རྒྱལ་ཚོགས་ཀྱི་ཆེད་མཁས་པ་སྐུ་ཞབས་ནི་ཁུ་ལ་སི་ལགས་ཀྱིས་སྣེ་འཁྲིད་འོག རྒྱ་ནག་གཞུང་གིས་བོད་དུ་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་མང་པོ་བཏིང་ནས་བོད་ཀྱི་ཆོས་རིག་དང་ངོ་བོ་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པའི་སྙན་ཐོ་ཞིག་བཏོན།

ཟླ་འདིའི་ཕྱི་ཚེས་ ༢༣ ནས་ཟླ ༤ ཚེས་ ༢ བར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༦༡ པ་དེ་འཚོག་རྒྱུ་ཡིན་པ་དང་། རྒྱལ་ཚོགས་ཀྱི་ཆེད་མཁས་པ་སྐུ་ཞབས་ནི་ཁུ་ལ་སི་ (Nicolas Levrat) ལགས་ཀྱིས་སྣེ་འཁྲིད་འོག རྒྱ་ནག་གཞུང་གིས་བོད་ནང་གི་ས་ཁུལ་མང་དག་ཅིག་ཏུ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དུ་གཏོང་ཐབས་བྱེད་མུས་ཡིན་པའི་ཁར། བོད་ནང་གི་ས་གནས་མང་དག་ཅིག་ལ་བཙན་ཐབས་ཀྱིས་བོད་ཀྱི་སྐད་ཡིག་སྦྱང་བརྩོན་དར་སྤེལ་དང་། ཆོས་ལུགས་དད་མོས། མི་རིགས་རང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་ལ་ཚོད་འཛིན་དང་དམ་དྲག་ནན་མོ་བྱས་དང་བྱེད་མུས་ཡིན་སྐོར་སོགས་གསལ་འདུག
སྙན་ཐོའི་ནང་། རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་ཤེས་ཡོན་ལམ་ལུགས་དེ་བོད་ཀྱི་སྐད་ཡིག་དང་ངོ་བོ་རྩ་མེད་བཟོ་རྒྱུར་དམིགས་པ་ཞིག་ཡིན་ཞིང་། བོད་པའི་བྱིས་པ་ཚོ་ཁྱིམ་ཚང་དང་སྤྱི་ཚོགས་ནས་ཁ་བྲལ་དུ་བཅུག་སྟེ། རྒྱ་ཡིག་དང་། རྒྱལ་ཁབ་ཀྱི་ལྟ་གྲུབ། རིག་གཞུང་གི་མཉམ་བསྲེས་བཅས་ཀྱིས་ཉིན་རེའི་འཚོ་བར་དབང་བསྒྱུར་བྱེད་པའི་ཁོར་ཡུག་ནང་ཤེས་ཡོན་སྤྲོད་ཀྱི་ཡོད་ཅིང་། གྲངས་ཉུང་མི་རིགས་ཀྱི་ངོ་བོ། སྐད་ཡིག ཆོས་ལུགས་བཅས་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་པ་བཀག་འགོག་བྱེད་ཀྱི་ཡོད་པ་དང་། དེ་ནི་མི་རིགས་དེ་རྒྱལ་ཁབ་ཀྱི་མི་འབོར་ནང་ཁ་བྲལ་དུ་འགྲོ་བའི་བརྒྱུད་རིམ་ཞིག་ལ་འཁྲིད་ཀྱི་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་རྒྱ་ནག་གིས་རྒྱལ་ཁབ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཞིག་སྤེལ་ཡོད་པ་དེས་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ལ་ཟུར་ཕུད་བྱས་ཏེ། བོད་མི་ལྟ་བུའི་རྒྱ་རིགས་མ་ཡིན་པའི་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་ཚབས་ཆེན་བྱས་ཡོད་པའི་མུར། རྩ་ཁྲིམས་ནང་ས་གནས་རང་སྐྱོང་གི་འགན་ལེན་ཡོད་ནའང་། ལག་ལེན་ཐོག་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་ངོ་བོ་གཅིག་པུའི་འོག་མནན་ཡོད་སྐོར་སོགས་གསལ་འདུག
ཡང་སྙན་ཐོའི་ནང་། ཆོས་ལུགས་ཚོགས་པ་ཚང་མ་རྒྱལ་ཁབ་ཀྱིས་སྟངས་འཛིན་བྱེད་པའི་རྒྱལ་གཅེས་ཆོས་ལུགས་ཚོགས་པའི་ཐོག་ནས་དེབ་སྐྱེལ་བྱ་དགོས་པ་དང་། མཐུན་འགྱུར་མེད་པའི་སྤྱི་ཚོགས་ལ་ཁྲིམས་མཐུན་གྱི་གནས་བབ་མེད་པ། ཉེས་ཅན་དུ་བརྩི་བ། ལྟ་ཞིབ་བྱེད་པ། དེ་བཞིན་མཆོད་ཁང་སྒོ་རྒྱག་དགོས་ཁེལ་བ་མ་ཟད། བོད་བརྒྱུད་ནང་བསྟན་ལ་མཚོན་ན། དགོན་པ་དང་། ཆོས་ལུགས་ཀྱི་ཤེས་ཡོན། ཆོས་ཕྱོགས་ཀྱི་དབང་ཚད་བཅས་རྒྱལ་ཁབ་ཀྱི་ཐད་ཀའི་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ནང་གི་མི་རིགས་དང་རིག་གཞུང་ཚོགས་པ་ཁག་ལ་བཀག་སྡོམ་བྱེད་པའི་གནས་ཚུལ་ཐད་དོ་སྣང་བྱས་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཚོགས་པ་ཁག་ལ་ཚད་བཀག་བཟོས་པ་དེས་བོད་མི་རྣམས་མཉམ་འབྲེལ་ངང་རང་ཉིད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པའི་ནུས་པ་ཉམས་དམས་དང་། གྲངས་ཉུང་མི་རིགས་རྣམས་ཐད་ཀར་དམ་དྲག་དང་མི་རིགས་རང་གི་ངོ་བོ་རྩ་མེད་དུ་གཏོང་གིན་ཡོད་སྐོར་སོགས་གསལ་འདུག
འདས་ལོའི་ཕྱི་ཟླ་ ༩ ཚེས་ ༨ ནས་ཕྱི་ཟླ་ ༡༠ པའི་ཚེས་ ༨ བར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་ཐེངས་ ༦༠ པ་དེ་སུད་སིར་འཚོགས་ཡིན་པ་དང་། ཕྱི་ཚེས་ ༢༣ ཉིན་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས། རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་དང་། རྒྱ་ནག་གཞུང་གིས་སྐུ་བཀྲོངས་བའི་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་ལགས། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སོགས་ཀྱི་སྐོར་ལ་གླེང་སློང་གནང་འདུག འདས་ལོའི་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱི་ལོ་ ༢༠༢༥ ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༥༩ པའི་སྟེང་། རྒྱ་ནག་གཞུང་གིས་བོད་ནང་ཁྲིམས་སྒྲིག་དང་འགལ་ནས་རིག་གཞུང་དང་གཞི་རྩའི་ཐོབ་ཐང་ཁག་ལ་དྲག་གནོན་བྱེད་མུས་ཡིན་པས། ངས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་གི་དགོངས་དོན་གཞིར་བཞག་གིས། མི་སྒེར་གྱི་གཞི་རྩའི་རང་དབང་གི་སླད་དུ་འབོད་སྒྲ་བསྒྲགས་ནས་འཛིན་བཟུང་བྱས་པ་རྣམས་ཀློད་གྲོལ་དགོས། ཞེས་བརྗོད་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༨ པར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ཀྱི་སྒྲོམ་གཞིར་བསྐྱར་ཞིབ་དང་རྟོག་ཞིབ་བྱ་དགོས་པ་དང་འབྲེལ་བའི་འབོད་སྐུལ་ཡིག་ཆ་ཞིག་སྤེལ་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཆོས་ལུགས་རང་དབང་སོགས་ལ་གནོད་སྐྱོན་བཟོ་ཐབས་ཀྱི་སྲིད་ཇུས། དྲག་སྤྱོད་རིང་ལུགས་བཀག་སྡོམ་གྱི་ཁྲིམས་དང་སྲིད་ཇུས་ཟེར་བ། ཉེས་ཁྲིམས། དེ་བཞིན་ཧོང་ཀོང་ནང་འདྲ་མཉམ་ཡོང་བ་དང་དབྱེ་འབྱེད་མེད་པ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་། སེམས་འཚབ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་སློང་ཤུགས་ཆེན་གནང་ཡོད།
གསར་འགོད་པ། དཔལ་ལྡན།





