མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

བོད་ཀྱི་དུས་བབ།
༢༠༢༦/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ནོར་བཟང་གིས་ཨིན་ཡིག་ཏུ་བརྩམས།
ཚེ་རིང་དོན་གྲུབ་ཀྱིས་བོད་ཡིག་ཏུ་བསྒྱུར།
སྒྱུར་རྩོམ་གྱི་ཁུངས། བོད་ཀྱི་དུས་བབ།

བོད་སློབ་འཛིན་ཁང་ཞིག་གི་ནང་ཕྲུ་གུ་ཞིག་ཞེད་སྣང་སྐྱེད་ཀྱིན་བསྡད་ཡོད། འདི་ནི་ཡིག་རྒྱུགས་མ་འཕྲོད་པའི་ཞེད་སྣང་མ་ཡིན་ལ། ཕ་མའི་བློ་ཕམ་དུ་བཅུག་པའི་ཞེད་སྣང་ཀྱང་མ་ཡིན། འདི་ནི་རང་ཉིད་ཀྱི་རྒན་ལགས་ཀྱི་ཕྱག་གམ། ཡང་ན་རྒན་ལགས་ཀྱི་ཕྱག་ཏུ་བསྣམས་པའི་ཐིག་ཤིང་ངམ་དབྱུག་པ་གང་རུང་ཞིག་ལ་ཞེད་སྣང་རེད། ཕྲུ་གུ་དེས་ཁ་ཁུ་སིམ་སིམ་ངང་བསྡད་དེ་བསླབ་གཞི་རྩ་འཛིན་གང་གི་ནང་དུའང་སློབ་འཁྲིད་བྱ་རྒྱུར་དམིགས་པ་མ་ཡིན་པའི་གོ་དོན་ཞིག་རྟོགས་བཞིན་ཡོད་པ་ནི། དབང་ཤུགས་ཟེར་དུས་ན་ཟུག་ལ་གོ་དགོས་པ་དང་། བརྩེ་བ་དང་འཚེ་བ་གཉིས་ཁང་པ་གཅིག་གི་ནང་མཉམ་གནས་ཐུབ་ཀྱི་ཡོད་པ་དེ་རེད།

ངས་གླེང་བཞིན་པ་ནི་རྟོག་བཏགས་ཀྱི་འཆར་སྣང་ཞིག་མ་ཡིན། ངས་གླེང་བཞིན་པ་ནི་ངས་ངོ་ཤེས་པའི་ཕྲུ་གུ་དང་། ང་ཚོའི་སྤྱི་ཚོགས་ཀྱི་བུ་ཕྲུག་སྟེ། ང་ཚོའི་སྤྱི་ཚོགས་ཀྱི་མིང་དང་ང་ཚོའི་སྤྱི་ཚོགས་ཀྱི་རེ་བ་འཁུར་མཁན་གྱི་སློབ་གྲྭའི་སློབ་ཕྲུག་གི་སྐོར་ཡིན།

ཞེད་སྣང་འདི་ང་རང་ཉིད་ཀྱི་མིག་གིས་མཐོང་བྱུང་ལ། ང་རང་ཉིད་ཀྱི་ཁྱིམ་ཚང་ནང་དུའང་ཚོར་བྱུང་།

ངའི་བཟའ་ཟླའི་སྤུད་མཆེད་ཀྱི་བུ་གངས་སྐྱིད་དཔེ་སྟོན་སློབ་གྲྭ་འགྲིམས་པའི་སྐབས་རྒན་ལགས་གཅིག་གིས་ཁོ་ལ་ཉེས་ཆད་ཀྱི་ཚུལ་དུ་འཛིན་ཁང་ནང་ཡར་བསླངས་ཏེ་ངོ་གདོང་ལ་རི་མོ་བྲིས་ནས་འཛིན་གྲོགས་རྣམས་ཀྱིས་ཁོ་རང་ལ་འཕྱ་ལད་བརྒྱབ་ཏུ་བཅུག་འདུག ངས་གནས་ཚུལ་དེ་ཐོས་སྐབས་རྦད་དེ་ཧང་སངས་བྱུང་བས། ངས་ཁྱིམ་བདག་ལ་ཡིག་ཐོག་ནས་ཞུ་གཏུག་བྱ་དགོས་པའི་སྐུལ་མ་བྱས་པ་ཡིན། ཡིན་ནའང་ཁོང་ཚོས་ཞེད་སྣང་བྱེད་ཀྱི་འདུག ཞེད་སྣང་བྱེད་དགོས་ངེས་ཀྱང་རེད། གང་ལགས་ཞེ་ན་ཞུ་གཏུག་དེའི་མཇུག་འབྲས་ནི་རྒན་ལགས་དེས་ཁོ་ཚོའི་ཕྲུ་གུ་གཞན་ལས་ཟུར་འདོན་བྱ་རྒྱུ་ལས། ཉེས་ཆད་ནི་མཚམས་འཇོག་གི་མ་རེད་ལ། དེ་ཡང་མངོན་གསལ་མེད་པའི་སྒོ་ནས་ཇེ་སྡུག་ཇེ་ཞན་དུ་འགྲོ་རྒྱུ་ཡིན་པ་ལམ་ལུགས་འདིའི་ནང་སྡོད་མཁན་གྱི་མི་ཚང་མས་ཤེས་གསལ་རེད།

གནས་སྟངས་འདི་ངས་ཤེས། གང་ལགས་ཞེ་ན་དེ་ང་ལ་བྱུང་མྱོང་ལ། ངའི་ཕྲུ་གུ་ལའང་བྱུང་སོང་།

ངའི་ཕྲུ་གུ་རྣམས་གུ་རུ་པུ་རའི་ས་གནས་སུ་ཡོད་པའི་སཾ་བྷོ་ཊའི་སློབ་གྲྭ་དང་། གངས་སྐྱིད་དུ་ཡོད་པའི་དཔེ་སྟོན་སློབ་གྲྭ། ཤེས་རབ་དགའ་ཚལ་སློབ་གླིང་དུ་ཡོད་པའི་དཔེ་སྟོན་སློབ་གྲྭ་བཅས་སློབ་གྲྭ་ཁག་གསུམ་འགྲིམས་ཡོད། སློབ་གྲྭ་གསུམ་ཀའི་ནང་ཁོང་ཚོའི་ལུས་ཐོག་ཏུ་ཉེས་ཆད་མྱངས་ཡོད།

གུ་རུ་པུ་རར་ཡོད་པའི་སཾ་བྷོ་ཊའི་སློབ་གྲྭའི་རྒན་ལགས་གཅིག་གིས་ངའི་བུ་མོར་ཉེས་ཆད་ཀྱི་ཚུལ་དུ་ཡར་ལངས་མར་བསྡད་ (sit-up) ཐེངས་བརྒྱ་བྱེད་དུ་བཅུག་འདུག་པ་དང་། ཉིན་རྗེས་མར་ཡང་ཐེངས་བརྒྱ་བྱེད་དུ་བཅུག་པས། ངའི་བུ་མོའི་ལུས་པོར་ན་ཟུག་གི་རྐྱེན་པས་གོམ་པ་ཡང་སྤོ་དཀའ་བར་གྱུར་ཏེ། སློབ་གྲྭ་ནས་ཉིན་གཅིག་རིང་དགོངས་པ་ཞུ་དགོས་བྱུང་། སློབ་གྲྭ་དེ་རང་གི་ནང་ངའི་བུ་ལའང་ཉེས་པ་གཅིག་མཚུངས་བཏང་འདུག གངས་སྐྱིད་དཔེ་སྟོན་སློབ་གྲྭར་རྒན་ལགས་རྣམ་པས་ལུས་ཐོག་ཉེས་ཆད་གཏོང་སྐབས་རྒྱུན་དུ་འགྲམ་ལྕག་གཞུ་བ་དང་། རྐང་པའི་བརླ་ཤ་དང་ཉྭ་རིལ་ལ་རྒྱུག་རྡུང་། དཔྲལ་བར་ཁུ་ཚུར་རྡེག་པ་བཅས་བྱེད་ཀྱི་ཡོད། ངའི་ཕྲུ་གུ་ཚོ་ནང་དུ་ལོག་ཡོང་སྐབས་རྒན་ལགས་འདིས་སློབ་ཕྲུག་དེ་ལ་ཉེས་རྡུང་གང་འདྲ་སེ་བཏང་བ་དང་། རྒན་ལགས་དེས་ཕྲུ་གུ་དེ་ལ་གང་འདྲ་སེ་གཞུས་སྐོར་གྱི་སྒྲུང་བཤད་ཀྱི་ཡོད། སྐབས་དེར་ངས་ཕ་མ་དེ་ཚོས་གང་རེ་བྱས་ནས་ཞུ་གཏུག་བྱེད་ཀྱི་མེད་དམ་ཞེས་བསམ་བློ་གཏོང་སྐབས། ངས་ང་རང་ཡང་ཁོང་ཚོའི་གྲས་ཀྱི་གཅིག་ཡིན་པ་དྲན་མྱོང་། སྐབས་རེར་ང་རང་གིས་ངའི་བཟའ་ཟླས་ཞུ་གཏུག་བྱ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་ལ། སྐབས་རེར་མོ་རང་གིས་ངས་ཞུ་གཏུག་བྱ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད། གང་ལགས་ཞེ་ན་ཞུ་གཏུག་བྱས་ན་རང་ཉིད་ཀྱི་ཕྲུ་གུ་དཀའ་ངལ་ནང་ཚུད་འཇུག་གི་ཡོད་པ་ངེད་གཉིས་ཀྱིས་ཤེས་པས་རེད།

ངས་དེ་རིང་རྩོམ་ཡིག་འདི་འབྲི་བའི་སྐབས། ངའི་བུ་གཉིས་ཀྱིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཡོད་པའི་དཔེ་སྟོན་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། ལོ་མང་པོའི་གོང་དུ་མ་རེད་ལ། དྲན་ཡུལ་ལས་ཐག་རིང་བའི་སར་ཡང་མ་རེད། དེ་རིང་རང་རྒན་ལགས་ཤིག་གིས་ཁོ་གཉིས་ལ་འགྲམ་ལྕག་གཞུས་འདུག དགོང་མོ་ཕལ་ཆེ་བ་དང་འདྲ་བར། དེ་རིང་དགོང་མོར་ཡང་ཁོ་གཉིས་ཀྱིས་རྒན་ལགས་སུས་ཕྲུ་གུ་སུ་ལ་ཉེས་རྡུང་བཏང་ཚུལ་གྱི་སྒྲུང་འཁྱེར་ཏེ་ནང་ལ་སླེབས་བྱུང་།

འདི་ནི་འདས་པའི་བྱུང་རབས་མ་རེད། འདི་ནི་ད་ལྟ་རང་འབྱུང་བཞིན་པའི་གནས་ཚུལ་རེད།

དེ་ཡང་ངའི་ཁྱིམ་ཚང་གཅིག་པུ་མ་རེད།

ཉེ་སྔོན་ངའི་གྲོགས་པོ་ཞིག་གིས་ཁོང་རང་གི་བུ་གོ་པལ་པུར་བོད་ཁྱིམ་དུ་བོད་ཡིག་སྦྱོང་བར་བཏང་བ་རེད། བུ་དེར་འཇིགས་སྐུལ་དང་བརྙས་བཅོས་བཏང་འདུག སློབ་གྲོགས་ཤིག་གིས་བུ་དེའི་ལག་པར་ལྕགས་ཚ་བོ་སྦྱར་ཏེ་ལག་པ་ཐེངས་མང་པོར་བསྲེགས་འདུག་ཀྱང་། སུ་གང་གིས་བཀག་འགོག་བྱེད་མཁན་མ་བྱུང་བར་དུས་ཡུན་གང་འཚམ་རིང་བརྙས་བཅོས་དེ་མྱངས་དགོས་བྱུང་འདུག་པས། དོན་རྐྱེན་དེས་མཐར་ཕ་མ་གཉིས་ཀྱིས་རང་ཉིད་ཀྱི་བུ་སློབ་གྲྭ་ནས་ཕྱིར་འཐེན་བྱ་དགོས་བྱུང་འདུག དེ་ནི་སློབ་གྲྭ་རུ་འབོད་པའི་སྒྲིག་འཛུགས་གང་འདྲ་ཞིག་གི་ནང་དུའང་བསམ་ཡུལ་ལས་འདས་པའི་གནད་དོན་ཞིག་ཡིན་དགོས་པ་རེད།

ཡང་ངའི་གྲོགས་པོ་གཞན་ཞིག་གི་བུ་མོ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཡོད་པའི་དཔེ་སྟོན་སློབ་གྲྭར་ད་ལྟ་སློབ་སྦྱོང་བྱེད་མུས་རེད། མོ་རང་ལ་རྒན་ལགས་ཤིག་གིས་འགྲམ་ལྕག་ལན་མང་གཞུས་འདུག་པས། མོ་རང་ཁྱིམ་དུ་སླེབས་སྐབས་ཧང་སངས་སངས་ངང་ཕ་མ་གཉིས་ལ་ “རྒན་ལགས་ཀྱིས་སློབ་ཕྲུག་ལ་གང་འདྲ་སེ་གཞུ་ཆོག་གི་རེད། དེ་ཁྲིམས་འགལ་མ་རེད་དམ།” ཞེས་བཤད་འདུག

མོ་རང་གིས་བཤད་པ་དེ་བདེན་པ་རེད། དེ་ཁྲིམས་འགལ་རེད།

ཁྲིམས་ལུགས་ནང་དེའི་ཐད་ཁ་གསལ་མེད་པ་མ་རེད།

རྒྱ་གར་གཞུང་གིས་སློབ་གྲྭའི་ནང་ལུས་ཐོག་ཉེས་ཆད་འགེལ་མི་ཆོག་པའི་བཀག་རྒྱ་ཡོངས་ཁྱབ་ཏུ་བཏང་ཡོད། སློབ་གྲྭ་ཚང་མའི་ནང་ཉེས་ཆད་དེ་རིགས་མཚམས་འཇོག་བྱ་རྒྱུའི་སྲིད་ཇུས་ཀྱང་ཁ་གསལ་ཤིག་དགོས་ཀྱི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་ལ་ཆ་མཚོན་ན། ཕྱི་ལོ་ ༢༠༠༤ ལོར་གཏན་འབེབས་བྱས་པའི་ཡང་དག་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡོད། དེ་ནི་དུས་རབས་ཀྱི་སྔོན་ཐོན་སྲིད་བྱུས་ཤིག་ཡིན་པས། ང་ཚོས་སྲིད་བྱུས་དེའི་གཞུང་ལུགས་ཀྱི་ཟབ་ཚད་ལ་བསྔགས་བརྗོད་རྒྱ་ཆེ་བྱས་ཡོད། སྲིད་བྱུས་དེའི་ནང་ཕྲུ་གུ་ཞིག་གི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་། ཆེ་མཐོང་། བྱམས་བརྩེ་བཅས་རྩ་བར་བཟུང་བའི་ཤེས་ཡོན་ཞིག་འཆར་སྣང་དུ་བཟུང་ཡོད།

ཤེས་ཡོན་སྲིད་བྱུས་དེ་ང་ཚོས་གཏན་འབེབས་དང་། ང་ཚོས་བསྔགས་བརྗོད་བྱས་པ་ཞིག་ཡིན་པས། ད་ཆ་ང་ཚོས་ངེས་པར་དུ་ལག་བསྟར་བྱ་དགོས་པ་རེད།

ངའི་དགོང་མོའི་གཉིད་གཅོག་མཁན་གྱི་དྲི་བ་དཀའ་ཁག་ཅན་ཞིག་འདོན་རྒྱུ་ཡིན།

ཚོགས་སྡེ་ཞིག་གི་ངོ་བོའི་ཆ་ནས་ང་ཚོ་ད་ལྟ་གང་དུ་སླེབས་ཡོད་པར་ལྟོས་དང་། ང་ཚོའི་དབུ་ཁྲིད་ནི་སྐུ་ན་བགྲེས་བཞིན་འདུག ང་ཚོའི་མི་མང་ནི་འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་བཞིན་འདུག དེ་སྔ་ང་ཚོ་མཉམ་དུ་སྦྲེལ་མཁན་གྱི་གཅིག་སྒྲིལ་གྱི་གོང་བུ་ལ་གས་ཆག་གི་རྣམ་པ་མངོན་བཞིན་འདུག་ལ། གས་ཆག་དེ་ནི་ལོ་ཟླ་རིམ་སོང་གི་དུས་ཡུན་རེ་རེའི་ནང་སྣང་མེད་དུ་འཇོག་དཀའ་བའི་གནས་སུ་གྱར་བཞིན་འདུག ངས་མར་བསྡད་ནས་སེམས་རྣལ་དུ་ཕབ་སྟེ་ང་ཚོའི་རྩ་དོན་དང་། ང་ཚོའི་རིག་གཞུང་། ང་ཚོའི་མི་རིགས་ཀྱི་ངོ་བོ། ང་ཚོའི་བོད་བཅས་ཀྱི་མ་འོངས་ལ་བསམ་བློ་གཏོང་སྐབས། ང་ལ་འཇིགས་ཡེ་རེ་བའི་ཚོར་སྣང་ཞིག་འབྱུང་བཞིན་འདུག ཚོར་སྣང་དེ་ང་ཚོ་མང་པོ་ཞིག་ལ་ཡོང་བཞིན་ཡོད་ཀྱང་འགའ་ཤས་ཤིག་གིས་མ་གཏོགས་བརྗོད་ཀྱི་མེད།

ད་ལྟའི་དུས་ཚོད་འདི་ནི་ང་ཚོར་ཡོད་པའི་ནུས་པ་ཆ་ཚང་སྤུང་དགོས་པའི་དུས་སྐབས་ཡིན་པས། ངས་ངེས་ཤེས་བརྟན་པོའི་སྒོ་ནས་ཡིད་ཆེས་བྱེད་པ་ནི་ང་ཚོའི་མ་འོངས་པ་ནི་ནུས་པ་ཚང་མའི་ནང་ནས་མིའི་ནུས་པ་ལ་བརྟེན་དགོས་པ་རེད། འདི་ནི་ང་ཚོའི་མིའི་མ་རྩ་རེད། ང་ཚོའི་མིའི་མ་རྩའི་རྨང་གཞི་ནི་སློབ་གྲྭའི་ནང་ནས་གདིང་དགོས།

ང་ཚོའི་ཤེས་ཡོན་གྱི་ལམ་སྲོལ་ནི་གནད་དོན་ཕལ་པ་ཞིག་མ་རེད། དེ་ནི་སྔོན་རྩིས་ཀྱི་འཆར་གཞི་ཞིག་མ་ཡིན་ལ། འཛིན་སྐྱོང་གི་གནད་དོན་ཞིག་ཀྱང་མ་ཡིན། ང་ཚོའི་ཤེས་ཡོན་གྱི་ལམ་སྲོལ་ནི་བོད་མིའི་འཐབ་རྩོད་ཀྱི་ནུས་པ་མཐོར་འདེགས་བྱེད་པའི་ཀ་བ་གཙོ་བོ་གཅིག་ཆགས་ཡོད། དེ་རིང་གི་སློབ་ཁང་ཁག་ནང་བསྡད་ཡོད་པའི་ཕྲུ་གུ་དེ་དག་ནི་སང་ཉིན་གྱི་གྲོས་མོལ་བ། ཞུ་རྩོད་པ། རིག་གཞུང་གཅེས་འཛིན་པ། དབུ་འཁྲིད་མི་སྣ་ཞེ་གཅིག་རེད། ང་ཚོས་ཐེག་མི་ཐུབ་པའི་མཚམས་སུ་ཁོང་ཚོས་ང་ཚོའི་རྩ་དོན་དེ་མུ་མཐུད་མདུན་ནས་མདུན་དུ་འཁྱེར་ངེས་རེད། དེ་ལྟར་ཡོང་མིན་ནི་ཁོང་ཚོ་མི་གང་འདྲ་ཞིག་ལ་འགྱུར་མིན་ལ་རག་ལུས་ཡོད་ཅིང་། དེ་ཡང་སློབ་གྲྭའི་ནང་ཁོང་ཚོར་སྤྱོད་ཚུལ་གང་འདྲ་ཞིག་འཛིན་མིན་ཐོག་ནས་འགོ་འཛུགས་དགོས་པ་རེད།

ང་ཚོས་རང་ཉིད་ཀྱི་རྩ་དོན་དེ་དངོས་གནས་གལ་འགངས་ཆེན་པོ་ཞིག་ཏུ་བརྩི་གི་ཡོད་ན། ང་ཚོས་ཕྲུ་གུའི་ནུས་སྟོབས་སྣ་གཅིག་ཡིན་ནའང་ཞེད་སྣང་དང་། སེམས་ནད། ཡང་ན་རང་ཉིད་ལ་གནད་འགག་མེད་པའི་སྙམ་པའི་ངོས་འཛིན་བྱེད་པའི་བསམ་བློ་བཅས་ཀྱི་ཕྱོགས་སུ་ཆུད་ཟོས་སུ་གཏོང་ཐབས་མེད་པ་རེད། ང་ཚོས་ཁོང་ཚོ་འཛམ་གླིང་ཕྱི་ཕྱོགས་སུ་ཆག་གྲུམ་ཤོར་བའི་གདེངས་ཚོད་དང་དྲག་སྐྱེད་བྱུང་མེད་པའི་རྨ་ཁ་དང་སྦྲགས་ཏེ་གཏོང་ཐབས་མེད། ང་ཚོར་དགོས་པ་ནི་ཁོང་ཚོའི་ནུས་སྟོབས་ཆ་ཚང་བ་དེ་རེད། ང་ཚོར་དགོས་པ་ནི་ཁོང་ཚོ་སྟོབས་ཤུགས་དང་ལྡན་པ་དེ་རེད། ང་ཚོར་དགོས་པ་ནི་ཁོང་ཚོས་རང་ཉིད་བོད་མི་ཡིན་པར་དགའ་ཞེན་བྱ་རྒྱུ་དེ་ཡིན་པ་ལས། བོད་མིའི་ཚོགས་སྡེ་རྣམས་ཡིད་ངོར་འཆར་སྐབས་ན་ཟུག་དང་ཉམ་དམས་ཀྱི་ཚོར་སྣང་དག་ཀྱང་ལྷན་གཅིག་ཏུ་འཆར་དུ་འཇུག་རྒྱུ་དེ་མ་རེད།

འདི་ནི་བོད་དོན་འཐབ་རྩོད་དང་འབྲེལ་མེད་མ་ཡིན་པར་འབྲེལ་བ་གཏིང་ཟབ་ལྡན་ཡོད།

ངས་མཐུན་འགྲིག་བྱ་དཀའ་བར་མཐོང་བའི་འགལ་འདུ་འདི་ཡོད།

ང་ཚོའི་དབུ་ཁྲིད་ནི་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་རེད། ཁོང་གི་འཚེ་བ་མེད་པའི་ཐབས་ལམ་ལ་བཅངས་པའི་གཡོ་བ་མེད་པའི་ཆོད་སེམས་ལ་བརྟེན་ཏེ་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད། ཁོང་ནི་སྐུ་ཚེ་ཧྲིལ་བོར་རང་ཉིད་ཀྱི་ཕྱོགས་གཏོགས་ཙམ་དུ་མ་ཟད། རང་ཉིད་ལ་གཉའ་གནོན་བྱེད་མཁན་ལའང་བྱམས་པ་དང་། བརྩེ་བ། བཟོད་སྲན་བཅས་བྱ་དགོས་པའི་ལམ་སྟོན་གནང་སྟེ་བཞུགས་མཁན་གྱི་སྐྱེས་བུ་ཞིག་རེད། ཁོང་གིས་རང་ཉིད་ཀྱི་ཕ་ཡུལ་བཙན་འཕྲོག་དང་། རང་ཉིད་ཀྱི་དགོན་སྡེ་རྩ་གཏོར། རང་ཉིད་ཀྱི་མི་མང་བཙན་བྱོལ་དུ་གྱར་བཅུག་མཁན་གྱི་སྐྱེ་བོ་ལའང་བྱམས་བརྩེའི་ཕྱག་ཟུང་བསྐྱངས་ཡོད་ལ། ཁོང་གིས་བརྩེ་བ་ནི་ཞེ་སྡང་ལས་སྟོབས་ཤུགས་ཆེ་བ་ཡོད་པ་དང་། བྱམས་བརྩེ་ནི་ཞན་ཆ་ཞིག་མ་ཡིན་པར་སྟོབས་ཤུགས་ཀྱི་མཆོག་ཡིན་པར་དུས་དང་རྣམ་པ་ཀུན་ཏུ་འགྱུར་བ་མེད་པར་ལམ་སྟོན་གནང་བཞིན་ཡོད།

འདི་ནི་ང་ཚོའི་དབུ་ཁྲིད་རེད། འདི་ནི་ང་ཚོའི་ལྟ་གྲུབ་རེད། འདི་ནི་ང་ཚོས་བོད་དོན་སྐོར་སྐད་ཆ་ཤོད་སྐབས་འཛམ་གླིང་མི་མང་ལ་གང་བརྗོད་བཞིན་པ་དེ་རེད། དེས་ན་ང་ཚོས་རང་ཉིད་ཀྱི་ཕྲུ་གུ་ལ་ཉེས་རྡུང་ཇི་ལྟར་གཏོང་ཐུབ་བམ།

ང་ཚོས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་འཚེ་བ་མེད་པའི་སྐུ་ཚབ་ཀྱི་ངོ་བོར་མདུན་དུ་ཐོན། དེ་ནས་ཕྱིར་རང་ཁྱིམ་དང་འཛིན་ཁང་དུ་སླེབས་སྐབས་རང་ཉིད་ཀྱི་སློབ་ཕྲུག་ལ་རྒྱུག་རྡུང་དང་། འགྲམ་ལྕག རང་མཉམ་སློབ་ཕྲུག་གི་མདུན་དུ་ཉམ་དམའ་བོ་བཟོ་བའི་བྱ་བ་དེ་རིགས་ཇི་ལྟར་རྩོམ་ཐུབ་ཀྱི་ཡོད་དམ། ང་ཚོས་རང་ཉིད་ཀྱི་སྤྱི་ཚོགས་ནང་གི་ཆེས་ལོ་ཆུང་ཤོས་དང་ཆེས་ཉམ་ཆུང་ཤོས་ཀྱི་འགྲོ་བ་མིའི་རང་བཞིན་ལ་ཕྱོགས་ཡོངས་ནས་ངོས་འཛིན་མ་ཐུབ་པར། འཛམ་གླིང་མི་མང་ལ་ང་ཚོའི་འགྲོ་བ་མིའི་རང་བཞིན་ལ་ངོས་འཛིན་བྱེད་རོགས་ཞེས་ཇི་ལྟར་བརྗོད་ཐུབ་བམ།

ངས་མི་གཞན་ངོ་ཚ་ཁ་སྐྱེངས་བཟོ་རྒྱུའི་དོན་དུ་དྲི་བ་འདི་འདོན་གྱི་མེད། ངས་དྲི་བ་འདི་འདོན་དགོས་དོན་ནི་ད་ལྟའི་འགལ་འདུ་འདི་ནི་དངོས་ཡོད་ཡིན་ཞིང་། འགལ་འདུ་འདི་མེད་ཁུལ་བྱས་ན། འགལ་འདུ་དེ་ཇེ་སྡུག་ཇེ་ཞན་དུ་གཏོང་རྒྱུ་ཁོ་ན་ལས་མ་འདས་པས་ཡིན།

བརྩེ་བ་ནི་ཞེད་སྣང་ལས་སྟོབས་ཤུགས་ཆེ།

ངས་མི་རྒན་པ་དང་གྲོགས་པོ་ཚོས་སྐབས་རེར་སྒྲིག་འཛུགས་སྐྱོང་ཆེད་དུ་ཕྲུ་གུ་ལ་ཉེས་རྡུང་གཏོང་རྒྱུ་དགོས་གལ་ཡིན་སྐོར་བརྗོད་པ་ཐོས་མྱོང་། བསམ་བློ་དེ་གང་ནས་སླེབས་པ་ཡིན་ངས་ཤེས། ཁོང་ཚོ་མང་པོ་ཞིག་ཐབས་ལམ་དེ་འདྲའི་འོག་ནས་སྙོར་སྐྱོང་བྱས་པ་ཞིག་རེད་ལ། ང་ཚོ་མང་པོ་ཞིག་ཀྱང་གཅིག་མཚུངས་རེད། ཡིན་ནའང་ཉེས་རྡུང་ཐེངས་གཅིག་ཀྱང་གཏོང་མ་མྱོང་ནའང་། འཛིན་གྲྭའི་ནང་སློབ་ཕྲུག་རྣམས་ལ་བཀོད་འདོམས་ཚུལ་བཞིན་བྱེད་ཐུབ་མཁན་གྱི་དགེ་རྒན་མང་པོ་ཞིག་ངས་དངོས་སུ་མཐོང་མྱོང་། ཁོང་རྣམ་པའི་སློབ་ཕྲུག་ནི་སློབ་སྦྱོང་ལ་དོན་གཉེར་ཆེ་བ། ཀུན་སྤྱོད་ཚུལ་མཐུན། ཡར་རྒྱས་གྱི་རྣམ་པ་ཡང་མངོན་གསལ་དོད་པོར་མཐོང་རྒྱུ་འདུག དེ་ནི་སྒྲུབ་ཐུབ་པ་ཞིག་རེད། དེ་བསྒྲུབ་རྒྱུར་འབད་འབུངས་ཆེར་སྐྱེད། བྱེད་སྒོ་གསར་གཏོད། སློབ་ཕྲུག་དང་བཅོས་མིན་གྱི་མཛའ་འབྲེལ་བཅས་དགོས་ཀྱི་ཡོད་ཀྱང་། དེ་ནི་ཡོངས་སུ་སྒྲུབ་ཐུབ་པ་ཞིག་རེད།

ང་རང་ཚོའི་རིག་གཞུང་གཙོས་པའི་ཡང་དག་པའི་རིག་གཞུང་ཚང་མའི་ནང་ཡོངས་གྲགས་སུ་ངོས་འཛིན་བྱེད་པའི་བདེན་པ་ཞིག་ཡོད་པ་ནི། བརྩེ་བ་ནི་ཞེད་སྣང་ལས་སྟོབས་ཤུགས་ཆེ་བ་ཡོད་པ་དེ་རེད། ལྷད་མེད་པའི་བརྩེ་བ་ཡིས་མིའི་རིགས་ཉམས་ཞན་དུ་གཏོང་གི་མེད། དེས་མིའི་རིགས་ལ་རླབས་ཆེན་གྱི་བྱ་བ་བསྒྲུབ་རྒྱུའི་ནུས་པ་སྦྱིན་གྱི་ཡོད། ལྷད་མེད་པའི་བརྩེ་བ་ཡིས་བཙན་རྒྱལ་གྱི་སྟོབས་ཤུགས་གཏོར་ཕམ་དང་། དམག་འཁྲུག་མཚམས་འཇོག སེམས་འདུལ་དཀའ་བ་རྣམས་ཀྱང་འདུལ་བ་བཅས་བྱེད་ཀྱི་ཡོད། གལ་སྲིད་བརྩེ་བ་ཡིས་གཉའ་གནོན་གཏོང་མཁན་ཞིག་གི་བློ་ཁ་བསྒྱུར་ཐུབ་ཀྱི་ཡོད་ན། འཚར་ལོངས་འབྱུང་བཞིན་པའི་ཕྲུ་གུ་ཞིག་གི་བློ་ཁ་བསྒྱུར་མི་ཐུབ་པ་གང་ཡོད་དམ།

འབོད་སྐུལ།

རྒན་ལགས་རྣམ་པར། ཁྱེད་རྣམ་པས་ཕྲག་ཏུ་འགན་འཁྲི་ལྕི་མོ་ཞིག་འཁྱེར་བཞིན་ཡོད་ཀྱང་། རྒྱུན་དུ་རྒྱབ་སྐྱོར་དེ་ཙམ་ཐོབ་ཀྱི་མེད་མོད། དེ་ལྟར་ནའང་དབྱུག་པ་ནི་སྒྲིག་འཛུགས་སྐྱོང་སྟངས་ཤིག་མ་རེད། སྒྲིག་འཛུགས་སྐྱོང་སྟངས་ཀྱི་ཐབས་ལམ་བཟང་པོ་མང་པོ་ཡོད་པ་བཞིན། ཐབས་ལམ་མང་པོ་ཞིག་ཁྱེད་རང་གི་ལས་རོགས་ཚོས་དེ་སྔ་ནས་བཀོལ་སྤྱོད་བྱེད་བཞིན་ཡོད།

ཕ་མ་རྣམ་པར། སློབ་གྲྭའི་ནང་གནས་ཚུལ་ཅི་ཞིག་འབྱུང་གི་ཡོད་པ་ཁྱེད་ཀྱིས་ཉིན་ལྟར་སོ་སོའི་ཕྲུ་གུ་ལ་སྐད་ཆ་འདྲི་དགོས། སློབ་གྲྭ་ལ་སློབ་གྲྭའི་སྒྲིག་འཛུགས་སྐྱོང་སྟངས་ཀྱི་སྲིད་བྱུས་གང་ཡིན་པ་སྐད་ཆ་འདྲི་དགོས། གནས་ཚུལ་རིགས་བྱུང་ཚེ་ཡིག་ཐོག་ཏུ་ཐོ་འགོད་བྱ་དགོས། ཁྱེད་རང་གིས་དཀའ་ངལ་དེ་རིགས་འཕྲད་མཁན་ཁྱེད་རང་གཅིག་པུ་ཡིན་པར་བསམ་སྲིད་ཀྱང་ཁྱེེད་རང་གཅིག་པུ་མ་རེད།

འཛིན་སྐྱོང་བ་དང་སྲིད་བྱུས་འདིང་མཁན་རྣམ་པར། གཞི་རིམ་ཤེས་ཡོན་སྲིད་བྱུས་དེ་ལག་བསྟར་བྱེད་དུ་འཇུག་དགོས། ཞུ་གཏུག་གྱི་བརྒྱུད་ལམ་བཙན་པོ་དང་མངོན་གསལ་མེད་པ་ཞིག་གཏོད་དགོས། བརྙས་བཅོས་རིགས་ཞུ་གཏུག་བྱེད་མཁན་གྱི་ཕ་མ་དང་ཕྲུ་གུ་རྣམས་ལ་ཞེ་འཁོན་གྱི་ཕོག་ཐུག་རིགས་མི་ཡོང་བའི་འགན་སྲུང་བྱ་དགོས།

བཙན་བྱོལ་བོད་མིའི་སློབ་གྲྭ་འགྲིམས་མྱོང་བའི་བརྩམས་ཆོས་འདི་ཀློག་མཁན་གྱི་བོད་མི་རྣམས་ལ། སྐར་མ་གཅིག་གི་རིང་ལུས་སེམས་ལྷོད་ལ་དབབ་སྟེ་བསམ་བློ་ཞིག་ཐོངས་དང་། ཁྱེད་རང་གིས་ཉེས་རྡུང་དེ་རིགས་བཟེད་མྱོང་བ་ནི་ཐེངས་གཅིག་ཡིན་ནམ་ཡང་ན་ཐེངས་མང་པོ་ཡིན། སྐབས་དེར་ཁྱེད་རང་ལ་ཚོར་སྣང་གང་བྱུང་བའི་ཐོག་ལ་བསམ་བློ་ཐོངས་དང་། ཁྱེད་རང་ལ་སྲུང་སྐྱོབ་བྱེད་མཁན་དུ་སེམས་པའི་མི་ཞིག་གིས་གནོད་འཚེ་གཏོང་སྐབས་ཧང་སང་ཧོན་འཐོར་བ་དང་། གང་བྱེད་འདི་བྱེད་མེད་པར་ཉམ་དམས་སུ་གྱུར་བའི་ཚོར་སྣང་མ་བྱུང་ངམ། ད་ཁྱེད་རང་གིས་སོ་སོར་དྲི་བ་གཅིག་དྲིས་དང་། ཁྱེད་ཀྱིས་རང་ཉིད་ཀྱི་ཕྲུ་གུ་ལའང་ཚོར་སྣང་གཅིག་མཚུངས་དེ་ཚོར་འཇུག་འདོད་ཡོད་དམ།

བོད་མིའི་སློབ་གྲྭ་ཁག་འགྲིམས་མྱོང་བའི་བོད་མི་བཅུའི་ནང་ནས་དགུ་ཡིས་ངས་གང་བརྗོད་ཀྱི་ཡོད་པ་ལམ་སེང་གསལ་རྟོགས་ཐུབ་ངེས་ཡིན་པ་ངས་ཤེས། འདི་ནི་ཉུང་ཤས་ཤིག་མ་ཡིན་པར་ང་ཚོའི་གཅིག་གྱུར་གྱི་མྱོང་བ་ཞིག་ཡིན་ཞིང་། འདི་ནི་ང་ཚོས་ད་ནས་བཟུང་ཁ་བཙུམས་ཏེ་སྡོད་ཐབས་མེད་པའི་རྒྱུ་མཚན་ཁ་གསལ་ཞིག་ཀྱང་ཆགས་ཡོད།

ང་ཚོའི་སྤྱི་ཚོགས་ཀྱིས་བསྐྲུན་པའི་སློབ་གྲྭ་ཁག་ནི་བློས་གཏོང་དང་། འཆར་སྣང་། བརྩེ་བ་བཅས་དང་སྦྲགས་ཏེ་བསྐྲུན་པ་ཞིག་ཡིན་པས། སློབ་གྲྭ་དེ་དག་ནི་རང་ཉིད་ཀྱི་ཐོག་མའི་དམིགས་ཡུལ་དང་། རང་ཉིད་ཀྱི་དབུ་ཁྲིད། རང་ཉིད་ཀྱི་ལྟ་གྲུབ། རང་ཉིད་ཀྱི་་ཕྲུ་གུ་རྣམས་དང་དོ་མཉམ་པར་འཇུག་ཐུབ་པ་ཞིག་བྱ་དགོས།།

ཨིན་ཡིག་ཐོག་གཟིགས་འདོད་ཚེ་མ་རྩོམ་གྱི་སྦྲེལ་ཐག https://www.tibetanreview.net/the-stick-must-stop-ending-corporal-punishment-in-our-tibetan-schools/

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༡༨ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese