ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མིས་ཞུ་ཡིག་ཕུལ་ཏེ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་རྒྱུན་སྐྱོང་དང་བོད་མིའི་རང་དབང་གི་མངོན་འདོད་མདུན་སྐྱོད་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན་ཨ་རིའི་དམངས་གཙོའི་སྲིད་དོན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རྗེ་ཀི་རོ་སན་ (Jacky Rosen) ལགས་དང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་རྗོན་ (John Curtis) ལགས་རྣམ་གཉིས་ཀྱིས་མཉམ་འབྲེལ་གྱི་ཞུ་ཡིག་ཅིག་བསྐུར་བའི་ནང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་བཅས་ཀྱི་དྲུང་ཆེ་ལས་རོགས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་བ་རི་ལེ་བྷར་ནེ་སི། (Riley M. Barnes) ལགས་ཀྱིས་ཨ་རིའི་བོད་དོན་དང་འབྲེལ་བའི་སྔར་ཡོད་ཀྱི་སྲིད་ཇུས་ཁག་ལག་བསྟར་རྒྱུན་སྐྱོང་དང་གོང་འཕེལ་དུ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
ཞུ་ཡིག་ནང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་བསྐྱར་གསོ་བྱ་རྒྱུ་དང་། བོད་ནང་འགྲོ་འོང་བཀག་སྡོམ་མཚམས་འཇོག་དགོས་པ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་མི་ཆོག་པ། དེ་བཞིན་ཕྱི་ལོ་ ༢༠༠༢ ལོའི་བོད་དོན་ཁྲིམས་ཡིག་དང་། ཕྱི་ལོ་ ༢༠༡༨ ལོའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་ཇུས། ཕྱི་ལོ་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་ཇུས། ཕྱི་ལོ་ ༢༠༢༤ ལོའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་ཇུས་སོགས་རྒྱུན་སྐྱོང་ལག་བསྟར་ལ་སྐུལ་འདེད་གཏོང་དགོས་པ། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་། བོད་དོན་ཐོག་གནས་ཚུལ་འཁྱོག་བརྗོད་བྱེད་བཞིན་པ་རྣམས་ལ་གདོང་ལེན་སྔར་ལྷག་བྱེད་དགོས་པ། ཨ་རིའི་གཞུང་གིས་བོད་མི་རྣམས་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ། བལ་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་སྐྱབས་བཅོལ་གྱི་ཡིག་ཆ་ཚད་ལྡན་པ་མེད་པ་དང་། ཡིག་ཆ་བཟོ་བར་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། བལ་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་ལ་གཙོ་གནད་དུ་བཟུང་དགོས་པ། ཨ་རིའི་གཞུང་གིས་བོད་ཀྱི་དམངས་གཙོ་ཡར་རྒྱས་གོང་འཕེལ་གཏོང་བར་མུ་མཐུད་དུ་རྒྱབ་སྐྱོར་གནང་དགོས་པ། ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་ཁང་གཉིས་བསྐྱར་གསོ་བྱས་ཏེ་གསར་འགྱུར་ལས་དོན་མུ་མཐུད་གཉེར་ཐུབ་པར་རྒྱབ་སྐྱོར་གནང་དགོས་སྐོར་སོགས་གསལ་འདུག
གནད་དོན་དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རི་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་རང་དབང་འགན་སྲུང་བྱེད་པའི་ཁས་ལེན་གསལ་པོ་ཡོད་པའི་ཐོག་ནས་རྒྱ་ནག་གིས་བོད་ནང་དྲག་གནོན་བྱེད་བཞིན་པར་མུ་མཐུད་དུ་ལན་འདེབས་གནང་དགོས། ཞེས་འགྲེལ་བརྗོད་གནང་འདུག
འདས་ལོར་གྲོས་ཚོགས་གོང་མའི་འཐུས་མི་རྗེ་ཀི་རོ་སན་ལགས་དང་རྗོན་ལགས་རྣམ་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་བློན་ཆེན་མར་ཁོ་རུ་བྷིའོ་ (Marco Rubio) མཆོག་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་ཡོད་ཅིང་། ད་ཐེངས་ཀྱི་ཞུ་ཡིག་གསར་པའི་ནང་། ང་ཚོས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བྷར་ནེ་སི་ལགས་དང་ལྷན་དུ་ལས་ཀ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། མ་འོངས་པར་བོད་ཀྱི་དཀའ་རྙོག་ཞི་བདེའི་ངང་སེལ་རྒྱུར་སྐུལ་འདེད་དང་སྟོབས་ཤུགས་གསར་པ་སྤྲོད་སླད། གྲོས་ཚོགས་ནས་མཁོ་སྤྲོད་བྱས་པའི་བོད་ཀྱི་ཁྲིམས་ལུགས་དང་བཀོད་སྒྲིག་ལག་བསྟར་བྱ་རྒྱུ་དང་། ཨ་རིའི་གཞུང་གིས་མུ་མཐུད་དུ་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན། ཞེས་གསལ་འདུག
གྲོས་ཚོགས་འཐུས་མི་རོ་སན་ལགས་ཀྱིས་ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱི་ལོ་ ༡༩༥༩ ལོར་བྱུང་བའི་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ སྐབས་བོད་མི་རྣམས་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།




