རྒྱ་ནག་གིས་སྐྱིད་གྲོང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་བར་དང་། རྒྱ་གར་གྱིས་བྷི་ཧར་ནས་ཀ་ཐི་མན་ཌུ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་ཡིན་པ་དེས་རྒྱ་དཀར་ནག་གཉིས་ཀྱིས་བལ་ཡུལ་ནང་རང་རང་གི་ཤུགས་རྐྱེན་ཇེ་ཆེར་གཏོང་མུས་ཡིན་པ་མངོན་གསལ་ཆགས་ཡོད།

ཉེ་ལམ་བལ་ཡུལ་གྱི་འོས་བསྡུ་ཆེན་མོའི་ནང་བལ་ཡུལ་གྱི་ (RSP) ཆབ་སྲིད་ཚོགས་པར་ལོ་རྒྱུས་རང་བཞིན་ལྡན་པའི་མང་མོས་རྒྱལ་ཁ་ཐོབ་སྟེ། བལ་ཡུལ་གཞུང་འཛིན་གསར་བས་འཛིན་སྐྱོང་ལས་དོན་མགོ་འཛུགས་མ་བྱས་གོང་དུ། རྒྱ་གར་གྱིས་བལ་ཡུལ་དང་རྒྱ་གར་བར་གྱི་མེ་འཁོར་ལྕགས་ལམ་གསར་པ་འཛུགས་རྒྱུའི་ལས་གཞི་དང་འབྲེལ་བའི་ཞིབ་ཕྲའི་སྙན་ཐོ་བཏོན་འདུག
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་གྲོང་ཚོགས་གོང་མའི་ནང་མེ་འཁོར་འགྲུལ་ལམ་གྱི་བློན་ཆེན་ཨ་ཤི་ཝི་ནི་ (Ashwini Vaishnaw) ལགས་ཀྱིས། རྒྱ་གར་གྱི་ཧིན་རྡུ་ཆོས་ལུགས་ཀྱི་ (Pashupatinath Dham) ཞེས་ལྷ་དབང་ཕྱུག་གི་གནས་ཆེན་དེ་བལ་ཡུལ་དུ་ཡོད་པ་དང་། རྒྱ་གར་གྱི་བྷི་ཧར་མངའ་སྡེའི་ས་མཚམས་རཀ་སོལ་ (Raxual) དུ་ཡོད་པའི་མེ་འཁོར་བབ་ཚུགས་དེ་རྒྱ་གར་གྱི་མེ་འཁོར་ལྕགས་ལམ་སྤྱི་ཡོངས་དང་འབྲེལ་མཐུད་ལེགས་པོ་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དང་དཔལ་འབྱོར་སོགས་ཡར་རྒྱས་གཏོང་སླད། རྒྱ་གར་དང་བལ་ཡུལ་བར་སྤྱི་ལེ་ ༡༣༦ ཅན་གྱི་མེ་འཁོར་ལྕགས་ལམ་འཛུགས་རྒྱུའི་ལས་གཞིའི་སྙན་ཐོ་ཞིབ་ཕྲ་ཞིག་སྙན་སྒྲོན་ཞུས་ཡོད་འདུག
རྒྱ་གར་གྱི་རཀ་སོལ་ས་མཚམས་དང་བལ་ཡུལ་གྱི་ཀ་ཐི་མན་ཌུ་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་དེ་རྒྱལ་ཁབ་ཕན་ཚུན་བར་གྱི་ཚོང་དོན་དང་། འགྲུལ་བཞུད། གནས་མཇལ་སྐོར་སྐྱོད་སོགས་ཡར་རྒྱས་གཏོང་ཆེད་དུ་དམིགས་པ་ཞིག་ཡིན་འདུག་ལ། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༧ ཉིན་རྒྱ་གར་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་སླད་གློག་ཤུགས་ཅན་གྱི་མེ་འཁོར་ལྕགས་ལམ་ (Electrified Railway Line) ཞིག་འཛུགས་སྐྲུན་བྱ་རྒྱུའི་མོས་མཐུན་བྱུང་ཡོད་པ་མ་ཟད། ལས་གཞི་དེའི་འགྲོ་གྲོན་ཆ་ཚང་རྒྱ་གར་གཞུང་གིས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།
དེ་བཞིན། བལ་ཡུལ་དང་རྒྱ་ནག་བར་ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ཙམ་ནས་ཕྱོགས་གཉིས་ཀྱི་མོས་མཐུན་ཐོག་བོད་ཀྱི་ས་མཚམས་སྐྱིད་གྲོང་བརྒྱུད་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་གྱི་གྲོས་མོལ་བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༡༨ ལོ་ནས་དངོས་སུ་སྔོན་འགྲོའི་ལས་གཞི་ཁག་ལག་བསྟར་བགྱིས་ཏེ་དགོས་ངེས་ཀྱི་ས་བབ་ཞིབ་འཇུག་དང་། འགྲོ་གྲོན། འཕྲུལ་རིག་གི་གདོང་ལེན་གནང་ཕྱོགས་སོགས་ཀྱི་ཐད་སྔོན་འགྲོའི་སྙན་ཐོ་བཏོན་པ་དང་། ལས་གཞི་དེ་ནི་བོད་གཞིས་ཀ་རྩེ་ནས་སྐྱིད་གྲོང་བར་སྤྱི་ལེ་ ༥༤༠ ནས་ ༥༦༤ ཡི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དང་། སྐྱིད་གྲོང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་བར་མེ་འཁོར་ལྕགས་ལམ་འཛུགས་རྒྱུ་ཡིན་པ་རེད། བལ་ཡུལ་ནང་ནུ་ཝ་ཀོ་ཊི་ (Nuwakot) རྫོང་དང་། ར་སུ་ཝ་རྫོང་བརྒྱུད་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་བར་མེ་འཁོར་ལྕགས་ལམ་འཛུགས་རྒྱུ་ཡིན་པ་རེད།
ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་བལ་ཡུལ་དུ་ཕྱིན་ནས། བལ་ཡུལ་དང་རྒྱ་ནག་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་དེར་རྒྱ་ནག་གིས་འགྲོ་གྲོན་ཆ་ཚང་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་ལ་བརྟེན་ནས་ལས་གཞི་དེ་དུས་ཡུན་གང་འཚམ་རིང་མཚམས་འཇོག་བྱེད་དགོས་བྱུང་འདུག ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ (Wang Yi) ཟེར་བ་བལ་ཡུལ་དུ་ཕྱིན་པ་དང་བསྟུན་ནས་ལས་གཞི་དེ་བསྐྱར་གསོ་བྱས་པ་དང་། བོད་སྐྱིད་གྲོང་ནས་ཀ་ཐི་མན་ཌུ་བར་གྱི་མེ་འཁོར་ལྕགས་ལམ་གྱི་བརྒྱ་ཆ་ ༩༨།༥ ཙམ་ནི་ཟམ་པ་དང་ས་འོག་ལམ་ཡིན་པ་དང་། ལས་གཞིའི་འགྲོ་གྲོན་ནི་སྤྱི་ལེ་རེར་བལ་སྒོར་ས་ཡ་ ༣།༥༥ ཡིན་ཞིང་། དེའི་ནང་དུ་སྐྱིད་གྲོང་དང་དེའི་ཉེ་འགྲམ་གྱི་དཔལ་ཁུད་མཚོའི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་གཡང་གཟར་བརྒྱུད་ཀ་ཐ་མན་ཌུའི་ལམ་ཁར་སྦྲེལ་རྒྱུ་ཡིན་འདུག་ལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་གང་འཚམ་གྲུབ་ཡོད་འདུག
སྐྱིད་གྲོང་དང་ཀ་ཐི་མན་ཌུ་བར་གྱི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེ་ནི་རྒྱ་ནག་གི་རྒྱུད་གཅིག་དང་ལམ་གཅིག་གི་ལས་གཞིའི་ཁོངས་གཏོགས་ཤིག་ཡིན་པ་དང་། བལ་ཡུལ་ནང་སྤྱི་ལེ་ ༧༢།༢༥ ཡི་ལྕགས་ལམ་འཛུགས་རྒྱུའི་ལས་གཞིའི་ཐོག་སྔོན་འགྲོའི་ཚོད་དཔག་གི་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༢།༧༥ ཞུས་ཡོད་པ་དང་། རྒྱ་ནག་གིས་སྐྱིད་གྲོང་དང་ཀ་ཐི་མན་ཌུ་བར་གྱི་མེ་འཁོར་ལྕགས་ལམ་གྱི་འགྲོ་གྲོན་བུན་གཡར་གྱི་ངོ་བོའི་ཐོག་ནས་བལ་ཡུལ་ལ་སྤྲོད་འཆར་ཡོད་ཀྱང་། བལ་ཡུལ་གཞུང་གིས་བུན་གཡར་གྱི་འགྲོ་གྲོན་དེའི་ཐོག་རྒྱ་ནག་གིས་སྐྱེད་ཀ་ཆེན་པོ་རྒྱག་སྲིད་པའི་དོགས་གཞི་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་བོད་སྐྱིད་གྲོང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་ (Kathmandu) བར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་དོན་དེ་འདི་ལོའི་ཕྱི་ཟླ་ ༦ པའི་ནང་མཇུག་སྒྲིལ་རྒྱུ་ཡིན་པ་ལྟར། རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་ཟིན་ཚེ། བལ་ཡུལ་དང་བོད་བརྒྱུད་རྒྱ་དཀར་ནག་གཉིས་བར་མེ་འཁོར་ལྕགས་ལམ་གྱི་བགྲོད་ལམ་མཐུད་ཀྱི་ཡོད་འདུག་ལ། དེ་ནི་ཕྱོགས་གཉིས་བར་བལ་ཡུལ་ནང་དབང་ཤུགས་སྐྱེད་ཐབས་ཀྱི་འགྲན་རྩོད་ཅིག་ཀྱང་ཆགས་ཀྱི་ཡོད་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།



