེ་བཞིན་ཊར་ཀིའི་ནང་དྲག་གནོན་བྱས་པའི་གནད་དོན་ཁག་ ༡༥༧ དང་། ཏ་ཇི་ཀི་སི་ཐན་ (Tajikistan) གྱི་ནང་ ༩༢། ཨུ་རུ་སུའི་ནང་ ༨༦། ཨི་ཇིབ་ཀྱི་ནང་ ༥༧ བྱུང་ཡོད་འདུག རྒྱ་ནག་ནི་འཛམ་གླིང་ནང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཚབས་ཆེ་ཤོས་དེ་ཡིན་པ་མ་ཟད། ད་ལྟའི་ཆར་གསར་འགོད་པ་ ༡༡༠ ཙམ་བཀག་ཉར་འོག་ཡོད་འདུག རྒྱ་ནག་ནི་འཛམ་གླིང་ནང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཚབས་ཆེ་ཤོས་དེ་ཡིན་པ་མ་ཟད། ད་ལྟའི་ཆར་གསར་འགོད་པ་ ༡༡༠ ཙམ་བཀག་ཉར་འོག་ཡོད་འདུག
ཨི་ཛི་རལ་དང་པ་ལི་སི་ཐན་གཉིས་ཀྱི་དམག་འཁྲུག
ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༧ ཉིན་པ་ལི་སི་ཐན་གྱི་ཧ་མ་སི་དམག་དཔུང་གིས་གློ་བུར་དུ་ཨི་ཛི་རལ་གྱི་སྟེང་དུ་དྲག་རྒོལ་བྱས་པར་བརྟེན། ད་སྔའི་བར་རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་མཚམས་མ་ཆད་པར་མུ་མཐུད་མེ་ཤུགས་འཕུར་མདའ་འཕེན་རེས་བྱས་དང་བྱེད་མུས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་ཁྲོད་མི་གྲངས་ ༧༢,༥༠༠ རྐྱེན་འདས་སུ་ཕྱིན་ཞིང་། དེའི་ནང་ནས་པ་ལི་སི་ཐན་གྱི་མི་གྲངས་ ༧༠,༥༢༥ དང་ཨི་ཛི་རེལ་གྱི་མི་གྲངས་ ༢༡༠༩ རྐྱེན་འདས་སུ་ཕྱིན། ཕྱོགས་གཉིས་ཀྱི་མི་གྲངས་ ༡༧༡,༠༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པར་བཤད། ད་དུང་ཨི་པ་གཉིས་ཀྱི་འཐབ་འཛིང་དམག་འཁྲུག་ཁྲོད་གསར་འགོད་པ་ཁྱོན་ ༢༤༨ རྐྱེན་འདས་སུ་ཕྱིན། དེ་འབྲེལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། རྐྱེན་འདས་སུ་ཕྱིན་པའི་པ་ལི་སི་ཐན་གྱི་མིའི་གྲངས་འབོར་ལས་བརྒྱ་ཆ་ ༥༩།༡ བུད་མེད་དང་བྱིས་པ་ཡིན་པ་ཤེས་རྟོགས་བྱུང་འདུག ཨི་པ་གཉིས་ཀྱིས་ས་མཚོ་གནམ་གསུམ་གྱི་ཐོག་ནས་དམག་འཁྲུག་བརྒྱབ་པར་མཱ་ལེ་ཤི་ཡ་དང་ལེ་བྷེ་ནོན་ (Lebanon)། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་མང་པོས་ཨི་ཛི་རེལ་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་འདུག ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༠ ཉིན་ཨུ་རུ་སུས་ཡོ་ཁུ་རེན་ལ་དྲག་པོའི་བཙན་འཛུལ་བྱེད་མགོ་བརྩམས་ཏེ། ཡུལ་གཉིས་བར་དམག་འཁྲུག་བྱུང་སྟེ་མི་གྲངས་ས་ཡ་ ༡།༥ རྐྱེན་འདས་སུ་གྱུར་ཡོད་འདུག ཨ་རི་དང་དབྱིན་ཇི་སོགས་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་དག་གིས་ཡོ་ཁུ་རེན་ལ་གོ་མཚོན་སོགས་མཁོ་སྤྲོད་བྱས་ཏེ་དམག་རོགས་བྱེད་མུས་ཡིན་པ་རེད།
ཨ་རིའི་དཔལ་འབྱོར་ལམ་ལུགས་ཀྱི་འགྱུར་ལྡོག་དང་འཛམ་གླིང་གི་གཡོ་འཁྱོམ།
ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་ཞུས་ཡོད་པ་དང་། ཕྱི་ཟླ་ ༦ པའི་ནང་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རིའི་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་རོགས་དངུལ་འཕོན་ཆེན་སྤྲོད་ཡོད་པ་ལས་བརྒྱ་ཆ་ ༩༠ ལྷག་བཀག་བསྐྱིལ་བྱས་ཏེ་བསྐྱར་ཞིབ་གནང་ཡོད་སྟབས། འཛམ་གླིང་རྒྱལ་ཁབ་ཉུང་མཐར་ ༥༠ ནང་གཞུང་དང་ཚོགས་སྡེ། སློབ་གྲྭ་དང་ལྷ་ཁང་སོགས་ཀྱི་ལས་གཞི་མང་པོ་མཚམས་འཇོག་དགོས་བྱུུང་ཡོད་པ་མ་ཟད། འཕྲོད་བསྟེན་དང་བདེ་འཇགས་ཆེད་གཏོང་བཞིན་པའི་རོགས་དངུལ་མང་པོ་མཚམས་བཞག་པ་དེས་དཀའ་ངལ་ཆེན་པོ་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱེ་ཞིབ་བྱས་ཏེ་བརྗོད་པ་ལྟར་ན། ལོ་ལྟར་ཨ་རིའི་རོགས་དངུལ་ལ་བརྟེན་ནས་འཛམ་གླིང་གི་མི་གྲངས་ས་ཡ་ ༤།༡ ནས་ ༤།༧ བར་གྱི་ཚེ་སྲོག་སྐྱོབ་ཐུབ་ཀྱི་ཡོད་ཀྱང་། རོགས་དངུལ་མཚམས་ཆད་པས་དོ་ཕོག་ཤུགས་ཆེན་འགྲོ་བཞིན་ཡོད་སྐོར་དང་།ཕྱི་ལོ་ ༢༠༣༠ ལོའི་བར་དུ་མི་གྲངས་ས་ཡ་ ༡༤ ལྷག་ལ་ནད་རིགས་འདྲ་མིན་བྱུང་བའི་རྐྱེན་གྱིས་རྐྱེན་འདས་སུ་འགྱུར་ཉེན་ཡོད་སྐོར་བཤད། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་རྒྱ་གར་དང་བྷ་ར་ཛིལ་ (Brazil) རྒྱལ་ཁབ་གཉིས་ལ་སྒོ་ཁྲལ་བརྒྱ་ཆ་ ༥༠ སྤར་ཏེ་སྒོ་ཁྲལ་ཆེ་ཤོས་བརྒྱབ་ཡོད་འདུག རྒྱ་གར་གྱིས་ཨ་རི་ལ་རྒོལ་ལན་སྒོ་ཁྲལ་བརྒྱ་ཆ་ ༥༠ སྤར་བ་དང་། བྷ་ར་ཛིལ་གཞུང་གིས་ཨ་རིས་སྒོ་ཁྲལ་སྤར་བར་རྒོལ་ལན་སློག་ཆེད་སྒོ་ཁྲལ་བརྒྱ་ཆ་ ༤༠ སྤར་ཡོད་འདུག ད་དུང་ཝེ་ཁེ་རིག་མཛོད་ནང་གསལ་བ་ལྟར་ན། སྲིད་འཛིན་མཆོག་གིས་ཕྱི་ལོ་ ༡༩༦༢ ལོའི་ཚོང་དོན་རྒྱ་སྐྱེད་ཀྱི་ཁྲིམས་ཡིག་དོན་ཚན་ ༢༣༢ གཞིར་བཟུང་། ཕྱིའི་རྒྱལ་ཁབ་ཁག་གིས་ཨ་རིའི་ནང་ཚོང་འབྲེལ་བྱས་པར་ལྕགས་དང་ཧ་ཡང་རིགས་ལ་དཔྱ་ཁྲལ་བརྒྱ་ཆ་ ༥༠ དང་། མོ་ཊ་སོགས་ལ་ཁྲལ་བརྒྱ་ཆ་ ༢༥ སྤར་འདུག ཨ་རིའི་ཁྲལ་འབབ་ཟླ་རེར་ཨ་སྒོར་ཐེར་འབུམ་ ༣༠ ལྷག་བྱུང་གི་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ལོར་ཨ་སྒོར་ཐེར་འབུམ་ ༡༠ ལས་ཉུང་བ་ཡོད་པ་རེད། ཕྱི་ལོ་ ༢༠༢༥ ཟླ་ ༡༢ བར་དུ་ལོ་གཅིག་གི་ནང་ཨ་རིའི་གཞུང་ལ་ཁྲལ་འབབ་ཀྱི་བསྡོམས་འབོར་ཨ་སྒོར་ཐེར་འབུམ་ ༣༥༨།༦ བྱུང་གི་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།




