དགའ་ལྡན་ཕོ་བྲང་དང་། རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ ༢༠༢༥ ཟླ་ ༣ ཚེས་ ༥ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། དགའ་ལྡན་ཕོ་བྲང་དང་། རྣམ་རྒྱལ་གྲྭ་ཚང་། རྣམ་ཟུར་བཅས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་ཀྱི་བསམ་ཚུལ་དང་མཐོང་ཚུལ་བཤད་པ་དེ་ཆོས་དད་མེད་མཁན་ཚོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཧམ་པ་ལྟ་བུ་བཤད་ན་འཛམ་བུ་གླིང་དུ་མི་གྲངས་དུང་ཕྱུར་ཁ་ཤས་ཡོད་པ་ཚང་མས་ངོས་རང་ལ་ཕལ་ཆེར་དགའ་བོ་བྱེད་ཀྱི་འདུག ངོས་རང་གིས་བསམ་པ་རྣམ་དག་བྱས་ཏེ་འཛམ་བུ་གླིང་ཐོག་གི་མི་ཡོད་ཚད་ལ་ཕན་ཐོགས་ཀྱི་ཡོད། དམིགས་བསལ་ཆོས་དང་འབྲེལ་བའི་སྐད་ཆ་མེད་པར་ཡ་རབས་སྤྱོད་བཟང་ཐོག་ནས་མི་ཚེ་བསྐྱལ་ཚེ། སོ་སོའི་མི་ཚེ་སྐྱིད་པོ་ཡོང་བ་དང་། སོ་སོའི་ཉེ་འཁོར་གྱི་མི་རྣམས་སྐྱིད་པོ་ཡོང་བ། མཐར་འཛམ་བུ་གླིང་ཐོག་དོན་དམ་པའི་ཞི་བདེ་ཡོང་བར་ག་ས་གང་དུ་བཤད་བསྡད་ཀྱི་ཡོད། དེར་ཚང་མས་དགའ་བོ་བྱེད་ཀྱི་འདུག ཅེས་སོགས་གསུངས།
གནས་ཆུང་གྲྭ་ཚང་གིས་རྒྱལ་པོ་ཚེ་ལྷ་དཀར་པོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༤ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་འདུས་སྤྱི་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་ལྷ་དཀར་པོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ད་བར་དུ་ངོས་རང་གིས་ཆོལ་ཁ་གསུམ་གྱི་མི་རིགས་ཚང་མར་སངས་རྒྱས་ཀྱི་བསྟན་པ་ཉམས་པར་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་སླད་སྨོན་ལམ་རྒྱག་གིན་ཡོད་ལ་འབད་བརྩོན་བྱེད་ཀྱིན་ཡོད། དེང་སང་འཛམ་གླིང་ནུབ་ཕྱོགས་སུ་ནང་ཆོས་ལ་དོ་སྣང་གསར་པ་སླེབ་མཁན་དེ་དག་གིས་ཀྱང་ང་རང་ཚེ་རིང་པོ་ཡོང་རྒྱུར་རེ་འདུན་དང་མོས་པ་ཆེན་པོ་བྱེད་ཀྱི་འདུག དེ་འདྲ་ཡིན་དུས་ངོས་རང་གིས་བསྟན་པ་དང་འགྲོ་བའི་དོན་ད་བར་ཧུར་ཐག་བྱས་པ་ཡིན། ངོས་རང་གིས་ད་དུང་ཡང་ཧུར་ཐག་འབད་ཐག་བྱེད་ཀྱི་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དེ་རིང་གནས་ཆུང་གྲྭ་ཚང་གིས་བརྟན་བཞུགས་གནང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
འབྲུག་པ་བཀའ་བརྒྱུད་པའི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་འདུས་སྤྱི་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་ལྷ་དཀར་པོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཚང་མས་ལུས་ལ་ཆོས་གོས་ངུར་སྨིག་གྱོན། ངག་ནས་སྡེ་སྣོད་གསུམ་གྱི་དོན་དག་བཤད་ཡོང་དུས། བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག དེང་སང་འཛམ་གླིང་འདིའི་སྒང་དུ་ཆོས་ལ་དོ་སྣང་བྱེད་མཁན་ཉུང་ཉུང་རེད་ཟེར་དགོས་ཀྱང་། ནང་པའི་ཆོས་ཀྱི་བསམ་བློའི་འགྲོ་སྟངས་སོགས་ཀྱི་ཐད་སྐྱེ་བ་སྔ་ཕྱིའི་སྐད་ཆ་མེད་པར་འཕྲལ་དུ་སེམས་བག་ཕེབས་པོ་དང་ལྷོད་ལྷོད་ཡོང་གི་ཡོད་པར་མང་པོ་ཞིག་གིས་ཧ་ཅང་དགའ་པོ་བྱེད་ཀྱིན་འདུག ངོས་ཀྱི་ངོ་ཤེས་པ་སེམས་ཁམས་རིག་པའི་ཚན་རིག་པ་མང་པོ་ཞིག་ངོས་ཀྱི་སར་ཡོང་ནས་སེམས་ཀྱི་ཞི་བདེའི་འགྲོ་སྟངས་ཐོག་སྐད་ཆ་འདྲི་མཁན་མང་པོ་འདུག དེར་བརྟེན། ང་རང་ཚོ་ཚང་མས་སྔོན་ལ་སོ་སོས་ལག་ལེན་ཡག་པོ་བྱས། དེ་ནས་སོ་སོར་ཉམས་མྱོང་ཡོད་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་བྱུང་ན་བསྟན་པ་ལ་ཕན་གྱི་རེད། ཅེས་སོགས་གསུངས།
སྤི་ཏིའི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭའི་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྟ་པོ་དགོན་པ་གཙོ་བྱས་པའི་སྤི་ཏིའི་མི་མང་ ༡༣༠༠ ཡིས་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་ལ་ཆ་བཞག་ན་ཆུང་དུས་ནས་དཔེ་ཆར་བལྟས་པ་རེད། ཆོས་གྲོགས་ཚོ་དང་ཐུག་པའི་སྐབས་སུ་འགྲེལ་བཤད་རྒྱག་རྒྱུ་གླེགས་མི་ཐིག་པ་ཡོད། ངོས་ཀྱང་རྒྱ་གར་ནུབ་རྒྱུད་དུ་བསྡད་དེ། ཡུལ་མི་མི་མང་ལ་དད་ཞེན་ཤུགས་ཆེན་ཡོད་པའི་ཐོག་ཏུ་ཆོས་ཀྱི་གནས་ཚུལ་དེ་དག་འགྲེལ་བཤད་བརྒྱབ་ཡོང་དུས། དངོས་གནས་དྲང་གནས་སེམས་ཀྱི་གཏིང་ནས་ལུས་གཡོ་འགུལ་ཐེབས་ནས་ཡག་པོ་ཞེ་དྲགས་འདུག ད་ལྟ་བར་དུ་ཁྱེད་རང་ཚོས་སངས་རྒྱས་པའི་ཆོས་ལ་ཧུར་ཐག་འབད་ཐག་བྱས་པ་རེད། གལ་ཆེ་བ་ཞིག་ལ་སངས་རྒྱས་པའི་ཆོས་དེ་འདོན་པ་བཏོན་པ་དང་སྨོན་ལམ་བརྒྱབ་པ་གཅིག་པུ་མ་ཡིན་པར་ག་འདྲ་ཞིག་ལ་སངས་རྒྱས་པའི་ཆོས་ཟེར་གྱི་ཡོད་མེད་ཐད་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་འདུག
བལ་ཡུལ་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཚོགས་ཁག་ཅིག ཕག་རི་མི་མང་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བལ་ཡུལ་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཚོགས་ཁག་ཅིག ཕག་རི་མི་མང་བཅས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། རྒྱ་གར་དུ་བསླེབས་རྗེས་རྒྱ་གར་ཤར་ནུབ་དང་དབུས་ཀྱི་ས་ཁུལ་ཁག་ནས་དད་འདུས་ཀྱི་སྐྱེ་བོ་ཁྲི་ཕྲག་འབུམ་ཕྲག་གིས་དངོས་གནས་དྲང་གནས་རྩེ་གཅིག་ཏུ་དད་པ་དང་དགའ་ཞེན་བྱས་ནས་ངོས་ལ་ཐུག་པར་ཡོང་གི་ཡོད། རྒྱ་གར་གྱི་ཆོས་པ་ཚོ་ཆོས་ལ་དད་པ་མཐའ་གཅིག་ཏུ་ཡོད་ཀྱང་མེད་ཀྱང་། གང་ལྟར་ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་མགོ་ཁྲིད་གལ་ཆེན་པོ་ཞིག་ཏུ་བརྩིས་ཏེ་དགའ་པོ་ཞེ་དྲགས་བྱེད་ཀྱི་འདུག ངོས་རྒྱ་གར་གྱི་ས་ཁུལ་འདྲ་མིན་དུ་སླེབས་སྐབས། རྒྱ་གར་གྱི་ཡུལ་མི་ཚོས་དགའ་མོས་ཆེན་པོ་གནང་གི་འདུག དེར་བརྟེན། ངོས་ཀྱི་ཚེ་ཅི་ཙམ་རིང་བ་དེ་ཚོད་ཀྱིས་ཕན་ཐོགས་ཅུང་ཙམ་ཡོང་གི་རེད་བསམ་པའི་སེམས་ནང་སྤོབས་པ་དང་གདེང་ཚོད་སྐྱེས་ཀྱི་འདུག ད་ལྟ་བར་དུ་རྒྱ་གར་ནང་མི་མང་ཕན་ཚུན་ལ་འབྲེལ་བ་བྱས་ཏེ་འབྲེལ་བ་ཡག་ཐག་ཆོད་ཡོད་ལ། ཚང་མས་དགའ་པོ་ཞེ་དྲགས་བྱེད་ཀྱིན་འདུག ཅེས་གསུངས།
ཚོགས་སྡེ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། བོད་ནས་རྒྱ་གར་དུ་ཡོང་སྟེ་ལོ་མང་པོ་བསྡད་པ་རེད། རྒྱ་གར་རང་དབང་ལུང་པའི་ནང་འཛམ་གླིང་གི་གང་ས་ནས་མི་རྣམས་ཡོང་བདེ་བ་ཡིན་དུས། ང་ཚོས་ཕན་ཚུན་ལ་སྐད་ཆ་བཤད་པའི་ཐོག་ནས་ངོས་ཀྱིས་གང་ལ་གང་འཚམ་ཞབས་འདེགས་སྒྲུབ་ཐུབ་ཡོད། ལྷག་པར་དུ་ཆོས་ལ་དད་པ་མེད་པའི་ཚན་རིག་པ་རྣམས་ཀྱིས་ཚན་རིག་དང་སེམས་ཁམས་རིག་པའི་ཐོག ངོས་རང་ལ་དགའ་བོ་བྱས་ཏེ་ཐུག་ཏུ་ཡོང་མཁན་མང་པོ་འདུག དེ་དག་གིས་གང་ལ་གང་འཚམ་གྱིས་ཕན་ཐོགས་ཡོང་གི་འདུག གང་ལྟར་ངོས་ཀྱི་མི་ཚེ་རྒྱ་གར་ནང་བསྐྱལ་བ་རེད། ཅེས་སོགས་གསུངས།
བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ སྟེ་བོད་ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་མཛད་སྒོ་དང་། བརྟན་བཞུགས་བསྟར་འབུལ། དུས་རབས་ཉེར་གཅིག་གི་བླ་ན་མེད་པའི་སྟོན་པ་ཆེན་པོར་མངའ་གསོལ་མཛད་ཡོད་ཅིང་། གོ་སྟོན་མཛད་སྒོའི་ཐོག་༧གོང་ས་མཆོག་དབུ་བཞུགས་ཀྱིས་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་དང༌། རྒྱ་བརྒྱུད་ནང་བསྟན་གྱི་སྐུ་ཚབ། རྒྱ་གར། ཤྲི་ལངྐ་། ཐའེ་ལན་ཌི། འབར་མ་བཅས་ཀྱི་གནས་བརྟན་སྡེ་པའི་སྐུ་ཚབ། ཧིན་རྡུ། ཡེ་ཤུ། ཁ་ཆེ། བཱ་ཧའེ། འཇིའུ། རྗེན། སིག་སོགས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་བླ་མ་རྣམ་པ་བཅས་གདན་ཞུས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་སྟོང་ཕྲག་མང་པོ་ལྷན་འཛོམས་གནང་འདུག སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་ངོས་རང་ལོ་དགུ་བཅུ་ནང་བསླེབ་ཀྱི་ཡོད་པ་རེད། གཟུགས་པོ་ཆ་ཚང་བདེ་ཐག་ཆོད་ཡིན། ལོ་ཡུན་འདི་དག་རིང་བོད་ཀྱི་བསྟན་སྲིད་སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པར་ནུས་པ་གང་ཡོད་བཏོན་ཏེ་ཕན་ཐོགས་གང་ལ་གང་འཚམ་བསྒྲུབས་ཡོད། འཛམ་གླིང་གི་ལུང་པ་གཞན་དག་ཏུའང་ཕན་ཚུན་འབྲེལ་བ་ཟབ་པོ་བྱས་པ་ཡིན། ལྷག་པར་དུ་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་པ་སོགས་ཀྱིས་ཡིད་ཚིམས་ཡོད། གོ་བསྡུར་དང་བགློ་གླེང་བྱས་པའི་ཐོག་ནས་ཧ་ཅང་ཕན་ཐོགས་ཡག་པོ་བྱུང་། ད་ལྟ་བར་དུ་ངོས་ནས་མི་གོ་ཆོད་པ་ཞིག་གི་མི་ཚེ་བསྐྱལ་བ་རེད། གང་ལྟར་ངོས་བོད་གཙོ་བོར་གྱུར་བའི་འཛམ་གླིང་གི་ཤར་ནུབ་ལྷོ་བྱང་ཡུལ་གྲུ་མང་པོར་བསླེབས་པ་རེད། དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་འདུག འདི་འདྲར་བསམ་བློ་གཏོང་དུས་ངོས་ཀྱི་མི་ལུས་ཐོབ་ཡོད་བསྡད་པ་དེས་ལྷག་བསམ་བསྐྱེད་པ་བཞིན། འཛམ་གླིང་འདིའི་ཐོག་ཕན་ཐོགས་གང་འཚམ་བསྒྲུབ་པར་ངོས་ཀྱིས་རྗེས་སུ་ཡི་རངས་སྐྱེས་པ་ཡོང་གི་འདུག ད་དུང་ཡང་ངོས་ཀྱི་མི་ཚེ་ལྷག་མ་དེས་གཞན་ཕན་ག་ཚོད་ཐུབ་ཐུབ་ཀྱིས་རྒྱ་ཆེར་སྤེལ་ཐུབ་རྒྱུ་དང་། དེའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་དུ་བསྡད་པའི་སྒྲོམ་གཞི་ཞིག་བསླེབ་ཡོང་གི་རེད། མདོ་དོན་ད་ལྟ་བར་དུ་ངོས་རང་མདོ་སྨད་ཙོང་ཁའི་ཡུལ་ནས་ལྷ་སར་ཡོང་། ལྷ་སར་སློབ་གཉེར་བྱས་ཏེ་གྲྭ་སྐོར་སྔ་རྗེས་བཞག་པ་རེད། ངོས་རང་གི་ངོས་ནས་ཆ་བཞག་ན་བསྟན་འགྲོའི་དོན་དག་གང་ལ་གང་འཚམ་བསྒྲུབས་ཡོད། ད་དུང་ཡང་ངོས་ཀྱི་མི་ཚེ་འདིས་ག་ཚོད་ཐུབ་ཐུབ་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་སྨིན་པ་ཞིག་ཡོང་ཐུབ་རྒྱུའི་སེམས་ཐག་བཅད་ནས་བསྡད་ཡོད། དེ་ག་རང་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་གསུངས།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་བོད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཚབ་བྱས་ཏེ་ངོས་རང་ལ་ཚེ་ཡི་རྟེན་འབྲེལ་བསྒྲིགས་ནས་ཁྱེད་ཚོ་ཚང་མས་ཁ་ཞེ་གཉིས་མེད་ཀྱི་སྨོན་ལམ་བརྒྱབ་པ་དེ་འདྲ་རེད། ངོས་རང་གི་ངོས་ནས་ཆ་བཞག་ནའང་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པ་གསལ་བོ་རེད། ཆུང་དུས་སྐབས་ནས་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པ་གསལ་བོ་རེད། ངོས་ཀྱི་མི་ཚེ་ག་ཚོད་རིང་བ་དེ་ཚོད་ཀྱིས་བོད་ཀྱི་བསྟན་སྲིད་ལ་ཕན་ཐོགས་ཡོང་བསྡད་པ་མངོན་སུམ་ཚད་གྲུབ་རེད། ངོས་ཀྱི་མི་ཚེ་གང་ལ་གང་འཚམ་ཕྱིན་པ་རེད། ད་དུང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་སྡོད་རྒྱུ་རེ་བ་རྒྱག་གི་ཡོད། སྔོན་མ་རྒྱ་ནག་ཏུ་མའོ་ཙེ་ཏུང་ལ་ཐུག་པ་རེད། མའོ་ཙེ་ཏུང་གིས་ཆོས་ཞེས་པ་དུག་རེད་ཟེར། ངོས་ཀྱིས་ལན་གང་ཡང་བརྒྱབ་མེད། སྡང་མིག་གིས་བལྟས་ཏེ་ཟེར་གྱི་འདུག ངོས་རང་གིས་སྙིང་རྗེ་སྐྱེ་བ་མ་གཏོགས་ཁོང་ཁྲོ་སྐྱེས་མ་སོང་། དེའི་རྗེས་སུ་རྒྱ་གར་སྲིད་བློན་ནེ་རུ་ལ་ཐུག་པ་རེད། ཁོང་གིས་ཧ་ཅང་དགའ་མོས་ཆེན་པོ་བྱེད་ཀྱི་འདུག དེ་དང་དེ་ཡི་མཚོན་པའི་ངོས་ཀྱི་མི་ཚེ་ནང་དུ་ཆོས་ལ་དོ་སྣང་ཡོད་མཁན་དང་། དམིགས་བསལ་དོ་སྣང་མེད་མཁན། ཆོས་ལ་སྐྱོན་དུ་ལྟ་མཁན་དེ་འདྲའི་མི་སྣ་མང་པོ་ཞིག་ལ་ཐུག་ཡོད་པ་རེད། གང་ལྟར་མིའི་ཁམས་དང་མོས་པ་སྣ་ཚོགས་ཡིན་བསྡད་པ་དེ། དེ་བཞིན་གཤེགས་པའི་བཀའ་དང་མདོ་སྡེ་ནས་གསུངས་ཡོད་པ་རེད། དེ་འདྲ་ཡིན་དུས་ཁམས་དང་མོས་པ་ཐ་དད་པའི་ཐོག་ནས་བསམ་བློ་མ་འདྲ་བ་ཡོང་བསྡད་པ་དེ་ཆོས་ཉིད་རེད། ཁམས་དང་མོས་པ་སྣ་ཚོགས་ལ་ཁམས་དང་མོས་པར་མཐུན་པའི་སྡུག་བསྔལ་སེལ་བ་དང་བདེ་བ་བསྒྲུབ་རྒྱུ་ཐབས་ལམ་ཞིག་ཡོད་ན་ཀུན་ལ་དགོས་པ་དེ་རེད། ཆོས་མེད་མཁན་གྱི་མི་རིགས་ཡིན་ཡང་སྡུག་བསྔལ་སེལ་བ་དང་བདེ་བ་བསྒྲུབ་པར་དོ་སྣང་བྱེད་བཞིན་ཡོད་པ་རེད། ཅེས་གསུངས་འདུག
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་སོགས་ཚོགས་སྡེ་ཁག་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཁའི་སྐྱིད་སྡུག་ཚོགས་པ་དང་། ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་བཅས་ཀྱི་གོ་སྒྲིག་འོག ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། ༸མགོན་པོ་གང་ཉིད་མཆོག་ནས། ཁྱེད་ཚོའི་སྙིང་སྟོབས་དང་ལྷག་བསམ་དྲངས་ཡོང་དུས། ངོས་རང་ལ་ཆ་བཞག་ན་ཕ་ཡུལ་ས་ཐག་རིང་པོ་ནས་སྐྱེས་ཏེ་ལྷ་སར་འབྱོར། དེ་ནས་རྩེ་ཕོ་བྲང་དང་ནོར་བུ་གླིང་ཁ་རུ་བསྡད་དེ། གང་ལྟར་རྒྱལ་དབང་གི་མིང་འཁྱེར་ནས་ཆོས་སྲིད་མཛད་སྒོ་མང་པོ་ཞིག་བྱས་ཡོད། དེ་དག་ཚང་མ་བསྟན་པའི་ཞབས་འདེགས་བསྒྲུབ་པ་ཆགས་ཡོད། ངོས་རང་མདོ་སྨད་ཀྱི་ས་ཁུལ་ཞིག་ནས་སྐྱེས་ཏེ་ཡར་ལྷ་སར་བསླེབས་པ་དང་། དེ་ནས་དཔེ་ཆ་བལྟས་པ་རེད། ཕར་ཕྱིན་དང་དབུ་མའི་རིགས་ལ་ཧ་ཅང་མང་པོ་བལྟས་ཡོད། མངོན་པ་མཛོད་ལ་དོ་སྣང་ཞེ་དྲགས་བྱས་མེད། རི་རབ་གླིང་བཞི་གླིང་ཕྲན་ཞེས་པ་ཡིད་ཆེས་ཀྱི་ཡོད་པ་མ་རེད། གཞན་དབུ་མ་དང་ཕར་ཕྱིན། ཚད་མ་བཅས་ཀྱི་གཞུང་ལ་སྤྲོ་བ་ཡོད་པ་བཞིན་དཔེ་ཆ་བལྟས་པ་རེད། བར་སྐབས་སྐྱིད་སྡུག་ལེགས་ཉེས་སྣ་ཚོགས་བྱུང་ཡོད་ཀྱང་། བོད་བསྟན་སྲིད་ཀྱི་ཞབས་འདེགས་དོན་དུ་ངོས་ཀྱི་སེམས་ཤུགས་ལ་འགྱུར་བ་ཁྱོན་ནས་མེད། རྒྱ་ནག་གི་ངོས་ནས་གནས་ཚུལ་གང་བསྟན་པ་དང་ཅི་ཞིག་བཤད་ཀྱང་། ངོས་རང་ལ་ལས་ཀྱི་བསྐོས་པ་ཞིག་རེད། དེང་སང་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་དང་། ངོས་རང་ལ་དགའ་མོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག བསྟན་པ་དང་བསྟན་པ་འཛིན་མཁན་ཚང་མས་བསམ་བློ་གུ་ཡངས་པོ་དང་རྒྱ་ཆེན་པོ་གཏོང་དགོས། ཞེས་སོགས་གསུངས་འདུག
ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༠ ཉིན་གྱི་སྔ་དྲོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བྷུ་རུ་ནེ།(Brunei) ཀམ་བྷོ་ཌི་ཡ།(Cambodia) ཨིན་ཌོ་ནེ་ཤི་ཡ།(Indonesia) ལའོ་སི།(Laos) མཱ་ལེ་ཤཱི་ཡ།(Malaysia) འབར་མ། (Myanmar) ཧྥི་ལི་ཕིན།(Philippines) སིངྒ་པོར།(Singapore) ལྷོ་ཀོ་རི་ཡ།(South Korea) ཐའེ་ལན་ཌི།(Thailand) ཝེི་ཐི་ནམ།(Vietnam)བཅས་ཀྱི་དད་ལྡན་སེར་སྐྱ་མི་མང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། དེ་བཞིན་༧གོང་ས་མཆོག་དབུ་བཞུགས་ཐོག་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་ནས་སོ་སོའི་རྒྱལ་ཁབ་ཀྱི་རིག་གཞུང་འཁྲབ་སྟོན་གཟུགས་འབུལ་ཞུས་སོང་། སྐབས་དེར་༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་ཐོག་ནས་འགྱུར་བ་མང་པོ་ཞིག་བྱུང་ཡོད་ཀྱང་ངོས་ཀྱི་རྩ་བའི་དམ་བཅའ་སྡེ་སྣོད་གསུམ་ཉར་ཚགས་བྱ་རྒྱུ་གལ་ཆེན་དོན་ཆེན་ཞིག་ལ་བརྩིས་ཡོད། ཅེས་བཀའ་སློབ་བསྩལ་སོང་།
ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༦ ཉིན་དྷ་ས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། དེ་ཡང་༸གོང་ས་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་ལོ་འཁོར་མོ་བྱམས་བརྩེའི་ལོར་སྲུང་གཙི་བྱེད་བཞིན་པ་དང་བསྟུན། དྭགས་བརྒྱུད་བསྟན་པའི་གསལ་བྱེད་བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་ཉིན་བྱེད་དབང་པོ་མཆོག་གིས་ལོ་གསུམ་རིང་སྒྲོལ་མ་འབུམ་བརྒྱ་དང་བརྒྱད་གསོག་སྒྲུབ་དང་། དེའི་སྔོན་རྟ་མགྲིན་གྱི་སྒོ་ནས་ཟླ་གཅིག་དང་ཕྱེད་ཀར་མཚམས་ལ་བཞུགས་པ་དང་། ཕུར་བའི་སྒོ་ནས་ཟླ་གཅིག་དང་ཕྱེད་ཀར་མཚམས་ལ་བཞུགས་ཡོད་པར་མ་ཟད། སྐུའི་འཁྲུངས་སྐར་སྐབས་སུ་ཉིན་བརྒྱ་ལ་མཚམས་ལ་བཞུགས་ཏེ། མགོན་པོ་མཆོག་སྐུ་ཚེ་བརྟན་ཆེད་ཆོ་ག་སྨིན་སྒྲུབ་ཞུས་ཏེ། བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་དང་དཔལ་སྤུངས་ཤེས་རབ་གླིང་གི་དགེ་འདུན་པ་རྣམས་བཞུགས་སྒར་ཕོ་བྲང་དུ་ཆེད་ཕེབས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་མཇལ་ཁ་ཞུས་ཡོད་འདུག
ཡུ་རོབ་བོད་རིགས་ཚོགས་པ་ཁག་དང་། ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཡུ་རོབ་བོད་རིགས་ཚོགས་པ་ཁག་དང་ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཐུན་མོང་གིས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། བརྟན་བཞུགས་ཐོག་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་རྡོ་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ། ཁྲོམ་ཐོག་རིན་པོ་ཆེ། རྒྱུད་སྟོད་མཁན་རིན་པོ་ཆེ་སོགས་ཀྱིས་གཙོས་དགེ་འདུན་པ་དང་བཙུན་མ་རྣམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོས་ཡུ་རོབ་དང་ཨོ་གླིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་ཚོགས་མི་རྣམས་དང་། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་པ་དང་བཞུགས་སྒར་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་འཛོམས་འདུག
སོག་པོ་མི་མང་ཐུན་མོང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༦ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ། སོག་པོ་མི་མང་ཐུན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བླ་མ་མཆོད་པའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། བརྟན་བཞུགས་ཐོག་སོག་ཡུལ་གྱི་ས་གནས་འདྲ་མིན་དང་། གཞན་ཡང་ཨུ་རུ་སུའི་ཁྱབ་ཁོངས་ཀྱི་ཁཱལ་མུག་དང་། ཐུ་ཝ། བྷོ་རི་ཡ་བཅས་ཀྱི་ནང་པ་ཙམ་མ་ཟད། རྒྱ་གར་ནང་སློབ་སྦྱོང་གནང་བཞིན་པའི་སོག་རིགས་ཁྱོན་མི་གྲངས་ ༥༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག དེ་ནི་རྒྱ་གར་ནང་སོག་པོ་མི་མང་ཐུན་མོང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད། རུ་སོག་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་ནས། ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་ཧ་ཅང་ཡག་པོ་བྱུང་ཡོད་པ་མ་ཟད། བོད་སོག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་སླར་གསོ་ཞུས་པ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་བརྗོད་འདུག
དབུས་དང་སློབ་མདའ་རུ་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༣༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་དང་སློབ་མདའ་རུ་ཐུན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། བརྟན་བཞུགས་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་པ་ཆོས་རྗེ་ངག་དབང་འབྱོར་ལྡན་མཆོག། སྒོ་མང་མཁན་པོ། ཤར་རྩེ་མཁན་པོ། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་དང་བདེ་སྲུང་བཀའ་བློན་སོགས་ཀྱིས་གཙོས་གྲྭ་བཙུན་སྔགས་གསུམ་གྱིས་གཙོས་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་དད་ལྡན་སེར་སྐྱ་མང་པོ་འཛོམས་འདུག
༧གོང་ས་མཆོག་ལ་མོན་ཡུལ་སློབ་ཕྲུག་ཚོཊ་པས་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མོན་ཡུལ་ན་གཞོན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མདོ་ལུགས་ཀྱི་བརྟན་བཞུགས་གསོལ་འདེབས་མཎྜལ་འདེགས་འབུལ་ཞུས་ཡོད་ཅིང་། ༧མགོན་པོ་གང་ཉིད་མཆོག་ནས། དེ་རིང་ཁྱེད་ཚོ་རྒྱ་གར་གྱི་ཕྱོགས་མཐའ་ཁག་ནས་དགའ་བཞིན་སྤྲོ་བཞིན་འདུས་ཏེ་བསམ་པ་རྣམ་རྣམ་དག་གིས་སྨོན་ལམ་བརྒྱབ་ཡོད་པ་དང་། ངོས་རང་ལ་བརྟན་བཞུགས་ཤིག་ཕུལ་བ་རེད། རྒྱ་གར་གྱི་ས་ཆ་གང་དུ་ཕྱིན་ཡང་ཡུལ་བ་ཚོའི་ཧ་ཅང་དགའ་བོ་བྱེད་ཀྱི་འདུག་ལ། ངོས་རང་ལ་དགའ་ཞེན་དང་དད་པ་འགྱུར་བ་མེད་པ་ཤུགས་ཆེན་པོ་ཡོད་པ་མངོན་གསལ་དོད་པོ་འདུག ངོས་རང་ཆ་བཞག་ན་ཞོགས་པ་ཡར་ལངས་པ་དང་། དད་པ་ཅན་ཚོར་སངས་རྒྱས་ཀྱི་བྱིན་རླབས་ཡོང་བར་ཤོག་བསམ་པའི་སྨོན་ལམ་རྒྱག་བཞིན་ཡོད། ངོས་ཀྱིས་དུས་ནམ་ཡང་འགྱུར་བ་མེད་པར་བསྟན་པ་དང་འགྲོ་བའི་དོན་དུ་སེམས་ཤུགས་བསྐྱེད་བཞིན་ཡོད། དེ་རིང་རྒྱ་གར་གྱི་ས་མཚམས་མོན་གྱི་ཡུལ་བ་གཙོ་བོ་གྱུར་པའི་དད་པས་ཀུན་ནས་བསླངས་ཏེ་ངོས་རང་ལ་ཐུག་ཆེད་དགའ་བོའི་ངང་ནས་འཛོམས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས།
གསར་འགོད་པ་བྱམས་པ་ཚེ་ར་ིང་གིས་ཕྱོགས་སྒྲིག་བྱས།




