རྒྱ་ནག་གཞུང་ལ་རྒོལ་ལན་སློག་སླད་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སྔར་ལྷག་སྦྱོང་སྤྱོད་བྱ་འཇུག་དགོས་པའི་མུར་བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་ཡོད་ན་དགེ་མཚན་ཡོད་སྐོར་སོགས་གསུངས་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
དེ་རིང་ཕྱི་ཚེས་ ༢༧ ཉིན་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བཅུ་གཅིག་སྟེང་། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ནས་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་གཏན་འབེབས་སྐབས། སྤྱི་འཐུས་གྲངས་ ༢༦ ལྷག་གིས་ཆ་ཤས་བླངས་ནས། ཤེས་རིག་ལས་ཁུངས་ཀྱི་ལེགས་བསྒྲུབས་ཟིན་པའི་ལས་དོན་ལ་བསྔགས་བརྗོད་དང་། མ་འོངས་པར་ཤེས་རིག་གི་མུ་མཐུད་དུ་བོད་སྐད་ཡིག་གོང་མཐོར་གཏོང་ཐབས་དང་། བྱིས་པར་དམིགས་པའི་འགུལ་རིས་དང་། བྱིས་སྒྲུང་དཔར་སྐྲུན་གྱི་ལས་རིགས་གོང་སྤེལ་གཏང་དགོས་པའི་རེ་སྐུལ་གནང་སྐབས། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཅིག་ཏུ་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས་ཀྱི་ལས་དོན་དང་། ལྷག་པར་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཡོངས་སུ་ཡོད་པའི་སློབ་གྲྭ་ཁག་གི་ཤེས་རིག་གི་ལམ་ལུགས་དང་། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་གི་གཟའ་མཇུག་སློབ་གྲྭ་ཁག་གི་གནས་བབ་དང་། སློབ་གྲྭ་དེ་དག་ལ་ཤེས་རིག་ལས་ཁུངས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་ཕྱོགས། དགེ་རྒན་འོས་སྦྱོང་། བསླབ་གཞི་རྩ་འཛིན་གཏན་འབེབས་གནང་ཕྱོགས། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་གྲྭ་དང་ཡན་ལག་སློབ་གྲྭ་ཁག་དང་འབྲེལ་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་སོང་།
སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། དེ་སྔ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་མི་རིགས་ཀྱི་ལ་རྒྱ་དང་ལྷག་པར་རྒྱ་ནག་གཞུང་གིས་བོད་ནང་བཟོད་མེད་ཀྱི་མནར་གཅོད་གཏོང་མུས་ཡིན་པའི་སྲིད་ཇུས་རིགས་དང་འབྲེལ་བའི་གོ་རྟོགས་མང་ཙམ་སྤེལ་ནས་བོད་མི་རིགས་ཀྱི་ལ་རྒྱ་དང་འབྲེལ་བའི་གཏམ་བཤད་དང་ལས་རིམ་རིགས་མང་དག་ཅིག་ཡོད་ཀྱང་། དེང་སྐབས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ལས་དོན་དེ་རིགས་སྤེལ་འཇུག་གི་མེད་སྐོར་གསུངས་པ་དང་འབྲེལ། ཤེས་རིག་བཀའ་བློན་མཆོག་གིས། ཉེ་ལམ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་མ་རྣམས་བོད་མིའི་རང་དབང་སྒེར་ལངས་དང་། བུད་མེད་སྒེར་ལངས་སོགས་ཀྱིས་མཚོན་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་བརྗེད་པར་དཀའ་བའི་ཉིན་མོ་རྗེས་དྲན་གྱི་ལས་འགུལ་ཁྲོད་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། སློབ་གྲྭ་ཁག་ཏུའང་མུ་མཐུད་དུ་བོད་མི་རིགས་ཀྱི་འདུ་ཤེས་ཡར་སྐུལ་གཏོང་ཐབས་དང་འབྲེལ་བའི་ལས་དོན་གཙོས། བོད་ཀྱི་སྐད་ཡིག་དང་རིག་གནས་གོང་འཕེལ་གཏོང་ཐབས་ཀྱི་ལས་དོན་ལ་མུ་མཐུད་དུ་གཞོལ་མུས་ཡིན་པའི་སྐོར་སོགས་གསུངས་སོང་།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བླང་དོར་སྒྲིག་གཞི་གཞིར་བཟུང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ཆབ་སྲིད་ཀྱི་ལས་དོན་ལ་ཞུགས་ཆོག་གི་མེད་པའི་དབང་གིས། འདི་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཁྲོད་མཉམ་ཞུགས་གནང་མཁན་རྣམས་བླང་དོར་སྒྲིག་གཞི་བཞིན་ཐག་གཅོད་བྱས་ཡོད་ཅིང་། དེ་སྔ་བླང་དོར་སྒྲིག་གཞིར་རྩིས་མེད་ཀྱིས་ཆབ་སྲིད་དང་འོས་བསྡུའི་ནང་ཆ་ཤས་ལེན་མཁན་རྣམས་ལ་བླང་དོར་སྒྲིག་གཞི་བཞིན་ཐག་གཅོད་བྱ་རྒྱུ་ཡིན་པ་དང་འབྲེལ་བའི་གནད་དོན་རིགས་དང་། སྤྱི་འཐུས་ཁག་ཅིག་གིས་ཤེས་རིག་ལས་ཁུངས་ཀྱི་དེ་སྔ་ཆོད་གན་གྱི་ངོ་བོར་ཡོད་པའི་དགེ་རྒན་མང་དག་ཅིག་གཏན་འཇགས་ལས་བྱེད་ཀྱི་ངོ་བོར་གྱུར་བ་དེས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་རིག་ལམ་ལུགས་ལ་དོ་ཕོག་མི་འགྲོ་བར་ཕན་ཐོགས་ཡོང་གི་ཡོད་པའི་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་མ་རྣམས་བཅའ་སྡོད་སློབ་གྲྭར་བཅུག་པ་དང་། ལྷག་པར་ཉེ་ལམ་རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ཞིག་གཏན་འབེབས་བྱས་ཡོད་སྟབས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ལས་དོན་གཉེར་མུས་ཡིན་པའི་བོད་ཡིག་དགེ་རྒན་རྣམས་ལ་ཆེ་མཐོང་གི་ཆེད་དུ་གླ་ཆ་འཕར་མ་སྤྲོད་དགོས་སྐོར་གླེང་སློང་གནང་ཡང་། ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭ་ཁག་གི་འཛིན་སྐྱོང་གི་འགྲོ་སྟངས་དང་ལམ་ལུགས་ཀྱི་ཐོག་ནས་བོད་ཡིག་དགེ་རྒན་རྣམས་དམིགས་བསལ་གླ་ཆ་སྤར་ཐུབ་ཀྱི་མེད་ཀྱང་། ཤེས་རིག་ལས་ཁུངས་ཀྱིས་དྷ་ས་བོད་ཁྱིམ་དང་ཡན་ལག་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ཀྱི་གླ་ཆ་སྤར་ཐབས་གནང་མུས་ཡིན་སྐོར་སོགས་གསུངས་སོང་།
དེ་བཞིན་སྤྱི་འཐུས་མང་དག་ཅིག་གིས་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག ཡ་རབས་བཟང་སྤྱོད་བཅས་མི་ཉམས་རྒྱུན་འཛིན་བྱེད་པར་གཞིས་ལུས་བོད་མི་རྣམས་ཀྱིས་བློས་གཏོང་ཆེན་པོས་འབད་བརྩོན་གནང་བཞིན་ཡོད་པ་ལྟར། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ནང་ཁུལ་བོད་སྐད་བོད་ཡིག་སྦྱོང་སྤྱོད་བྱེད་པར་རྒན་བཤད་གཞོན་ཉན་མ་བྱས་ན་རྩ་བརླག་ཏུ་འགྲོ་ཉེན་ཡོད་པས། བོད་མི་ཡོད་དོ་ཅོག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་རང་དོན་རང་གཅེས་ཀྱིས་དམིགས་བསལ་གྱི་དོ་སྣང་སེམས་ཁུར་ཆེར་སྐྱེད་དགོས་གལ་ཆེ་བའི་གསུང་འཕྲིན་ནན་པོ་ཞིག་སྩལ་ཡོད་པ་མ་ཟད། ཉེ་ལམ་རྒྱ་ནག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་སྟབས། ཤེས་རིག་ལས་ཁུངས་ཀྱིས་རྐང་འགན་བཞེས་པའི་ཐོག་ནས་བོད་ཕྲུག་རྣམས་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ཐོག་ལ་སྔར་ལས་ལྷག་པའི་ཤུགས་བརྒྱབ་ནས། རྒྱ་ནག་གཞུང་གི་ཚུལ་མཐུན་མིན་པའི་བྱ་སྤྱོད་ལ་རྒོལ་ལན་བསློགས་ནས་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སྔར་ལྷག་སྦྱོང་སྤྱོད་བྱ་འཇུག་དགོས་སྐོར་གླེང་སློང་གནང་སོང་།
དེ་བཞིན་ཕྱི་རྒྱལ་ཁག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་གཟའ་མཇུག་སློབ་གྲྭ་ཁག་དང་། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག དེ་བཞིན་དགོན་སྡེ་ཁག་བཅས་མཉམ་འབྲེལ་གྱི་ཐོག་ནས་བོད་ཀྱི་སློབ་མ་རྣམས་ལ་བོད་ཀྱི་ཐུན་མོང་རིག་གནས་མཁོ་སྤྲོད་གནང་ཐབས་སླད་མཉམ་རུབ་ཀྱི་ལས་དོན་གཉེར་དགོས་སྐོར་དང་། བོད་ཀྱི་སྐད་ཡིག་དང་། ཡུལ་སྲོལ་གོམས་གཤིས། རིག་གནས་སོགས་སྦྱང་སྤྱོད་དང་། ཉར་ཚགས་སླད་བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་ཡོད་ན་ཧ་ཅང་དགེ་མཚན་ལྡན་པའི་ཐད་གླེང་སློང་ཤུགས་ཆེན་གནང་བ་དང་། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་དང་། བོད་ཁྱིམ་སློབ་གྲྭ་ཁག་གཙོས་ཡན་ལག་སློབ་གྲྭ་སོགས་ཟླ་སྒྲིལ་གནང་ཕྱོགས་དང་དེའི་དགོས་དམིགས་སོགས་གཞིར་བཟུང་ནས་མ་འོངས་པར་སྐབས་དང་དུས་ལ་དམིགས་ནས་ཟླ་སྒྲིལ་གཏོང་བའི་ལས་འཇུག་འཆར་ཡོད་ཀྱང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཕྲུག་ཉུང་བ་སོགས་ཀྱི་དབང་གིས་ཌལ་ཧོར་གཏན་སློབ་གཏན་སློབ་སྒོ་རྒྱག་དགོས་ཁེལ་ཡོད་སྐོར་སོགས་གསུངས་སོང་།
དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ནས་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་གཏན་འབེབས་སྐབས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་གཞིགས་ན། ད་ལྟ་ཤེས་རིག་ལས་ཁུངས་ཁྱབ་ཁོངས་སུ་ཧི་མ་ཡ་ལའི་སློབ་ཕྲུག་གྲངས་ ༣༥༦༣ དང་། བོད་ཕྲུག་ ༨༡༦༡། རྒྱ་གར་ཡུལ་མིའི་སློབ་ཕྲུག་གྲངས་ ༡༤༤༤ བཅས་ཡོད་པའི་ཁྲོད་ཧི་མ་ཡ་ལའི་སློབ་མའི་བརྒྱ་ཆ་ ༢༨།༦༠ དང་། བོད་ཕྲུག ༦༡།༩༨། རྒྱ་གར་ཡུལ་མིའི་སློབ་མ་བརྒྱ་ཆ་ ༡༠ བཅས་ཡིན་ཞིང་། དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སམ་བྷོ་ཊའི་སློབ་གྲྭ་ཁག་ཏུ་ཆོད་གན་དགེ་རྒན་གྲངས་ ༤༡༤། གཏན་འཇགས་དགེ་རྒན ༢༩༨ ། དེ་བཞིན་ལས་བྱེད་ ༨༠༤ བཅས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།