བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་གནང་བའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་ཚོགས་ཆུང་གི་གྲུབ་དོན་སྙན་ཐོའི་ཐོག་གྲོས་ཚོགས་ནང་བརྗོད་པ་དང་པོའི་ཐོག་ནས་བགྲོ་གྲེང་གནང་སོང་།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པའི་སྟེང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་། མཚོན་མདོག བོད་ཀྱི་རྒྱལ་གླུའི་གདངས་དབྱངས་རིང་ཐུང་བཅས་ཚད་མཐུན་གཅིག་གྱུར་ཡོང་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་གནང་བའི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་ཚོགས་ཆུང་གི་གྲུབ་དོན་སྙན་ཐོའི་ཐོག་བགྲོ་གླེང་གནང་སོང་།
ཚོགས་ཆུང་གི་སྙན་ཐོ་དང་གྲུབ་དོན་དོན་ཁྲོད། བོད་ཀྱི་རྒྱལ་དར་ནི་དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱུང་བའི་མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ཡོད་པའི་འཛམ་གླིང་གི་རྒྱལ་དར་རྙིང་གྲས་ཤིག་ཡིན་ལ། འཛམ་གླིང་གི་རྒྱལ་དར་སོ་སོའི་བྱུང་རིམ་དང་ཕྱོགས་མཚུངས། དམག་དར་ནས་ཕྱིས་སུ་རྒྱལ་དར་དུ་བསྒྱུར་བ་ཞིག་ཡིན། དེ་ཡང་གངས་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དམག་དར་གྱི་བཀོད་རིས་སྔར་ཡོད་ལ་གཞི་བཅོལ་ཏེ་དུས་བསྟུན་གཅིག་གྱུར་མཛད་ནས་ད་ཡོད་ཀྱི་རྒྱལ་དར་འདི་བྱུང་བ་ཡིན།
དོན་ཚན་ལྔ་བ། རྒྱལ་དར་གྱི་མཚོན་དོན་འགྲེལ་བཤད། ༡ དྭངས་ཤིང་གསལ་བའི་ནམ་མཁའ་སྔོན་པོའི་འོག་ཏུ་ལྷུན་སྟུག་གངས་ཀྱི་རི་བོ་བརྗིད་ཆགས་སུ་གནས་པས་གངས་རི་ར་བས་བསྐོར་བའི་བོད་རྒྱལ་ཁབ་ཆེན་པོའི་ཕྱི་སྣོད་ཀྱི་བཀོད་པ་མཚོན། ༢ ནམ་མཁའི་ངོས་སུ་འོད་མདངས་དམར་པོ་དྲུག་འཕྲོ་བས། གདོང་དམར་བོད་ཀྱི་ཕྱི་མོ་མིའུ་གདུང་དྲུག་མཚོན་པས་བོད་རྒྱལ་ཁབ་ཆེན་པོའི་ནང་བཅུད་ཀྱི་སེམས་ཅན་མཚོན། ༣ ནམ་མཁའི་ཁ་མདོག་སྔོ་ནག་དང་། རིགས་ཀྱི་ཁ་མདོག་དམར་པོ་གཉིས་ཀྱིས་གཞུང་བསྟེན་སྲུང་མ་དམར་ནག་གཉིས་ཀྱིས་བསྟན་སྲིད་སྲུང་སྐྱོང་གི་འཕྲིན་ལས་གཡེལ་མེད་དུ་སྒྲུབ་པ་མཚོན། ༤ གངས་རིའི་རྩེ་ནས་ཉི་མ་ཤར་ཏེ་འོད་ཟེར་རྒྱ་ཁྱབ་ཏུ་འཕྲོ་བས། བོད་མི་སྐྱེ་འགྲོ་ཡོངས་ཀྱིས་རང་དབང་ཆོས་འབྱོར་བདེ་སྐྱིད་ཀྱི་སྣང་བར་ཀུན་སྙོམས་སུ་ལོངས་སྤྱོད་པ་མཚོན། ༥ གངས་རིའི་ངོས་སུ་མི་འཇིགས་གདོང་ལྔ་འབར་བའི་སེངྒེ་ཟུང་རྣམ་པར་འགྱིངས་པས། ཆོས་སྲིད་ཟུང་དུ་འབྲེལ་བའི་རྒྱལ་ཐབས་ཆབ་སྲིད་ཀྱི་འཕྲིན་ལས་ཕྱོགས་དུས་ཀུན་ལས་རྣམ་པར་རྒྱལ་བ་མཚོན། ༦ སེངྒེ་ཟུང་གིས་ནོར་བུ་མེ་འབར་ཁ་མདོག་གསུམ་ལྡན་གོང་དུ་འདེགས་པས། བོད་མི་ཡོངས་ཀྱིས་རྟག་ཏུ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་རིགས་གསུམ་གཅིག་བསྡུས་ཀྱི་ངོ་བོ་སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གཙུག་ཏུ་བཀུར་བ་མཚོན། ༧ སེངྒེ་ཟུང་གིས་ལག་ཏུ་ནོར་བུ་དགའ་འཁྱིལ་ཁ་མདོག་དམར་ནག་གཉིས་ལྡན་ཞིག་བཟུང་བས། ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་སྙིང་པོར་གྱུར་བའི་ལུགས་ཟུང་བླང་དོར་གྱི་རང་ཁྲིམས་གཅེས་སྲུང་བྱེད་པ་མཚོན། ༨ མཐའ་ལྕགས་ཁ་མདོག་སེར་པོས་བརྒྱན་པས། གསེར་སྦྱངས་བཙོ་མ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་མཚོན་པ་དང་། གཡས་ལ་མཐའ་ལྕགས་མེད་པས། ཕྱི་ནང་གི་རིག་གནས་བརྗེ་ལེན་གྱི་སྒོ་འཕར་ཡངས་པོ་ཕྱེ་ཡོད་པ་མཚོན། ཞེས་གསལ་འདུག
ཡང་རྒྱལ་དར་གྱི་ཚད་གཞི་དང་འབྲེལ་ནས། ༡ རྒྱལ་དར་གྱི་བཟོ་དབྱིབས་གྲུ་བཞི་ནར་མོ་ཡིན་དགོས་པ་དང་། མཐོ་ཚད་རིང་ཚད་ལས་སུམ་ཆ་གཉིས་ཡིན་དགོས་པར་དཔེར་ན། སྤྱིར་བཏང་སྒྲེང་འཛུགས་བྱེད་པའི་རྒྱལ་དར་ཚད་ལྡན་གྱི་རིང་ཚད་ལ་ཨིན་ཅི་ ༥༤ དང་། མཐོ་ཚད་ལ་ཨིན་ཅི་ ༣༦ དགོས། ༢ རྒྱལ་དར་རིང་ཚད་ཨིན་ཅི་ ༥༤ དང་། མཐོ་ཚད་ཨིན་ཅི་ ༣༦ ཡོད་པ་ཞིག་ལ་མཚོན་ན། ཀ མཐའ་ལྕགས་ཀྱི་ཞེང་ལ་ཨིན་ཅི་ ༤ ། ཁ དབུས་ཀྱི་ཉི་མའི་དཀྱིལ་འཁོར་དེ། གངས་རིའི་རྩེ་མོ་ལྟེ་བར་བཟུང་བའི་ཉི་མའི་དཀྱིལ་འཁོར་གྱི་མཐའ་སྒོར་ལ་ཨིན་ཅི་ ༤ ། ག ཉི་ཟེར་བཅུ་གཉིས་རེ་རེ་ལ་ཨིན་ཅི་ ༤ རེ་དགོས་པ་དེ་དག་འོད་མདངས་དམར་པོ་དང་། སྔོ་ནག་རེ་རེའི་དཀྱིལ་ནས་འཕྲོ་བ་ཞིག་དགོས། ང བསྟན་སྲུང་དམར་ནག་གི་མཚོན་དོན་འོད་མདངས་དམར་པོ་དང་། སྔོ་ནག་གི་རྩ་བ་ཉི་མའི་མཐའ་བསྐོར་ཆ་བཅུ་གཉིས་སུ་བགོས་པ་དགུང་དང་མཐའ་ཕྱོགས་སོ་སོར་ཆ་བཞི་རེ་རྒྱས་པ་ཞིག་དགོས། ༣ མདོར་ན་རྒྱལ་དར་ཆེ་ཆུང་སྣ་ཚོགས་བཟོ་ཆོག་ཀྱང་བཟོ་དབྱིབས་གྲུ་བཞི་ནར་མོ་ཞིག་དགོས་པ་དང་། དེའི་མཐོ་ཚད་རིང་ཚད་ཀྱི་སུམ་ཆ་གཉིས་དགོས་པ་གོང་གསལ་ལྟར་ཡིན། ཞེས་དང་། བོད་ཀྱི་རྒྱལ་དར་གྱི་ཚོན་མདོག་དང་འབྲེལ་ནས། བོད་ཀྱི་རྒྱལ་དར་གྱི་ཚོན་མདོག་ཁག་གི་ཚོན་གྱི་ཨང་གྲངས་ཟུར་འཛར་གསུམ་པ་ལྟར་དགོས་རྒྱུ། ཞེས་གསལ་འདུག
ཡང་བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་ཕྱོགས་དང་རྒྱལ་དར་སྒྲེང་འཛུགས་སོགས་དང་འབྲེལ་ནས། ༡ བོད་ཀྱི་རྒྱལ་དར་ལ་གུས་བརྩི་དང་ཆེ་མཐོང་ལྡན་པའི་སྒོ་ནས་སྤྱི་སྒེར་གྱི་སྒྲིག་འཛུགས་དང་། སློབ་གྲྭ། མི་ མང་སུས་ཀྱང་རྒྱལ་དར་སྒྲེང་འཛུགས་བྱེད་པར་དགག་བྱ་མེད། ༢ བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་སྐབས་ཆེ་མཐོང་དང་མངོན་གསལ་ཆེ་བའི་ས་ཆར་སྒྲེང་འཛུགས་བྱེད་དགོས། ༣ སྐྱེ་བོ་སུ་ཞིག་བོད་ཀྱི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པའམ། རྒྱལ་དར་སྒྲེང་བའི་སྐབས་དང་འཕྲད་ཚེ། ཁ་རྒྱལ་དར་གྱི་ཕྱོགས་སུ་འཁོར་ནས། ལུས་དྲང་པོར་འགྲེང་། མིག་ཕུར་ཚུགས་སུ་རྒྱལ་དར་ལ་གཏད་པའི་གུས་ལུགས་ཞུ་དགོས། ༤ འདྲ་སྐུ་སོགས་དབུ་འབྱེད་མཛད་སྒོའི་སྐབས་རྒྱལ་དར་བེད་སྤྱོད་བྱེད་ཚེ། རྒྱལ་དར་ལོགས་སུ་མངོན་ གསལ་ཆེ་བའི་སར་སྒྲེང་འཛུགས་དགོས་པ་ལས། འདྲ་སྐུ་དང་། ཁང་པ་སོགས་ལ་རྒྱལ་དར་གྱི་ཁེབས་གཡོག་བྱེད་མི་ཆོག ༥ ཚོགས་འདུ་སོགས་ཀྱི་སྐབས་བཀའ་སློབ་གནང་མཁན་གྱི་མདུན་ལྕོག་དང་། སྡིངས་ཆར་རྒྱལ་དར་གྱི་ཁེབས་གཡོག་བྱེད་མི་ཆོག ༦ རྒྱལ་དར་ཐོག་ཡི་གེ་དང་། རི་མོའི་རིགས་གང་ཡང་འབྲི་མི་ཆོག ༧ དར་ཤིང་གཅིག་ལ་བོད་ཀྱི་རྒྱལ་དར་མཉམ་དུ་རྒྱལ་དར་གཞན་ནམ། དར་ཆ་གཞན་སྒྲེང་འཛུགས་བྱེད་མི་ཆོག ༨ རྒྱལ་དར་སྐྱོན་ཅན་རིགས་སྒྲེང་འཛུགས་བྱེད་མི་ཆོག ༩ རྒྱལ་དར་སྐྱོན་ཅན་རིགས་རྒྱལ་དར་གྱི་ཆེ་མཐོང་ལ་མི་གནོད་པའི་ཐབས་ལམ་བརྒྱུད་མེད་པ་བཟོ་དགོས། ༡༠ དབུས་དང་ས་གནས་ཀྱི་ལས་ཁུངས་ཁག་ཏུ་གཤམ་གསལ་གཞུང་འབྲེལ་མཛད་སྒོའི་སྐབས་བོད་ཀྱི་རྒྱལ་དར་ངེས་པར་དུ་སྒྲེང་འཛུགས་བྱེད་དགོས། ཀ༽ གནམ་ལོ་གསར་ཚེས། ཁ ༽ རང་དབང་སྒེར་ལངས། ག༽ སྐུའི་འཁྲུངས་སྐར་དུས་ཆེན། ང༽ མང་གཙོའི་དུས་ཆེན། ཅ༽ ༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་ཆེན། ༡༡ གནས་ཡུལ་རྒྱལ་ཁབ་སོ་སོའི་དུས་ཆེན་ཆེ་ཁག་ལའང་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་སྒྲེང་འཛུགས་དགོས་པ་ཡིན། ༡༢ མདོག་དབྱིབས་སོགས་ཁྲིམས་སྒྲིག་དགོངས་དོན་དང་མི་མཐུན་པའི་བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་མི་ཆོག ༡༣ བོད་མི་སུ་འདྲ་ཞིག་གིས་ཀྱང་མི་མང་གི་མདུན་སར་བོད་ཀྱི་རྒྱལ་དར་རམ་ཡང་ན་དེའི་ཆ་ཤས་མེ་ལ་སྲེག་པའམ། བཙོག་པ་བཟོ་བ། རྡོག་རྫིས་གཏོང་བ་སོགས་གཏན་ནས་མི་ཆོག གལ་ཏེ་དེ་ལྟར་བྱེད་མཁན་བྱུང་ཚེ་ཉེས་ཆད་དུ་ལོ་ལྔའི་རིང་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་དགོས། ༡༤ བོད་ཀྱི་རྒྱལ་དར་ནི་བོད་མི་མང་གི་རེ་བ་དང་། བོད་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་པས། བོད་མི་མི་རེ་ངོ་རེ་ནས་དེ་ལ་བརྩི་འཇོག་དང་། གཅེས་སྤྲས། སྲུང་སྐྱོབ་བྱེད་དགོས། ཞེས་གསལ་འདུག
དོན་ཚན་དགུ་པ། རྒྱལ་དར་ཕྱེད་ཕབ། ༡ དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ། དཔལ་ལྡན་སྲིད་སྐྱོང་སྐུ་གྲོངས་ཚེ་རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་གུས་འདུད་ཞུ་དགོས། ༢ གཤམ་གསལ་དོན་གནད་ཁག་ལ་བཀའ་ཤག་གིས་བཀོད་ཁྱབ་ནམ་བྱུང་ལ་དབུས་དང་ས་གནས་ཁག་གིས་རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་གུས་འདུད་ཞུ་དགོས། ཀ བོད་རྒྱལ་ཁབ་ཆེན་པོར་མཛད་རྗེས་བླ་མེད་བཞག་པའི་མི་སྣ་དང༌། འཛམ་གླིང་ཞི་བདེའམ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན། བོད་ཀྱི་རྩ་དོན་འཐབ་རྩོད་ལ་མཛད་རྗེས་བླ་མེད་བཞག་པའི་མི་སྣ་བཅས་སྐུ་གྲོངས་ཚེ། ཁ རང་བྱུང་གནོད་འཚེ་སོགས་འཆི་སྐྱོན་ཚབས་ཆེན་གྱི་དོན་རྐྱེན་རིགས་བྱུང་ཚེ། ག མཐུན་ཕྱོགས་རྒྱལ་ཁབ་གང་ཞིག་ལ་རྒྱལ་ཁབ་ཆགས་འཇིག་གིས་མཚོན་གོད་ཆག་རིགས་བྱུང་ཚེ།
དོན་ཚན་བཅུ་བ། རྒྱལ་དར་སྐུ་ཕུང་ལ་འགེབས་བ། ༡ བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་སུ་ཡིན་སྐུ་གྲོངས་ཚེ་སྐུ་ཕུང་ལ་བོད་ཀྱི་རྒྱལ་དར་འགེབས་ཆོག ༢ མཛད་གཙོ་ལས་ཟུར་ལས་གཞན་བོད་རྒྱལ་ཁབ་དང་། མི་རིགས། རྩ་དོན་འཐབ་རྩོད་ལ་མཛད་རྗེས་བླ་མེད་བཞག་པའི་མི་སྣ་སྐུ་གཤེགས་ཚེ་སྐུ་ཕུང་ལ་བོད་ཀྱི་རྒྱལ་དར་འགེབས་ཆོག འོན་ཀྱང་བཀའ་ཤག་ལ་སྙན་སེང་གིས་བཀའ་ཁྲོལ་ཐོབ་ན་ལས་དེ་མིན་སྐུ་ཕུང་གང་བྱུང་ལ་བོད་ཀྱི་རྒྱལ་དར་འགེབས་མི་ཆོག ༣ སྐུ་ཕུང་ལ་བོད་ཀྱི་རྒྱལ་དར་འགེབས་པའི་མྱ་ངན་ཞུ་སྐབས་སྐུ་ཕུང་དང་ལྷན་དུ་རྒྱལ་དར་དུར་སར་སྦས་པའམ། མེར་བསྲེག་མི་ཆོག
བོད་ཀྱི་རྒྱལ་རྟགས་ཀྱི་སྤྱི་བཤད། དོན་ཚན་བཅུ་གཅིག་བ། བོད་ཀྱི་རྒྱལ་རྟགས་ཀྱི་བྱུང་རིམ། བོད་ནི་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ལ། བོད་རྗེ་རིམ་བྱོན་ནས་ལུགས་གཉིས་ཆབ་སྲིད་ཀྱི་མཛད་འགན་བཞེས་མཁན་རྣམས་ཀྱིས་རྒྱུ་ཆ་དང་། བཟོ་ལྟ། ཚོན་མདོག་ འདྲ་མིན་ལས་གྲུབ་པའི་རྒྱལ་རྟགས་སམ་རྟགས་ཐམ་བཟོས་ཡོད། ལྷག་པར་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ མཆོག་གིས་སྔར་ཡོད་བོད་ཀྱི་རྒྱལ་རྟགས་སམ་རྟགས་ཐམ་ཁག་ལ་གཞི་འཛིན་གྱིས། ད་ལྟའི་རྒྱལ་རྟགས་འདི་ བཟོས་ནས་བོད་གཞུང་གིས་ཕྱི་ལོ་ ༡༩༦༧ ཟླ་ ༡༠ ཚེས་ ༡༤ ཉིན་ཡོངས་ཁྱབ་ཏུ་གཞུང་འབྲེལ་ཁྱབ་བསྒྲགས་བསྐྱངས་པ་ནས་བྱུང་ཡོད། ཅེས་གསལ་འདུག
ཡང་ཚོགས་ཆུང་གི་བོད་ཀྱི་རྒྱལ་རྟགས་གྱི་མཚོན་དོན་འགྲེལ་བཤད་ནང་། ༡ལྷུན་སྟུག་གངས་ཀྱི་རི་བོ་གསུམ་བརྗིད་ཆགས་སུ་གནས་པས་གངས་རི་ར་བས་བསྐོར་བའི་བོད་རྒྱལ་ཁབ་ཆེན་པོའི་ཕྱི་སྣོད་ཀྱི་བཀོད་པ་མཚོན། ༢ གངས་རིའི་ངོས་སུ་མི་འཇིགས་གདོང་ལྔ་འབར་བའི་སེངྒེ་ཟུང་རྣམ་པར་འགྱིངས་པས། ཆོས་སྲིད་ཟུང་དུ་འབྲེལ་བའི་རྒྱལ་ཐབས་ཆབ་སྲིད་ཀྱི་འཕྲིན་ལས་ཕྱོགས་དུས་ཀུན་ལས་རྣམ་པར་རྒྱལ་བ་མཚོན། ༣ སེངྒེ་གཉིས་ཀྱིས་གསེར་གྱི་འཁོར་ལོ་ལྟེ་བར་ནོར་བུ་དགའ་འཁྱིལ་ཁ་མདོག་གསུམ་ལྡན་མཉམ་འདེགས་བྱེད་པས། གངས་ཅན་པ་རྣམས་ཀྱིས་རྟག་ཏུ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་རིགས་གསུམ་གཅིག་བསྡུས་ཀྱི་ངོ་བོ་སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གཙུག་ཏུ་བཀུར་བ་མཚོན། ༤ མཁའ་དབྱིངས་སུ་ཉི་ཟླས་རྒྱན་པས། གཞུང་གི་ཆོས་སྲིད་སྐྱོང་ཐབས་ཀུན་སྙོམས་ཉི་ཟླ་བཞིན་སྐྱེ་འགྲོ་རྣམས་ལ་རང་དབང་བདེ་སྐྱིད་ཀྱི་སྣང་བ་ཐོབ་སྟེ་རྨོངས་མུན་གྱི་ཚ་གདུང་སེལ་ནས་རྟག་ཏུ་ཞི་བདེའི་དཔལ་ལ་སྤྱོད་པ་མཚོན། ༥ མཚན་བྱང་དུ་ “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག” ཅེས་པས་བོད་མི་རྣམས་བདེན་པ་ལ་དགའ་ཞིང་བདེན་རྫུན་གྱི་མཐའ་མའི་རྒྱལ་ཁ་དེ་བདེན་པ་ཉིད་ལ་ཡོད་པའི་ཆོས་ཉིད་ཀྱི་ངང་ཚུལ་ལ་ཡིད་ཆེས་བརྟན་པོ་ཡོད་པ་མཚོན། ༦ དར་དཀར་ཡུག་གཅིག་གིས་བརྒྱན་པ་དེས། བོད་མི་ཡོངས་རྫོགས་དར་གྱི་རྒྱུ་སྤུན་ལྟ་བུའི་འབྲེལ་བ་དམ་ཞིང་ཟབ་ལ། དམ་ཚིག་གཙང་བ་དར་དཀར་ཡུག་གཅིག་དང་མཚུངས་བར་མཚོན། ༧ མཐའ་ལྕགས་གསེར་མདོག་གིས་བརྒྱན་པས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་མཚོན།
དོན་ཚན་བཅུ་གསུམ་པ། བོད་ཀྱི་རྒྱལ་རྟགས་ཀྱི་བཟོ་དབྱིབས། ༡ རྒྱལ་རྟགས་ཀྱི་ཆེ་ཆུང་དང༌། རྒྱུ་ཆ། འབུར་རིས་སོགས་གང་ཞིག་བཟོ་འགོད་གནང་བར་དགག་བྱ་མེད། ༢ རྒྱལ་རྟགས་ཀྱི་བཟོ་དབྱིབས་ལ་འགྱུར་བ་ནམ་ཡང་གཏོང་མི་ཆོག འོན་ཀྱང་རྒྱལ་རྟགས་འབུར་མ་དང་ཚེམ་དྲུབ་སོགས་ཀྱི་མཐའ་ལྕགས་ནང་ནོར་ཕྲེང་དང་འོད་ཟེར་རིགས་འབྲི་བར་དགག་བྱ་མེད།
དོན་ཚན་བཅུ་བཞི་བ། བོད་ཀྱི་རྒྱལ་རྟགས་བེད་སྦྱོད་བྱ་ཚུལ། གཞུང་གི་ལས་ཤོག་དང་། ལས་ཐམ། མཚན་བྱང་། དབུས་དང་ས་གནས་ཁག་གི་ལས་ཤོག་དང་། མཚན་བྱང་ཐོག་གཞུང་གིས་གཏན་འབེབས་བྱས་པའི་རྒྱལ་རྟགས་འབྲི་འགོད་བྱ་ཆོག་པར་མ་ཟད། ལས་ཐམ་ཡང་བཟོ་ཆོག་པ་ཡིན། དེ་མིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་གཞན་སུས་ཀྱང་བོད་ཀྱི་རྒྱལ་རྟགས་བེད་སྤྱོད་མི་ཆོག
དོན་ཚན་བཅོ་ལྔ་བ། སྒེར་གྱི་ལས་ཤོག་དང་། ལས་ཐམ། མཛད་གཙོ་ལས་ཐོག་རྣམ་པས་སྒེར་གྱི་ལས་ཤོག་དང་། ལས་ཐམ་ལ་གཞུང་གི་གཏན་འབེབས་ལྟར་གྱི་རྒྱལ་རྟགས་བཟོ་བེད་ཆོག་པ་ཡིན།
དོན་ཚན་བཅུ་དྲུག་པ། སྒེར་གྱི་ངོ་སྤྲོད་མཚན་བྱང་། མཛད་གཙོ་ལས་ཐོག་རྣམ་པ་དང་། གཞུང་ཞབས་དྲུང་གཞོན་ལས་རོགས་ཡན། སྐུ་ཚབ་དོན་གཅོད་ཁག ས་གནས་འགོ་འཛིན་ཁག་བཅས་ཀྱིས་སྒེར་གྱི་ངོ་སྤྲོད་མཚན་བྱང་ཐོག་རྒྱལ་རྟགས་ཅན་བཀོད་ཆོག
དོན་ཚན་བཅུ་བདུན་བ། བོད་ཀྱི་རྒྱལ་རྟགས་ཀྱི་བླང་དོར་ལམ་སྟོན། ༡ རྒྱལ་རྟགས་ཐོག་གཏན་འབེབས་ལྟར་ལས་དེ་མིན་ཡི་གེ་དང་། རི་མོ་འདྲ་མིན་རིགས་གང་བྱུང་འབྲི་འགོད་མི་ཆོག ༢ རྒྱུ་ཆ་འདྲ་མིན་དང་བྲིས་འབུར་ཅི་རིགས་ཀྱི་རྒྱལ་རྟགས་བཟོ་བསྐྲུན་བྱ་རྒྱུར་དགག་བྱ་མེད་ཀྱང་། ངེས་པར་ཁྲིམས་མཐུན་ཚད་ལྡན་ཞིག་ཡིན་དགོས། ༣ རྒྱལ་རྟགས་དེ་འགྲོ་ལམ་དང་། གྱོན་ཆས། ས་གདན་སོགས་མཐོང་ཆུང་འགྲོ་གཞིའི་རིགས་ལ་དཔར་བ་དང་འབྲི་འགོད་རིགས་མི་ཆོག ༤ རྒྱལ་རྟགས་སྐྱོན་ཅན་རིགས་རྒྱལ་རྟགས་ཀྱི་ཆེ་མཐོང་ལ་མི་གནོད་པའི་ཐབས་ལམ་བརྒྱུད་མེད་པ་བཟོ་དགོས། ༥ དབུས་དང་ས་གནས་ཀྱི་གཞུང་འབྲེལ་ཚོགས་འདུ་དང་མཛད་སྒོའི་སྐབས། བྲིས་འབུར་གང་རུང་ལས་གྲུབ་པའི་རྒྱལ་རྟགས་བཀའ་སློབ་གནང་མཁན་གྱི་མདུན་ལྕོག་ཐོག་དང་། བཤད་ལྕོག་གི་མདུན་གཡོག་བྱས་བར་དགག་བྱ་མེད་ཀྱང་། རྒྱལ་རྟགས་ལ་གུས་ཞབས་མེད་པའི་རྣམ་པ་མི་མཐོང་བ་ངེས་པར་བྱེད་དགོས།
བོད་ཀྱི་རྒྱལ་གླུ། དོན་ཚན་བཅོ་བརྒྱད་པ། བོད་ཀྱི་རྒྱལ་གླུའི་བྱུང་རིམ། བོད་ཀྱི་རྒྱལ་གླུ་ནི་དམག་གླུའམ་གཞུང་གླུ་ནས་རྒྱལ་གླུ་རུ་གྱུར་བ་ཞིག་ཡིན་པ་དང་། དམག་སྒར་སོ་སོས་གཞུང་འབྲེལ་མཛད་སྒོ་ཆེ་ཁག་ལ་བཏང་སྲོལ་ཡོད་པའི་གླུ་ལ་དམག་གླུའམ་གཞུང་གླུ་ཟེར་ཞིང་། དེ་ནི་མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་བྱུང་འདུག ཕྱིས་སུ་ཕྱི་ལོ་ ༡༩༤༧ ལོར་ཨེ་ཤ་ཡའི་ཚོགས་ཆེན་ཐོག་བོད་ཀྱི་ རྒྱལ་གླུ་རི་རྒྱ་བསམ་གཏན་གླིང་བཏང་འདུག་པ་དང༌། དེའི་རྗེས་སུ་རྒྱལ་གླུ་དད་པའི་འཁོར་སྒྲོལ་མ་བཟོས་ཤིང་། བཙན་བྱོལ་དུ་འབྱོར་རྗེས་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་རྒྱལ་གླུའི་ཚིག་སྦྱོར་ལ་བསྐྱར་བཅོས་ ཀྱིས་ད་ལྟ་གཏོང་བཞིན་པའི་རྒྱལ་གླུ་སྲིད་ཞིའི་ཕན་བདེ་མ་འདི་བྱུང་འདུག
དོན་ཚན་ཉེར་གཅིག་པ། བོད་ཀྱི་རྒྱལ་གླུ་བེད་སྦྱོད་བྱེད་ཚུལ། ༡ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལ་གུས་བརྩི་དང་ཆེ་མཐོང་ལྡན་པའི་སྒོ་ནས་སྤྱི་སྒེར་གྱི་སྒྲིག་འཛུགས་དང་། སློབ་གྲྭ། མི་མང་སུས་ཀྱང་རྒྱལ་གླུ་གཏོང་བར་དགག་བྱ་མེད། ༢ སྐྱེ་བོ་སུ་ཞིག་གིས་རྒྱལ་གླུ་ལེན་པ་དང་རྒྱལ་གླུ་ལེན་པའི་སྐབས་དང་འཕྲད་ཚེ། འགྲོ་སྡོད་མི་བྱེད་པར་ལུས་དྲང་པོར་འགྲེང་། བློ་སྒྲིམ་སྟེ་རྒྱལ་གླུ་ལེན་དགོས། ༣ མཛད་སྒོ་སོགས་ཀྱི་སྐབས་གནས་ཡུལ་རྒྱལ་ཁབ་སོ་སོའི་རྒྱལ་གླུ་ལེན་དགོས་ཚེ་ཐོག་མར་བོད་ཀྱི་རྒྱལ་གླུ་དང་དེ་རྗེས་རྒྱལ་ཁབ་གཞན་གྱི་རྒྱལ་གླུ་ལེན་དགོས། ༤ རྒྱལ་གླུ་ལེན་སྐབས་ངག་རྐྱང་པ་དང༌། རོལ་དབྱངས་མཉམ་ལེན་གང་བྱས་ཀྱང་ཆོག འོན་ཀྱང་ཁྲིམས་སྒྲིག་གཏན་འབེབས་དང་མི་མཐུན་པར་རང་སྣང་གང་ཤར་གྱིས་ལེན་མི་ཆོག ཅེས་གསལ་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





