དབྱིན་ཇིའི་གསར་འགོད་པ་ཞིག་གིས་རྒྱ་ནག་གིས་བོད་ནང་དྲག་གནོན་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་ཐེར་འདོན་བྱས་པའི་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་རྒྱལ་ཡོངས་བརྙན་འཕྲིན་སྒྱུ་སྩལ་དང་ཚན་རིག་ལྷན་ཚོགས་(National Academy of Television Arts & Sciences ) ཀྱིས་ཕྱི་ལོ་ ༢༠༢༦ ལོའི་ཨེ་མི་གཟེངས་རྟགས་ (Emmy Award) ཀྱི་འོས་གཞིའི་ཁོངས་སུ་ཚུད་པའི་གསར་འགྱུར་དང་དངོས་བཤུས་གློག་བརྙན་གྲངས་ ༩༦ གི་མིང་འདོན་གནང་ཡོད་ཅིང་། དེའི་ཁྲོད་བོད་དོན་འཐབ་རྩོད་( Battle for Tibet ) ཅེས་པའི་དངོས་བྱུང་གློག་བརྙན་དེ་ཕུལ་བྱུང་གསར་འགྱུར་རྒྱས་པའི་སྙན་ཐོ་ (Outstanding Hard News Report: Long Form ) འོས་གཞིའི་ཁོངས་སུ་ཚུད་ཡོད་འདུག ཕྱི་ཟླ་ ༥ ཚེས་ ༢༧ ནས་ ༢༨ གཉིས་ཉིན་རིང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ལིན་ཁོ་ལིན་ལྟེ་གནས་སུ་སྐབས་ ༤༧ པའི་ཨེ་མེ་ཡེ་གཟེངས་ཐེངས་ ༤༧ པའི་མཛད་སྒོ་འཚོག་རྒྱུ་ཡིན་འདུག
བོད་དོན་འཐབ་རྩོད་ཅེས་པའི་དངོས་བཤུས་གློག་བརྙན་དེ་ནི་ལོ་ངོ་ ༢༠ ཙམ་གྱི་རྗེས་སུ་བརྙན་ལེན་པ་ཐེངས་དང་པོ་བོད་ནང་དུ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་གནས་སྟངས་ཞིབ་འཇུག་བྱེད་ཆེད་བསྐྱོད་ཡོད་ཅིང་། བརྙན་ལེན་པས་འཇིགས་སྐྲག་གི་འགྲུལ་བཞུད་ཁྲོད་ནས་འཛམ་གླིང་ཐོག་གནས་ཚུལ་གོ་མ་ཐུབ་པའི་ས་ཁུལ་ཞིག་གི་མི་ཚེའི་གནས་སྟངས་གསལ་འདོན་བྱས་ཡོད་པ་དང་། དམིགས་བསལ་ལོ་ངོ་ ༣༠ གོང་དུ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་ད་ལྟ་གར་སོང་ཆ་མེད་དུ་གྱུར་བའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གསང་བའི་གནད་དོན་ལ་ཞིབ་འཇུག་བྱས་ཡོད་འདུག་ལ། གློག་བརྙན་ནང་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྒྱུད་འཛིན་དང་བོད་ཀྱི་མ་འོངས་པའི་ལྡེའུ་མིག་ལྟ་བུ་ཆགས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༣ ལོར་བོད་ནས་གསར་དུ་སྐྱབས་བཅོལ་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱི་བོད་ནང་གི་དཀའ་སྡུག་གི་ཚོར་བ་དང་། སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་བཅའ་སྡོད་སློབ་གྲྭའི་རྒྱ་སྒྱུར་སློབ་གསོའི་གནད་དོན་སོགས་གསལ་འདུག
བོད་དོན་འཐབ་རྩོད་ཅེས་པའི་དངོས་བཤུས་གློག་བརྙན་འདི་ནི་དབྱིན་ཇིའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ལྕམ་གྷ་སི་བྷིན་མོ་ཧཱམ་མཱ་ཌི་ (Gesbeen Mohammad) ལགས་ཀྱིས་བཟོ་སྐྲུན་བྱས་པ་དང་། གློག་བརྙན་དེའི་ནང་གི་འགྲེལ་བརྗོད་བྱེད་མཁན་སྒྱུ་རྩལ་པ་ཝིལ་ལེ་མན་ (Will Lyman) ལགས་ཡིན་འདུག འདས་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་དབྱིན་ཡུལ་གྱི་ཨའེ་བརྙན་འཕྲིན་ཁང་ (ITV) གིས་ཐོག་མར་རྒྱང་སྲིང་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༥ ལོའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་སྒྱུ་རྩལ་དང་རིག་གཞུང་གསར་འགྱུར་བརྒྱུད་ལམ་གཟེངས་རྟགས་ཐོབ་ཡོད་འདུག སྐབས་དེར་ཁོང་མོས་གློག་བརྙན་བཟོ་སྐྲུན་པ་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་དང་། རྒྱ་ནག་གི་དམ་དྲག་འོག་གི་བརྙན་ལེན་པའི་ཉེན་ཁ། དེ་བཞིན་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་སྤྲོད་བཞིན་པའི་གནད་དོན་ཐོག་གཏམ་བཤད་གནང་འདུག
གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ལྕམ་གྷ་སི་བྷིན་མོ་ཧཱམ་མཱ་ཌི་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ནས་བཟུང་ཞིབ་འཇུག་གསར་འགོད་ཀྱི་ལས་ཀ་གཉེར་མགོ་བཙུགས་ཏེ། དབྱིན་ཡུལ་གྱི་ཨའེ་བརྙན་འཕྲིན་ཁང་དང་། བྷི་བྷི་སི། དབྱིན་ཡུལ་གྱི་བརྙན་འཕྲིན་བརྒྱུད་ལམ་བཞི་བ། ཨ་རིའི་ (Public Broadcasting Service) བཅས་སུ་དངོས་བཤུས་གློག་བརྙན་བཟོ་སྐྲུན་བྱས་ཡོད་པའི་ཁྲོད། པུ་ཊིན་གྱི་ཁྱིམ་གྱི་དམག་འཁྲུག་དང་། ས་སྣུམ་གྱི་སྟོབས་ཤུགས། ཧོང་ཀོང་གི་འཐབ་རྩོད། རྒྱ་ནག་ནང་གི་དྲ་རྒྱའི་བཙོན་ཁང་། འཇིགས་སྐུལ་ལ་ངོ་རྒོལ་བཅས་རྒྱལ་སྤྱིའི་གློག་བརྙན་གཟེངས་རྟགས་ཁྲོད་མིང་འདོན་གནང་ཡོད་འདུག ཁོང་མོའི་གློག་བརྙན་བརྩམས་ཆོས་དག་ནི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱལ་ཁབ་སྟེ་རྒྱ་ནག་དང་། ཨུ་རུ་སུ། ཨི་རན་སོགས་གཙོ་བོར་དམིགས་པ་ཞིག་ཡིན་འདུག ཁོང་མོས་མིའི་སེམས་ཚོར་གྱི་གཏམ་རྒྱུད་དང་བརྙན་མིག་གི་གསང་ལམ་གཉིས་ཟུང་དུ་འབྲེལ་ནས་ཞིབ་འཇུག་བྱས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





