བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས། རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་དེ་ཁ་བྲལ་སྒྲིག་འཛུགས་ཤིག་རེད་ཟེར་བར་ཁ་གཡར་ནས་སྡོད་པ་ལས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་འགྲུབ་ཐབས་སུ་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་བཞིན་པ་དེ་ལ་གདེང་འཇོག་དང་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་བྱུང་།

དེ་རིང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་གོ་ལའི་དུས་བབ་གསར་ཁང་གིས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་རྩོམ་ཡིག་ཅིག་སྤེལ་བ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་བརྡ་ལན་ག་རེ་ཡོད་སྐོར་དྲིས་པར་ཁོང་གིས། ཁ་སང་རྒྱ་ནག་གི་གོ་ལའི་དུས་བབ་གསར་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་འགྲོའི་འོས་བསྡུ་དང་འབྲེལ་ནས་རྩོམ་ཡིག་ཅིག་སྤེལ་བ་དེ་ལ་བལྟས་པ་ཡིན་ན། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་ལམ་སྟོན་འོག་བོད་མི་ཡོངས་དམངས་གཙོའི་ལམ་སྲོལ་ཐོག་ཤར་སྐྱོད་བྱས་ཏེ་ལོ་ངོ་ ༦༦ འགྲོ་ཡི་ཡོད། དེ་ལ་རྒྱ་ནག་གཞུང་གིས་དོ་སྣང་བྱས་པ་དང་། བཙན་བྱོལ་གྱི་ལམ་སྲོལ་དེ་ལ་རྒྱ་ནག་གཞུང་གིས་བལྟས་ཏེ། མ་འོངས་པར་རྒྱ་ནག་གཞུང་ལ་ཞི་འཇམ་ཡོང་བ་དང་། ཕན་ཐོགས་རྒྱུའི་ཆེད་དུ་བཙན་བྱོལ་བོད་མིའི་དམངས་གཙོའི་ཉམས་མྱོང་དེ་སྦྱང་དགོས་ཀྱི་ཡོད་ན། བལྟ་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག རྒྱ་ནག་གཞུང་གིས་རུ་ངར་ལྡན་པའི་ཐོག་ནས་བལྟ་དགོས་པ་དེ་ལ་དགེ་མཚན་ཞིག་མེད་ན་བསམ་གྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས། དེ་སྔ་ནས་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་དེ་ཁ་བྲལ་སྒྲིག་འཛུགས་ཤིག་རེད་ཟེར་ནས་ཁ་གཡར་ནས་ཤོད་ཀྱིན་ཡོད་རེད་དེ། དེ་ལས་ལྡོག་སྟེ་དངོས་ཡོད་ཀྱི་གནས་སྟངས་དང་། རྒྱབ་ལྗོངས་ལ་བལྟས་ནས་བོད་མིའི་མངོན་འདོད་དེ་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་འགྲུབ་ཐབས་ཀྱི་ཆེད་དུ་གཉིས་སྨན་དབུ་མའི་ལམ་ལ་ཤུགས་རྒྱག་བཞིན་ཡོད་པས། དེ་ལ་གདེང་འཇོག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ནི་གནད་འགག་ཆེན་པོ་རེད་བསམ་གྱི་འདུག དེ་མིན་བོད་མིའི་སྒྲིག་འཛུགས་འདི་ཁ་བྲལ་ཚོགས་པ་རེད་ཟེར་ནས་བཤད་པ་ཙམ་གྱིས་དོན་དག་འགྲུབ་རྒྱུ་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། བོད་ནང་ལ་འཛུགས་སྐྲུན་དང་དཔལ་འབྱོར་གྱི་ཡར་རྒྱས་ཕྱིན་ཡོད་ཟེར་ནས་བཤད་པ་དེ་ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་སྟེ་རྒྱ་ནག་ལ་ཁེ་ཕན་ཇི་ཙམ་ཐོབ་ཡོད་པ་དེ་དག་གི་སྐོར་ལ་བཤད་དགོས་པ་ནི་གནད་འགག་ཆེན་པོ་ཞིག་མཐོང་གི་འདུག བོད་མིའི་རང་དབང་དང་ཐོབ་ཐང་རྡོག་རོལ་བཏང་ནས་རྒྱལ་སྤྱིའི་ཁྲིམས་འགལ་བ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་འགལ་ཏེ་རྒྱ་ནག་དམར་པོའི་གཞུང་སྲ་བརྟན་དང་། བདེ་འཇགས་སྲུང་སྐྱོབ་ཡོང་རྒྱུ་ཁོ་ནར་བལྟས་ནས་ཁྲིམས་ཡིག་བཟོས་པ་དང་། ཁྲིམས་ཡིག་བཟོས་པ་དེ་ཏག་ཏག་བསྡད་ཀྱི་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དེ་ཆབ་སྲིད་ཀྱི་དགོས་མཁོ་ལ་བལྟས་ནས་བྱེད་ཀྱི་ཡོད་པ་གསལ་པོ་རེད། གང་ལྟར་རྒྱ་ནག་གཞུང་གིས་ད་ལྟ་ཁྲིམས་གང་འདྲ་ཞིག་བཟོ་ཡི་ཡོད་རུང་། དེ་དག་ལ་སྔར་ལས་ལྷག་གིས་བོད་ནང་དང་གཞིས་བྱེས་བོད་མི་རྣམས་ལ་དྲག་གནོན་བྱེད་པའི་སྲིད་ཇུས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རྣམས་མངོན་གསལ་དོད་པོ་རེད་ལ། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཅེས་བརྗོད་བྱུང་།
ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ (Global Times) གསར་ཁང་གིས་རྩོམ་ཡིག་ཅིག་སྤེལ་བའི་ནང་། ད་ལོའི་འོས་བསྡུའི་ལས་རིམ་དེ་ཕྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནོན་ཤུགས་ལ་བརྟེན་པ་ཞིག་ཡིན་པ་མ་གཏོགས་དོན་དངོས་སུ་རང་སྐྱ་འཕེར་བའི་སྒྲིག་འཛུགས་ཤིག་མིན་པ་དང་། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་བའི་ཚོགས་པ་ཡིན་པ། དེ་བཞིན། འདི་ལོའི་འོས་བསྡུའི་ནང་ཐོ་འགོད་བྱེད་མཁན་བོད་མི་ ༩༡,༠༠༠ ཙམ་ཡོད་ནའང་། མི་གྲངས་ ༥༡,༠༠༠ ཙམ་གྱིས་མ་གཏོགས་འོས་འཕངས་མེད་པ་དེས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་མེད་པ་མཚོན་གྱི་ཡོད་སྐོར་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་མགོ་ཁྲིད་ཀྱི་ནུས་པ་ཞན་པོ་ཡོད་ཚུལ། ད་ལྟའི་ཆར་བོད་ནང་འཛུགས་སྐྲུན་དང་དཔལ་འབྱོར་གྱི་ཡར་རྒྱས་ཤུགས་ཆེན་འགྲོ་བཞིན་ཡོད་པ་དང་། བོད་ནང་ཆོས་དད་རང་དབང་ཡོད་ཚུལ་སོགས་གསལ་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





