མདོ་སྨད་བྱང་རྒྱུད་དཔའ་ལུང་རྫོང་ཁོངས་སུ་ཡོད་པའི་དགོན་ཆེན་བཞིའི་ཡ་གྱལ་དྷི་ཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་དགོན་པའི་གྲྭ་བ་བསམ་གཏན་ཞུ་བ་ཞིག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། འདྲི་གཅོད་སྐབས་ཉེས་རྡུང་བཏང་ནས་གྲོངས་རྗེས། ཁོང་གི་ཕུང་པོ་དགོན་པར་ཕྱིར་སྤྲད་ཡོད་པ་རེད།

དེ་འབྲེལ་འདི་གའི་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ཤར་བོད་རིགས་རང་སྐྱོང་ཁུལ་དཔའ་ལུང་རྫོང་ཉེན་རྟོག་པས་གྲྭ་བསམ་གཏན་ལགས་འཛིན་བཟུང་བྱས་ཏེ། འདྲི་གཅོད་སྐབས་ཉེས་རྡུང་བཏང་ནས་བཀྲོངས་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༨ ཉིན་ས་གནས་ཉེན་རྟོག་པས་གྲྭ་བསམ་གཏན་ལགས་ཀྱི་ཕུང་པོ་དགོན་པར་ཕྱིར་སྤྲད་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། ས་གནས་ཉེན་རྟོག་པ་ཚོས་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་དགོན་པའི་གྲྭ་བ་ཚོར་གྲྭ་བསམ་གཏན་ལགས་གློ་བུར་དུ་ན་ནས་སྨན་ཁང་དུ་བསྐྱལ་ཡང་སྲོག་སྐྱོབ་མ་ཐུབ་པར་འདས་གྲོངས་སུ་ཕྱིན་ཡོད་ཚུལ་བརྗོད་དེ། གནས་ཚུལ་འདི་མི་སུ་ལའང་མ་བཤད་ཅེས་བརྗོད་ཡོད་པ་དང་། བསམ་གཏན་ལགས་འཛིན་བཟུང་བྱས་པའི་རྒྱུ་མཚན་གསལ་བཤད་བྱས་མེད་པར་མ་ཟད། ཁོང་གི་ནང་མིའི་གནས་སྟངས་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
ཡང་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། གྲྭ་བསམ་གཏན་ལགས་ཕྱི་ལོ་ ༢༠༢༡ ལོར་ཡང་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པས་ཁོང་གིས་སྐད་འཕྲིན་སྟེང་བཙན་བྱོལ་བོད་གཞུང་གི་འོས་བསྡུའི་སྐོར་གྱི་པར་རིས་དང་གནས་ཚུལ་བརྒྱུད་སྤེལ་བྱས་པའི་ཉེས་འཛུགས་བྱས་ཡོད་པ་དང་། དེ་ནས་བཟུང་ས་གནས་བདེ་སྲུང་མི་སྣས་བསམ་གཏན་ལགས་ལ་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་རེད།
གྲྭ་བསམ་གཏན་ལགས་ནི་ལོ་ན་ ༢༥ ཡས་མས་ཡིན་པ་དང་། དྷི་ཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་དགོན་པའི་གྲྭ་བ་ཡིན་པ་དང་། དགོན་པ་དེ་ནི་མཚོ་ཤར་བོད་རིགས་རང་སྐྱོང་ཁུལ་གྱི་དཔའ་ལུང་རྫོང་གི་གཤོང་ཤན་བོད་རིགས་ཞང་དུ་ཆགས་ཡོད། དགོན་པ་དེ་ནི་རྗེ་ཞྭ་དམར་པཎྚི་ཏ་སྐུ་ཕྲེང་དང་པོ་དགེ་འདུན་བསྟན་འཛིན་རྒྱ་མཚོས་ཕྱག་བཏབ་པ་དང་། ད་ལྟའི་ཆར་གྲྭ་བ་བཞི་བརྒྱ་ཙམ་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།





