བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༦ དང་། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༦ ཀ་པ་གཉིས་ཀྱི་ཐད་བགྲོ་གླེང་གནང་རྗེས་མཐར་སྤྱི་མོས་གཏན་འབེབས་གནང་སོང་།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བདུན་པའི་སྟེང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་ལྔ་ཅན་ཞིག་དང་། འཛིན་སྐྱོང་བཀའ་ཤག་གི་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་བཅས་སྤྱི་མོས་གཏན་འབེབས་གནང་སོང་། བོད་ནང་གི་ཛ་དྲག་གི་གནས་བབ་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེ་ངོས་ལེན་མེད་སྐོར་སོགས་གསུངས་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གདུང་སེམས་མཉམ་སྐྱེད་ཀྱི་གྲོད་ཆོད་ཀྱི་སྔོན་གླེང་ནང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར། རྒྱ་དམར་གཞུང་གིས་ཕྱི་ཕྱོགས་ལ་སྲིད་བྱུས་སྒོ་འབྱེད་དང༌། ནང་ཁུལ་དུ་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ཟེར་བ་ ལག་བསྟར་བྱས་ནས་རྒྱ་ནག་ཁྱོན་ཡོངས་སུ་དཔལ་འབྱོར་གྱི་ཐོག་ནས་ཡར་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ནའང་། བོད་ནང་དུ་ཆབ་སྲིད་ཀྱི་ཐོག་ནས་གུ་ཡངས་ཀྱི་སྲིད་བྱུས་ཤིག་སྔ་ཕྱི་བར་གསུམ་གང་དུའང་ལག་བསྟར་གཏན་ནས་བྱས་མེད་པ་མ་ཟད། བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་འཕྲོག་སྟེ། ཆོས་དད་དང་། འགྲོ་འོང་། སྨྲ་བརྗོད། སྐད་ཡིག་རྒྱུན་འཛིན་དང་དར་སྤེལ། གསར་འགོད་སོགས་ཀྱི་རང་དབང་གཏན་ནས་མེད་པར་བཀག་སྡོམ་བྱས་ཡོད་པ་དང་། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ལ་དམ་དྲག་ཧ་ཅང་ནན་པོ་བྱེད་བཞིན་ཡོད་པ། ྋགོང་ས་མཆོག་གི་སྐུ་པར་ཙམ་ཡང་བོད་ནང་དུ་སྒྲིག་གཤོམ་མི་ཆོག་པ་བཟོས་ནས་བོད་མི་མང་པོ་ཞིག་དམར་གསོད་དང་བཙོན་འཇུག་འཛིན་བཟུང་ཚད་ལས་བརྒལ་བ་བྱེད་བཞིན་ཡོད། རྒྱ་དམར་གཞུང་གིས་བོད་ཡུལ་སྟོད་སྨད་བར་གསུམ་གང་སར་གཏེར་ཁ་སྔོག་འདོན་དང་། ནགས་ཚལ་གཅོད་འབྲེག ལྷོ་ཆུ་བྱང་འདྲེན་སོགས་གཙང་པོ་བཀག་སྐྱིལ་དང་ཁ་བསྒྱུར་ལ་བརྟེན་ནས་རང་བྱུང་ཐོན་ཁུངས་ལ་གཏོར་སྐྱོན་ཚད་ལས་ བརྒལ་བ་བཏང་དང་གཏོང་མུས་སུ་ཡོད་པ་སོགས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་མ་རུང་བ་ཞིག་ལག་བསྟར་བྱེད་བཞིན་ཡོད་པས། བོད་ནང་དུ་བཞུགས་པའི་བོད་མི་རྣམས་ཀྱིས་སྔ་རྗེས་སུ་ཞི་བའི་ངོ་རྒོལ་དང་སྐད་འབོད་གང་མང་ཞིག་བྱས་ཡོད་པ་དང་། དཔེར་ན་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༥ ཉིན་ཁམས་རྫ་ཆུ་ཁ་ཀ་བཞི་གསེར་ཁོག་ཅེས་པའི་ས་ཆར་གཏེར་ཁ་སྔོག་འདོན་བྱས་པར་ས་གནས་བོད་མི་རྣམས་ཀྱིས་བཀག་འགོག་བྱས་པར་བརྟེན། བོད་མི་གྲངས་ ༨༠ ལྷག་འཛིན་བཟུང་བཀག་སྐྱིལ་དང་རྡུང་རྡེག་མནར་གཅོད་བྱས་པའི་གནས་ཚུལ་ཐོན་པ་སོགས་བོད་ས་སྟོད་སྨད་ཀུན་ཏུ་འདི་ལྟ་བུའི་གནས་ཚུལ་གང་མང་སྔ་རྗེས་སུ་བྱུང་དང་འབྱུང་བཞིན་ཡོད། ཅེས་གསལ་འདུག
ཡང་སྔོན་གླེང་ནང་། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཞབས་སོར་འཁོད་དགོས་པ། བོད་ལ་རང་དབང་དང་རང་བཙན་དགོས་པ་སོགས་ཀྱི་དགོས་འདུན་འོག བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་ ༡༥༧ གྱིས་སྔ་རྗེས་སུ་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ཀྱི་རྩ་དོན་ཆེད་ཚེ་སྲོག་བློས་གཏོང་གིས་རང་ལུས་མེར་སྲེག་བཏང་ཡོད་པ་སོགས། རྒྱ་དམར་གཞུང་གིས་བོད་ལ་ཐོག་མར་བཙན་འཛུལ་བྱས་པ་ནས་བཟུང་ད་བར་སྔ་རྗེས་སུ་རྩ་དོན་མི་རིགས་ཀྱི་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཇི་སྙེད་ཅིག་བྱུང་ཡོད། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་(དགེ་འདུན་ཆོས་ཀྱི་ཉི་མ་)མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་རྒྱ་དམར་གཞུང་གིས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ་དང་། བོད་ཀྱི་དགོན་སྡེ་ཁག་ལ་སྲོལ་རྒྱུན་གྱི་ཆོས་དང་རིག་གནས་སློབ་སྦྱོང་བྱ་རྒྱུར་དམ་དྲག་དང་དམར་ཤོག་ལམ་ལུགས་ཀྱི་སློབ་གསོ་བཙན་དབང་གིས་སྤེལ་ནས་རྒྱ་དམར་གཞུང་ལ་དགའ་ཞེན་ངེས་པར་དུ་དགོས་པའི་ལས་འགུལ་ཡོངས་ཁྱབ་ཀྱིས་སྤེལ་བཞིན་ཡོད། བོད་པ་རང་གིས་ཆེད་འཛུགས་དང་འཛིན་སྐྱོང་བྱས་པའི་སློབ་གྲྭ་ཁག་བཙན་དབང་གིས་སྒོ་བརྒྱབ་ནས། བོད་ཕྲུག་ན་གཞོན་མང་པོ་ཞིག་བཅའ་སྡོད་སློབ་གྲྭ་ཟེར་བའི་ནང་བཅུག་སྟེ་བོད་ཀྱི་སྐད་ཡིག་རིག་གནས་སློབ་སྦྱོང་བྱེད་མི་ཆོག་པར་བཟོས་ཤིང༌། བོད་སྐད་ཐོག་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཚོང་ལས་ཆེད་ཐད་གཏོང་བྱེད་པ་ཙམ་ལའང་བཀག་སྡོམ་ཚད་ལས་བརྒལ་བ་བྱེད་བཞིན་པ་སོགས་བོད་ཀྱི་ཆོས་དང་རིག་གནས་མི་རིགས་དང་བཅས་པ་རྩ་མེད་གཏོང་རྒྱུའི་སྲིད་བྱུས་སྣ་མང་ཞིག་མུ་མཐུད་ལག་བསྟར་བྱེད་བཞིན་པ་ཡིན། རྒྱ་དམར་གཞུང་གིས་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཆོས་མེད་རྒྱ་དམར་གཞུང་ཁོ་ནའི་བདག་དབང་ཡིན་པ་ལས་གཞན་སུ་གཅིག་གིས་ཐེ་གཏོགས་བྱེད་མི་ཆོག་པ་དང་། མ་འོངས་པར་སྐུའི་ཡང་སྲིད་རྒྱ་གཞུང་གིས་ངོས་འཛིན་བྱ་རྒྱུ་ཡིན་པའི་ཧམ་བཤད་དང་གྲ་སྒྲིག་སྣ་མང་བྱེད་བཞིན་པ་མ་ཟད། ཉེ་བའི་ཆར་ཡང་༸གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་ཚད་ལས་བརྒལ་བ་བྱེད་བཞིན་ཡོད་པ་སོགས་རྒྱ་དམར་གཞུང་གིས་བོད་དང་བོད་མི་རིགས་ལ་གནས་དུས་ཚོད་རྩིས་ཀྱིས་མ་རུངས་པའི་སྲིད་བྱུས་མང་པོ་ཞིག་ལག་བསྟར་གྱིས་བོད་ནང་གི་གནས་སྟངས་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་རིམ་པའི་ནང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་བཞག་ཡོད་པ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༡༡ པ་འདིའི་སྟེང་དུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་དགོས་པ་དུས་ཀྱི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཡོད། ཅེས་གསལ་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ཁྲོད། ༡༽བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང༌། ཁོང་རྣམ་པའི་གདུང་འབོད་དང་དགོས་འདུན་བཅས་ལ་རྒྱ་གཞུང་ནས་ངོས་འཛིན་གསལ་པོ་བྱས་ནས། བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ངེས་པར་དུ་གཏོང་དགོས་པ། བོད་ཀྱི་སྣོད་བཅུད་ཚང་མ་ཞི་བདེ་ལྷིང་འཇགས་དང་གུ་ཡངས་བག་ཕེབས་ཅན་གྱི་ཞི་བའི་ལྟེ་གནས་ཤིག་ཏུ་བསྒྱུར་དགོས་པ་དང༌། བོད་མི་རྣམས་ལ་འགྲོ་བ་མིའི་གཞི་རྩའི་རང་དབང་རྣམས་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ངེས་པར་དུ་སྤྲོད་དགོས། ༢༽རྒྱ་དམར་གཞུང་གི་བཙན་དབང་གིས་འཛིན་བཟུང་བཀག་ཉར་བྱས་པའི་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་(དགེ་འདུན་ཆོས་ཀྱི་ཉི་མ) མཆོག་གི་གནས་སྟངས་ཁ་གསལ་དགོས་པ་མ་ཟད། ཉེས་མེད་བཙོན་འཇུག་བྱས་ཏེ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ། བོད་ཁུལ་ཡོངས་རྫོགས་དམག་ས་ལྟ་བུ་བཟོས་ཏེ་དྲག་དམག་གིས་ཉིན་མཚན་དུས་དྲུག་ཏུ་སྟངས་འཛིན་ལྟ་སྲུང་གིས་སུན་གཙེར་བྱེད་བཞིན་པ་མཚམས་འཇོག་དང༌། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་ལས་གཞི་རྣམས་མྱུར་དུ་མཚམས་འཇོག་བྱ་དགོས། ༣༽ ལོ་རྒྱུས་ཀྱི་གནས་བབས་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་མ་འོངས་པར་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་མིང་དོན་མཚུངས་པ་ཞིག་ལག་བསྟར་ཡོང་ཐབས་བྱས་ཡོད་ཀྱང༌། རྒྱ་གཞུང་གི་དཔོན་རིགས་ཚོས་ད་བར་གཡས་ཁག་གཡོན་དཀྲི་དང་གནས་དུས་ཚོད་རྩིས་ཁོ་ན་ལ་བརྟེན་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་མ་བྱས་པ་དང༌། མ་འོངས་པར་ཛ་དྲག་གནས་ཚུལ་ཇི་བྱུང་གི་འགན་འཁུར་ཚང་མ་རྒྱ་དམར་གཞུང་ལ་ཡོད་པ་ནན་བརྗོད་བྱ་རྒྱུ་ཡིན། ༤༽ རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་གྱིས་ཧམ་ཟོས་བྱས་ནས་ད་བར་བོད་མི་རྣམས་ཀྱིས་ལས་འགུལ་ཆེ་ཕྲ་སྣ་ཚོགས་རྒྱུན་མ་ཆད་པར་སྤེལ་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་དང་། གཞིས་བཞུགས་བོད་མི་རྣམས་ཛ་དྲག་གི་གནས་སྟངས་ཇི་འདྲའི་འོག་ཡོད་པ་སོགས་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཆེད། ཞི་བདེ་ལ་དགའ་ཞིང༌། དྲང་ཚུགས་ལྡན་པའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་ལས་ཀྱི་སྣེ་མོ་བ། གྲོས་ཚོགས་འཐུས་མི། རྩོམ་པ་པོ། གསར་འགོད་པ་སོགས་ཕྱོགས་ལྷུང་བྲལ་བའི་རང་དབང་ཅན་གྱི་རྟོག་ཞིབ་ཚོགས་པ་བོད་ནང་དུ་ཕེབས་ནས་རྒྱུས་ལོན་དགོས་པའི་འབོད་སྐུལ་ཞུ་རྒྱུ། ༥༽ ད་བར་བོད་དོན་རྒྱབ་སྐྱོར་གནང་དང་གནང་བཞིན་པའི་རྒྱལ་ཁབ་ཁག་དང་། ཚོགས་སྡེ། མི་སྒེར་བཅས་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང༌། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགན་ངོ་མ་དེ་རང་རེ་བོད་མི་རྣམས་ལ་ཡོད་པ་ལྟར། ནང་ཁུལ་གྱི་བསམ་བློ་མཐུན་མིན་དང་གནད་དོན་ཆུང་ངུའི་རིགས་མཚམས་འཇོག་གིས་བོད་པ་མི་རེ་ངོ་རེ་བཞིན་རང་རང་གི་ལས་འགན་ངོ་ཤེས་པའི་ཐོག་སོ་སོའི་འཇོན་ནུས་ལ་དཔག་སྟེ་རྩ་དོན་ཆེད་ནུས་པ་མཉམ་སྤུངས་ཀྱིས་ལས་འགན་འཐུས་ཤོར་མེད་པར་བསྒྲུབ་དགོས་པའི་གསལ་འདེབས་བྱ་རྒྱུ་བཅས་ཡིན་འདུག
ཡང་འཛིན་སྐྱོང་བཀའ་ཤག་གིས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བས་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན། “རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་”ཟེར་བའི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབས་བྱས་ཡོད་པ་དང་འབྲེལ། གྲོས་ཆོད་བདུན་བཏོན་པའི་ནང་། ༡) རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གསར་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཁས་ལེན་དང་རྒྱབ་འགལ་དུ་སོང་ཡོད་པས། ཁྲིམས་དོན་གྱི་ཐོག་ནས་བོད་མི་རིགས་ལ་ཁྲིམས་མཐུན་རང་བཞིན་མི་ལྡན་པ་དང་། བཟང་སྤྱོད་ཀྱི་ཐོག་ནས་ཚོད་འཛིན་ཐེབས་པའི་ནུས་པ་མེད་པ་ལྷན་ཚོགས་འདིའི་ཐོག་ནས་ངོས་འཛིན་བགྱིས་པ་ཡིན། ༢) བོད་གངས་ལྗོངས་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་བསྙོན་དུ་མེད་ལ། ལོ་རྒྱུས་འཕེལ་རིམ་དང་། ཆོས་དང་རིག་གཞུང་གི་ངོ་རྟགས། རྒྱལ་སྤྱིའི་ཁྲིམས་ལུགས་གང་ཅིའི་ཐད་ནས་མིའུ་གདུང་དྲུག་ལས་མཆེད་པའི་བོད་མི་རིགས་འདི་”ཀྲུང་ཧྭ་མི་རིགས་”ཟེར་བའི་གྲུབ་ཆ་ཞིག་ཏུ་ནམ་ཡང་བསྒྱུར་ཐབས་མེད་པས། བོད་དང་བོད་མིར་རང་ཆས་སུ་ཡོད་པའི་ཐོབ་ཐང་དང་། གཞིས་བྱེས་བོད་མིའི་ཐུན་མོང་གི་མངོན་འདོད། རྒྱ་ནག་གི་འཕྲལ་ཕུགས་ཀྱི་ཁེ་ཕན་བཅས་པར་བསམ་གཞིགས་ཀྱིས། རྒྱ་གཞུང་གིས་འཕྲལ་མ་མྱུར་ཏུ་རྒྱ་ནག་གི་རྩ་ཁྲིམས་དང་རྒྱབ་འགལ་དུ་སོང་བའི་མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་དེ་ཕྱིར་བསྡུ་དང་། མི་རིགས་རྩ་མེད་ཀྱི་སྲིད་ཇུས་རྣམས་མཚམས་འཇོག་བྱས་ཏེ། ཞི་མོལ་གྱི་ལམ་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ལ་མངོན་དུ་ཕྱོགས་དགོས་པ་ནན་བརྗོད་བྱ་རྒྱུ། ༣) མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་རྒྱ་གཞུང་གི་མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་དེར་ཛ་དྲག་ངང་ཁྲིམས་དོན་བསྐྱར་ཞིབ་གནང་སྟེ། མི་རིགས་རྩ་གཏོར་གྱི་ནག་ཉེས་འགོག་སྡོམ་གྱི་ཐབས་ཚུལ་གང་ཡོད་བསྟེན་གནང་ཡོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་། མི་རིགས་རྩ་གཏོར་གྱི་ནག་ཉེས་གསོག་མཁན་སུ་ཡིན་གྱི་ཁྲིམས་ལུགས་འགན་ཁུར་བརྩད་ཞིབ་ཀྱིས། ཉེས་ཅན་ཡན་པོར་མ་སོང་བའི་ཁྲིམས་ཆད་ནན་པོ་གཅོད་ཐབས་ཡོང་བར་འབོད་སྐུལ་ནན་ཏན་ཞུ་བཞིན་ཡོད། ཅེས་གསལ་འདུག
ཡང་གྲོས་ཆོད་ནང་། ༤) མི་རིགས་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག ཡུལ་སྲོལ་གོམས་གཤིས། མི་རིགས་ཀྱི་ཆེ་མཐོང་བཅས་པ་གཅེས་ཉར་བྱ་རྒྱུ་ནི་མི་རིགས་དེའི་རང་ཆས་སུ་ཡོད་པའི་ཐོབ་ཐང་ཡིན་སྟབས། གཞིས་བཞུགས་སྤུན་ཟླ་རྣམས་ནས་གངས་ཅན་པའི་ལར་ཞེན་འདོར་མེད་ཀྱི་སྙིང་སྟོབས་མུ་མཐུད་ཆེར་བསྐྱེད་ཡོང་བ་དང་། བོད་ལ་རང་དབང་གི་ཉི་མ་གང་མྱུར་འཆར་ངེས་ཀྱི་སེམས་ཤུགས་འདོར་མེད་ཡོང་བའི་འབོད་སྐུལ་ཞུ་རྒྱུ། ༥) བཙན་བྱོལ་བོད་མི་ཚོགས་སྒེར་ཡོངས་ནས་ཀྱང་རྒྱ་གཞུང་གིས་བོད་མི་རིགས་རྒྱ་བསྒྱུར་ལ་ཁྲིམས་ཀྱི་རྒྱབ་རྩ་དང་བཅས་ཏེ་ལག་བསྟར་བྱེད་པའི་ངན་ཇུས་ཛ་དྲག་ཅན་འདིའི་རིགས་སོ་སོའི་ཉེ་འགྱངས་ཀྱི་གྲོགས་འབྲེལ་ནས་འགོ་བཙུགས་ཏེ་ཐེར་འདོན་ཁྱབ་རྒྱ་གང་ཆེ་དང༌། འཕྲལ་དུ་མཚམས་འཇོག་ཡོང་ཐབས་ཀྱི་ཞུ་གཏུགས་ལས་འགུལ་ཇི་དགེ་རང་ནུས་རྩལ་སྤྲུགས་གནང་གལ་འབོད་སྐུལ་ཞུ་རྒྱུ། ༦) རང་དབང་ལུང་པར་གནས་འཁོད་བཙན་བྱོལ་བོད་མི་ཚོགས་སྒེར་ཡོངས་ནས། ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་ཅི་རིགས་སྤེལ་རྒྱུ། ༧) བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་རིགས་རྩ་མེད་གཏོང་བའི་རྒྱ་ནག་གི་ཁྲིམས་ཡིག་དེ་དང་། སྲིད་ཇུས་ཁག་གི་ཉེན་ཚབས་བཟློག་ཐབས་སུ་རྒྱལ་སྤྱིའི་ནང་གདོང་ལེན་ནུས་ལྡན་ཡོང་ཐབས་འབད་བརྩོན་གང་ཡོང་ཞུ་རྒྱུ། ཞེས་གསལ་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





