བལ་ཡུལ་གྱི་སྲིད་གཞུང་གསར་པས་ལྐོག་ཟ་རུལ་སུངས་ལ་ཚོད་འཛིན་དང་རྒྱལ་ཁབ་དེང་རབས་ཅན་དུ་བསྒྱུར་བ། གྱེན་ལངས་གནོད་ཐེབས་མི་མང་ལ་སྲིད་གཞུང་གི་ལས་གནས་སྤྲོད་པ་སོགས་ཀྱི་བསྒྱུར་བཅོས་དོན་ཚན་ ༡༠༠ ཅན་ཞིག་ལག་བསྟར་བྱེད་ཀྱི་ཡོད་འདུག

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ རེ་རེ་བཞིན་གསལ་མི་འདུག་ཀྱང་དོན་གནད་ཆེན་པོ་ཁག་གི་ནང་དུ། ཤེས་ཡོན་བསྟི་གནས་ཁག་ཏུ་ཆབ་སྲིད་ཀྱི་ཐེ་གཏོགས་ཇེ་ཉུང་དུ་གཏོང་རྒྱུ་དང་། ཤེས་ཡོན་གྱི་དོ་འཁུར་སླར་གསོའི་ཆེད་ཉིན་གྲངས་ ༩༠ ནང་མཐོ་སློབ་ཁག་ཏུ་ཆབ་སྲིད་ཀྱི་སློབ་ཕྲུག་མཐུན་ཚོགས་བཀག་སྡོམ་བྱས་ཏེ། ཆབ་སྲིད་ཚོགས་པ་མ་ཡིན་པའི་སློབ་ཕྲུག་ལྷན་ཚོགས་འཛུགས་རྒྱུ་ཡིན་འདུག་ལ། གཞུང་གི་ལས་བྱེད་དང་། དགེ་རྒན་རྣམས་ལ་ཆབ་སྲིད་ཚོགས་པར་འབྲེལ་བ་མེད་པ་བཟོ་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་དཔོན་རིགས་དང་ཆབ་སྲིད་པའི་རྒྱུ་ནོར་ལ་ཞིབ་བཤེར་བྱེད་པའི་ཚོགས་ཆུང་གསར་འཛུགས་ཀྱིས་སྤྱི་རྒྱུ་སྒེར་ཟོས་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱ་འཆར་ཡོད་འདུག
དེ་བཞིན་ཆུ་ཚོད་ ༢༤ ནང་བལ་ཡུལ་ནང་བཀོལ་སྤྱོད་བྱེད་བཞིན་པའི་ཁྲིམས་འགལ་གྱི་རྩེད་མོའི་མཉེན་ཆས་དང་དྲ་ཚིགས་རྣམས་སྒོ་བརྒྱབ་པ་དང་། དྲ་ཐོག་ཞབས་ཞུའི་ལས་རིགས་རྒྱ་སྐྱེད་གཏོང་བ་དང་། ལས་ཀ་གསར་སྐྲུན་བྱེད་པ། འཕྲོད་བསྟེན་ལྟ་སྐྱོང་ཡར་རྒྱས་གཏོང་བ། རྨང་གཞིའི་སྒྲིག་བཀོད་སྲ་བརྟན་དུ་གཏོང་རྒྱུ་སོགས་གསལ་འདུག
བལ་ཡུལ་ནང་དགའ་བསུ་ཆེན་པོ་འཐོབ་བཞིན་པའི་སྲིད་ཇུས་གཞན་ཞིག་ནི། ཉིན་གྲངས་ ༡༠༠ ནང་ཚུན་དུ་འདས་ལོའི་གཞོན་སྐྱེས་ (Gen Z) ཀྱི་གྱེན་ལངས་ཁྲོད་རྐྱེན་འདས་སུ་ཕྱིན་པའི་ཁྱིམ་མི་དང་རྨས་སྐྱོན་ཕོག་པ་རྣམས་ལ་སྲིད་གཞུང་གི་ལས་ཀ་སྤྲོད་རྒྱུ་དང་། གྱེན་ལངས་སྐབས་རྒྱུ་ནོར་ལ་གནོད་སྐྱོན་ཕོག་མཁན་ཚོར་རོགས་སྐྱོར་གནང་རྒྱུ་ཡིན་འདུག ལས་དོན་དེའི་ཆེད་དུ་བདུན་ཕྲག་གཅིག་གི་ནང་ཚུད་དུ་མཐོ་རིམ་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་རྒྱུ་ཡིན་འདུག
བལ་ཡུལ་གཞུང་གིས་ཉིན་གྲངས་བདུན་
ཉིན་གྲངས་ ༡༥ ནང་ཚུད་དུ་བལ་ཡུལ་ནང་རིགས་རུས་སྐྱོ་བར་རྩིས་པའི་ (Dalit) མི་རིགས་ལ་དབྱེ་འབྱེད་ཀྱི་གནད་དོན་བྱུང་བར་གཞུང་འབྲེལ་གྱི་ཐོག་ནས་དགོངས་སེལ་ཞུ་རྒྱུ་དང་། ཁོང་ཚོའི་སྤྱི་ཚོགས་དང་། དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གཏོང་ཆེད་བསྒྱུར་བཅོས་ཀྱི་ལས་དོན་ལག་བསྟར་བྱ་རྒྱུ་ཡིན་འདུག
འཛིན་སྐྱོང་བཅོས་སྒྱུར་ལྟ་རྟོག་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་ཀཱ་ཤི་ (Kashi Raj Dahal) ལགས་ཀྱིས། སྲིད་གཞུང་གསར་པས་ངོ་སྤྲོད་བྱས་
བལ་ཡུལ་གྱི་སྲིད་གཞུང་གསར་པའི་སྣེ་འཁྲིད་པ་གཞོན་སྐྱེས་དེ་དག་གིས་བལ་ཡུལ་སྒྱུར་བཅོས་གཏོང་བའི་ལས་དོན་མང་པོ་མགོ་རྩོམ་བཞིན་ཡོད་པ་དང་། སྲིད་བློན་ཟུར་པ་ཤར་མ་ཨོ་ལི་སོགས་མཐོ་རིམ་དཔོན་རིགས་ཟུར་པ་རྣམས་རིམ་གྱིས་འཛིན་བཟུང་བྱེད་བཞིན་ཡོད་པའི་རྐྱེན་གྱིས་མི་མང་ནང་ངོ་རྒོལ་ལས་འགུལ་ཡང་འབྱུང་བཞིན་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས་ཀྱང་དཔྱད་ཞིབ་སྣ་ཚོགས་བྱེད་བཞིན་ཡོད་པའི་ཁྲོད། སྲིད་གཞུང་གསར་པའི་སྒྱུར་བཅོས་ཀྱི་དོན་ཚན་དེ་དག་ལ་གྲུབ་འབྲས་ཐོན་མིན་ནི་ཆབ་སྲིད་དང་འཛིན་སྐྱོང་གི་ནུས་པ་མཉམ་སྤུངས་ལ་རག་ལས་གྱི་ཡོད་ལ། རྒྱལ་ནང་གི་ཆབ་སྲིད་པ་གཞན་གྱིས་དཔོན་རིགས་ཚོར་ཡིད་ཆེས་མ་ཐོབ་པ་དང་། དོན་སྙིང་ལྡན་པའི་གྲོས་མོལ་རྒྱུན་འཁྱོངས་མ་ཐུབ་ཚེ་བསྒྱུར་བཅོས་ཀྱི་བྱ་བར་དོན་འབྲས་ཡོང་ཐུབ་ཀྱི་མེད་སྐོར་བརྗོད་འདུག
བཟོ་ལས་ལྷན་ཁང་གི་དྲུང་ཆེ་ཟུར་པ་ཀ་རི་ཤི་ན་ (Krishna Gyawali) ལགས་ཀྱིས། དེ་སྔའི་སྲིད་གཞུང་གིས་སྲིད་ཇུས་མང་པོ་ཞིག་གཏན་འབེབས་བྱས་ཡོད་ཀྱང་། སྐབས་དེར་ལག་བསྟར་ཚད་ལྡན་མི་བྱེད་པ་དང་། དོ་སྣང་ཞན་པོ་ཡོད་པ། མཉམ་ལས་མེད་པ་སོགས་ལ་བརྟེན་ནས་སྲིད་ཇུས་ལག་བསྟར་ཐུབ་མེད་པ་དང་། ད་ལན་གྱི་སྲིད་གཞུང་གི་ལས་ཀའི་འཆར་གཞི་གསལ་པོ་དང་ཞིབ་ཕྲ་ཡོད་སྐོར་བརྗོད་ཡོད་ཀྱང་། འབྱུང་འགྱུར་ལས་གཞི་དེ་དག་སྒྲུབ་པར་དུས་ཚོད་གཏན་འཁེལ་བྱས་པ་དེ་དག་དུས་ཐོག་ཏུ་སྒྲུབ་མི་ཐུབ་པའི་དཀའ་ངལ་འཕྲད་སྲིད་སྐོར་དང་། དེ་སྔ་གཞུང་འཛིན་གྱི་ཉམས་མྱོང་མེད་པའི་སྲིད་བློན་གྱི་ཆབ་སྲིད་ཚོགས་པ་དེས་སྲིད་གཞུང་སྐྱོང་བར་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་སོགས་བརྗོད་ཀྱི་འདུག
འདས་ལོར་བལ་ཡུལ་ནང་གཞོན་སྐྱེས་ (Gen Z) ཀྱིས་ངོ་རྒོལ་ཤུགས་ཆེན་སྤེལ་བའི་སྐབས། ཉེན་རྟོག་པ་དང་ངོ་རྒོལ་བའི་བར་གདོང་ཐུག་བྱུང་སྟེ་མི་གྲངས་ ༧༦ ལྷག་རྐྱེན་འདས་དང་མི་གྲངས་ ༢༠༠༠ ལྷག་ལ་རྨས་སྐྱོན་ཕོག་པ་དང་། སྐབས་དེར་བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་རྣམ་གཉིས་ཀྱིས་སྟངས་འཛིན་མི་བྱས་པར་སྣང་མེད་དུ་བཞག་པའི་ཉེས་མིང་འོག དེ་རིང་ཕྱི་ཚེས་ ༢༨ ཉིན་བལ་ཡུལ་གྱི་སྲིད་བློན་ཟུར་པ་ཤར་མ་ཨོ་ལི་ (KP Sharma Oli) ལགས་དང་། ནང་སྲིད་བློན་ཆེན་ཟུར་པ་ར་མེ་ཤི་ (Ramesh Lekhak) གཉིས་འཛིན་བཟུང་བྱས་ཡོད་འདུག དེར་བརྟེན་མང་ཚོགས་ཁྲོད་སྲིད་བློན་ཟུར་པ་ཨོ་ལི་ལགས་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་སྟོན་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་རུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག་ལ། ངོ་རྒོལ་བ་གཅིག་ལ་རྨས་སྐྱོན་ཕོག་པ་དང་། མི་གྲངས་ ༩ འཛིན་བཟུང་བྱས་ཡོད་འདུག འོན་ཀྱང་། མི་མང་ཁག་ཅིག་གིས་སྲིད་བློན་ཟུར་པ་ཨོ་ལི་ལགས་དང་། ནང་སྲིད་བློན་ཆེན་ཟུར་པ་ར་མེ་ཤི་ལགས་གཉིས་འཛིན་བཟུང་བྱས་པར་དགའ་བསུ་དང་། འགན་འཁྲིའི་རྒྱལ་ཁ་ཞིག་ཡིན་པར་བསྔགས་བརྗོད་བྱེད་བཞིན་འདུག
དེ་འབྲེལ་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ད་ལན་བལ་ཡུལ་གྱི་སྲིད་བློན་ཟུར་པ་ཨོ་ལི་ལགས་འཛིན་བཟུང་བྱས་པ་དེ་ཆབ་སྲིད་ཀྱི་དམིགས་ཡུལ་དང་། དགྲ་ལན་སློག་པའི་ཆེད་དུ་ཡིན་སྐོར་དང་། གཞུང་གི་ཐག་གཅོད་དེ་ནི་ཕྱོགས་ཞེན་དང་ཁྲིམས་ལུགས་ཀྱི་བྱ་རིམ་གཙང་མ་མེད་སྐོར་བརྗོད་འདུག
བལ་ཡུལ་གཞོན་སྐྱེས་ཀྱི་གཞི་རྒྱ་ཆེ་བའི་གྱེན་ལངས་ཀྱིས་སྲིད་བློན་ཨོ་ལི་ (KP Sharma Oli) སོགས་མགོ་འཁྲིད་ཚང་མ་ཕྱིར་ཕུད་བཏང་སྟེ་སྲིད་དབང་མགོ་རྟིང་བསླགས་པ་དང་། རྒྱལ་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་སོགས་ལའང་གནོད་སྐྱོན་ཐེབས་ཡོད་ཀྱང་། བར་བརྒལ་གཞུང་གི་སྣེ་འཁྲིད་འོག་རྒྱལ་ཡོངས་འོས་བསྡུ་བྱས་པ་བརྒྱུད། གྲོས་ཚོགས་འོག་མའི་ནང་ཞབས་བཀྱག་ ༢༧༥ ཡོད་པའི་ནང་ནས་ (RSP) ཆབ་སྲིད་ཚོགས་པར་ཞབས་བཀྱག་ ༡༨༢ ཐོབ་པ་དང་། ཀོང་གྷེ་རེ་སི་ཚོགས་པར་ (Congress) ཞབས་བཀྱག་ ༣༨། དམར་ཤོག་ཚོགས་པར་ཞབས་བཀྱག་ ༢༥ ཐོབ་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





