ཨོ་གླིང་དང་ནིའུ་ཛེ་ལན་ཌི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་བདེ་སྲུང་བློན་ཆེན་ཐུན་མོང་གིས་བོད་ནང་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་ཡོད་པའི་བསྒྲགས་གཏམ་སྤེལ།

ཉེ་ལམ་ཨོ་གླིང་གི་རྒྱལ་ས་ཁེན་བྷེ་ར་ (Canberra) རུ་ཨོ་གླིང་གི་སྲིད་བློན་གཞོན་པ་དང་བདེ་སྲུང་བློན་ཆེན་གཅིག་ལྕོགས་སྐུ་ཞབས་རི་ཆར་ཌི་ (Richard Marles) ལགས་དང་། ཨོ་གླིང་གི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་པེན་ནི་ཝང་ (Penny Wong) ལགས། ནེའུ་ཛེ་ལན་ཌི་རྒྱལ་ཁབ་ཀྱི་བདེ་སྲུང་བློན་ཆེན་ལྕམ་སྐུ་ཀོ་ལིན་སི་ (Judith Collins KC) ལགས། ཕྱི་སྲིད་བློན་ཆེན་སྐུ་ཞབས་པི་ཊར་ (Winton Peter) ལགས་བཅས་ཀྱི་བར་བློན་ཆེན་རིམ་པའི་གྲོས་མོལ་ཐེངས་གསུམ་པ་འཚོགས་ཡོད་ཅིང་། སྐབས་དེར་རྒྱལ་ཁབ་གཉིས་ཀྱི་བློན་ཆེན་ཐུན་མོང་གིས་དོན་ཚན་ ༣༡ ཅན་གྱི་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་འདུག
བསྒྲགས་གཏམ་གྱི་དོན་ཚན་ ༢༤ ནང་། རྒྱ་ནག་གཞུང་གིས་ཤར་ཊུ་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དང་རིག་གཞུང་། ཤེས་ཡོན། སྐད་ཡིག་བཅས་ཀྱི་ཐོབ་ཐང་དང་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་ལ། རིམ་གྱིས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་གསལ་སྟོན་དང་། ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཉམས་རྒུད་དུ་འགྲོ་བཞིན་པའི་གནས་སྟངས་སྤྱི་དང་། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་མང་དག་ཅིག་ལ་དམིགས་སུ་བཟུང་ནས་བཙོན་འཇུག་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པར་བློ་འཚབ་ཡོད་པ་གསལ་འདུག
ཡང་བསྒྲགས་གཏམ་ནང་། རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་སྤེལ་བཞིན་པའི་ཁྲིམས་མེད་ཀྱི་བྱ་སྤྱོད་ཁག་ལ་བློ་འཚབ་བསྟན་པ་དང་འབྲེལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱལ་ཚོགས་ཀྱི་མཚོ་ཐོག་གི་ཁྲིམས་གཙོས་པའི་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་ཁག་ལ་བརྩི་བཀུར་ཞུ་དགོས་པའི་རེ་སྐུལ་གནང་བ་དང་། ཐའེ་ཝན་མཚོ་གླིང་དུ་ཞི་བདེ་མུ་མཐུད་བསྐྲུན་རྒྱུའི་གལ་གནད་སྐོར་ནན་བརྗོད་ཀྱིས་ཐའེ་ཝན་དང་ལྷན་དུ་དཔལ་འབྱོར་དང་། ཚོང་ལས། རིག་གཞུང་ཐོག་འབྲེལ་བ་དམ་ཟབ་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་ནན་གནང་འདུག
ཡང་ཁ་སང་ཕྱི་ཚེས་ ༡༩ ཉིན་ཡུ་རོབ་གྲོས་ཚོགས་འཐུས་མི་ཨོར་ལན་ཌོ་ (Leoluca Orlando) ལགས་ཀྱི་མཐུན་འགྱུར་འོག ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་སླད། སྦར་སིལ་སྐུ་ཚབ་དོན་གཅོད་དང་ཡུ་རོབ་ཀྱི་སེམས་དང་སྲོག་གི་ཚོགས་པ་གཉིས་ཟུང་འབྲེལ་ཐོག ལག་ལེན་ཁྲོད་ཀྱི་བྱམས་སྙིང་རྗེ་ (Compassion in Action: A Global Ethic of Care for Life) ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་འཚོགས་ཡོད་ཅིང་། སྐབས་དེར་ཡུ་རོབ་གྲོས་ཚོགས་འཐུས་མི་དང་། ཤེས་ཡོན་ཅན། ཉམས་ལེན་པ་སོགས་མཉམ་ཞུགས་གནང་ཡོད་འདུག
ཐེངས་འདིའི་ཚོགས་འདུ་བརྒྱུད་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་གང་བོར་འཛམ་གླིང་ཀུན་ཁྱབ་ཀྱི་འགན་ཁུར་དང་། གཅིག་ལ་གཅིག་རྟེན་གྱི་འབྲེལ་བ། ཆོས་ལུགས་མཐུན་སྒྲིལ་སོགས་གོང་འཕེལ་གཏོང་རྒྱུའི་ཐུགས་བསྐྱེད་དམ་བཅའ་ཁག་གསལ་སྟོན་གནང་འདུག་ལ། གྲོས་ཚོགས་འཐུས་མི་ཨོ་ན་ཌོ་ལགས་ཀྱིས། ༸གོང་ས་མཆོག་ལ་གུས་བརྩི་ཆེན་པོ་ཡོད། ཅེས་དང། དེ་སྔོན་ཕྱི་ལོ་ ༢༠༡༧ ལོར་པཱ་ལེར་མོ་ (Palermo) ཞེས་པའི་གྲོང་སྡེའི་སྤྱི་ཁྱབ་གནང་བའི་རིང་། ༸མགོན་པོ་གང་ཉིད་མཆོག་ལ་གྲོང་སྡེའི་མི་སེར་གྱི་ཆེ་བསྟོད་གཟེངས་རྟགས་འབུལ་རྒྱུའི་གོ་སྐབས་བྱུང་བའི་སྐོར་གསུངས་འདུག
སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། གྲོས་ཚོགས་འཐུས་མི་ཨོར་ལན་ཌོ་ལགས་དང་སེམས་དང་སྲོག་ཚོགས་པ་གཉིས་ནས་མཉམ་འབྲེལ་ཐོག་༸གོང་ས་རྒྱལ་བ་རིན་པོ་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་ཞུ་བའི་ལས་རིམ་དེ་བསྐོང་ཚོགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་ཞུ་བཞིན་པའི་སྐབས་དང་བསྟུན་གོ་སྒྲིག་གནང་བ་ནི་གལ་གནད་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག
ཡུ་རོབ་ཀྱི་སེམས་དང་སྲོག་གི་ཚོགས་པའི་ཚོགས་གཙོ་ཨེ་མི་ (Amy Cohen Varela) ལགས་ཀྱིས། སེམས་དང་སྲོག་གི་ཚོགས་པ་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བར་གྱི་གཞི་རྩའི་འབྲེལ་བའི་སྐོར་དང་། ཕྱི་ལོ་ ༡༩༨༧ ལོར་སེམས་དང་སྲོག་གི་ཚོགས་འདུ་ཐེངས་དང་པོ་དེ་ཧྥ་རན་སི་སི་ཁོ་ (Francisco Varela) ལགས་དང་། ཨེ་ཌམ་ (Adam Engle) ལགས་གཉིས་ཀྱི་གོ་སྒྲིག་འོག་འཚོགས་པ་དང་། ཚོགས་འདུ་དེ་ནི་ནང་སེམས་ཀྱི་ཚན་རིག་དང་། ཕྱི་དངོས་པོའི་འཇིག་རྟེན་གྱི་ཚན་རིག་བར་འབྲེལ་བ་བཟོ་སླད་བཙུགས་པ་ཞིག་ཡིན་པ་ནན་བརྗོད་གནང་འདུག

སྦེལ་ཇམ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཀར་ལོ་ (Carlo Luyckx) ལགས་ཀྱིས། ༸གོང་ས་མཆོག་གི་ཞི་བདེ་དང་། བྱམས་བརྩེའི་དགོངས་གཞིའི་གལ་གནད་སྐོར་ནན་བརྗོད་གནང་བ་དང་། མཱར་ཊིན་ (Dr Martin van Beek) ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོ་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་སྐོར་གསུང་བཤད་གནང་བ་དང་། ཨེན་ཌི་རེ་སི་ (Dr Andreas Roepstorff) ལགས་ཀྱིས་ཐུན་མོང་གི་མི་རིགས་དང་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་འཕེལ། དགེ་བཤེས་བསྟན་འཛིན་དམ་ཆོས་ལགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་སྐོར། མེ་རི་ཀེ་ (Dr Marieke van Vugt) ལགས་ཀྱིས། སེམས་དང་སྲོག ཚན་རིག་དང་ནང་ཆོས་བར་བགྲོ་གླེང་གོང་འཕེལ། ཆི་ཡ་ར་ (Chiara Mascarello) ལགས་ཀྱིས་སྒོམ་སྒྲུབ་ཤེས་ཡོན་དང་སཱི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག
ཚོགས་འདུའི་ཐོག་གསུང་བཤད་པ་རྣམས་ཀྱིས་བྱམས་བརྩེ་ནི་ལག་བསྟར་བྱེད་དགོས་པ་ཞིག་ཡིན་པ་དང་། བྱམས་བརྩེ་བརྒྱུད་ཐག་གཅོད་བྱེད་ཕྱོགས་ལ་ལམ་སྟོན་དང་། མཉམ་རུབ་ཀྱི་ལས་དོན་ལ་སྐུལ་འདེད། རྙོག་འཛིང་ཅན་གྱི་གནས་སྟངས་ལ་གདོང་ལེན་ཐུབ་པའི་སྙིང་སྟོབས་སྐྲུན་གྱི་ཡོད་ལ། འཛམ་གླིང་དང་འགྲོ་བ་མིའི་བདེ་དོན་སླད་ཚན་རིག་དང་། སྒོམ་སྒྲུབ་ཉམས་ལེན། སྲིད་ཇུས་གསར་གཏོད་བཅས་ཟུང་འབྲེལ་གྱིས་ལམ་ལུགས་ཤིག་གསར་བཟོ་དགོས་པའི་གལ་གནད་སྐོར་ནན་བརྗོད་གནང་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





