མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཁུངས། བོད་ཀྱི་དུས་བབ།

རྩོམ་པ་པོ། ཕན་ཐོགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། 

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༣ ཉིན། བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་ཡོད། བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གཏང་བའི་དུས་ཚོད་ནི། རྒྱ་ནག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་》ཟེར་བའི་ཁྲིམས་དེ་དངོས་སུ་ལག་བསྟར་བྱས་པའི་ཉིན་གཉིས་པ་དེ་ཡིན་ཞིང་། ཁོང་གིས་ “བོད་རང་བཙན་” དང་ “རྒྱ་མི་བོད་ནས་ཕྱིར་འབུད་གཏོང་དགོས་” ཞེས་སྐད་འབོད་བྱས་ཏེ། རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

པར་རིས་ཡོང་ཁུངས། ངོ་དེབ་ཁ་བྱང་ Lobga Rangzan། བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གཏོང་སྐབས་གཏོར་བའི་དགོས་འདུན་བྲིས་པའི་ཤོག་བུ།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༣ ཉིན། ཨ་རིའི་ཚེས་ ༢ ཀྱི་ཕྱི་དྲོ་ཆུ་ཚོད་ ༦ ཙམ་ལ། ས་གནས་དེའི་ནང་གནས་སྡོད་བཙན་བྱོལ་བོད་མི་བློ་དགའ་རང་བཙན་ (Lobga Rangzan) ལགས་ཀྱིས་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་རྗེས། ས་གནས་ཉེན་རྟོག་པས་ཁོང་སྨན་ཁང་དུ་སྐྱེལ་ཏེ་མྱུར་སྐྱོབ་བྱས་ཀྱང་། མ་ཕན་པར་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་ཡོད། ཁོང་འདས་སྐབས་དགུང་ལོ་ ༥༢ རེད་འདུག

 བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་རང་གི་ངོ་དེབ་ཁ་བྱང་བརྒྱུད་ཐད་གཏོང་གནང་ཡོད། ཐད་གཏོང་བརྙན་པར་ནང་། བློ་དགའ་རང་བཙན་ལགས་ཀྱིས་བོད་ཆས་ནག་པོ་ཞིག་གྱོན་ཞིང་། ལག་ཏུ་བོད་ཀྱི་རྒྱལ་དར་ཞིག་བཟུང་ནས་ཐོན་བྱུང་། ཁོང་གིས་བོད་ཀྱི་རྒྱལ་དར་དེ་ལམ་ཟུར་དུ་བཙུགས་རྗེས། བོད་ཀྱི་རྒྱལ་དར་གྱི་འགྲམ་དུ་ཕྱག་ཏུ་སྐུ་ལུས་མེར་བསྲེགས་དགོས་པའི་མངོན་འདོད་བཀོད་པའི་ཤོག་བུ་དག་བཟུང་ནས་མེ་སྤར། མེ་ལྕེས་འཕྲལ་དུ་ཁོང་གི་ལུས་ཡོངས་བསྡམས། བློ་དགའ་རང་བཙན་ལགས་ཀྱིས་མེ་ཕུང་ནང་མདུན་དུ་གོམ་པ་འགའ་སྤོས་ཏེ། ཕྱག་ནང་ཡོད་པའི་མངོན་འདོད་བཀོད་པའི་ཤོག་བུ་རྣམས་གཏོར། མེ་ཤུགས་ཇེ་ཆེར་ཕྱིན་པ་དང་ན་ཟུག་ནང་དཔའ་ཉམས་ཆེ་བའི་ཕྱག་གཉིས་ཕྱིར་བརྐྱངས། བཟོད་མི་ཐུབ་པའི་ན་ཟུག་ཁྲོད་ཁོང་གི་སྐུ་གཟུགས་གཡོ་ཡང། བཟོད་བསྲན་གྱིས་མུ་མཐུད་སྐུ་གཟུགས་འགྲེང་པོར་གནས་ཐབས་གནང་། དེ་ནས་ཁོང་གི་སྐུ་གཟུགས་གཡོ་ནས་ག་ལེར་ས་ལ་ཁ་སྦུག་ལོག དེའི་རྗེས་ལས་བྱེད་མི་སྣ་ཞིག་རང་ལུས་མེར་བསྲེགས་ཀྱི་ས་གནས་སུ་འབྱོར་ནས་མེ་གསོད་ཡོ་བྱད་ཀྱིས་ཁོང་གི་ལུས་ཐོག་གི་མེ་གསོད་ཐབས་བྱས། 

ཨ་རིའི་ཉེན་རྟོག་པའི་གནས་ཚུལ་ལྟར་ན། ཟླ་ ༧ ཚེས་ ༢ ཕྱི་དྲོ་ཆུ་ཚོད་ ༦ དང་ཕྱེད་ཀའི་ཐོག་ཉེན་རྟོག་པར་ཁ་པར་འབྱོར་རྗེས། རང་ལུས་མེར་བསྲེགས་ཀྱི་ས་གནས་སུ་འབྱོར་ནས་ཁོང་ནེའུ་ཡོག་བེལ་ལི་ཝེའུ་སྨན་ཁང་ (Bellevue Hospital) དུ་བསྐྱལ། འོན་ཀྱང་མེ་སྐྱོན་ཚབས་ཆེན་ཕོག་པའི་རྐྱེན་གྱིས་མྱུར་སྐྱོབ་བྱས་པ་མ་ཕན་པར་འདས་གྲོངས་སུ་ཕྱིན་འདུག

སྐུ་ལུས་མེར་བསྲེགས་མ་བཏང་བའི་ཆུ་ཚོད་གསུམ་གྱི་གོང་ལ། བློ་དགའ་རང་བཙན་ལགས་ཀྱིས་རང་གི་ངོ་དེབ་ཁ་བྱང་གི་འདྲ་པར་བརྗེ་པོ་བརྒྱབ་ནས་ཞལ་ཆེམས་ངོ་པར་ཞིག་བཞག་ཡོད། དུས་མཚུངས་སུ་བརྙན་པར་ཞིག་ཀྱང་སྤེལ་ཡོད་ཅིང་། བརྙན་པར་དེའི་ནང་ཁོང་གིས་རྒྱལ་ཚོགས་ཀྱི་མདུན་ཐང་ནས་ཕར་འགྲོ་བྱེད་བཞིན་ལག་པ་གཡས་པ་ཡར་བཀྱགས་ཏེ། བོད་རང་བཙན་” ཞེས་ལན་གསུམ་བོས་ཡོད།

  བློ་དགའ་རང་བཙན་ནི་བོད་རང་བཙན་ལས་འགུལ་བ་བརྟན་པོ་ཞིག་ཡིན་ཞིང་། རང་ལུས་མེར་བསྲེགས་མ་བཏང་བའི་ཆུ་ཚོད་གཅིག་གི་གོང་དུ། ཁོང་གིས་ངོ་དེབ་ཐོག་སྐུ་ལུས་མེར་བསྲེགས་གནང་བའི་མངོན་འདོད་ཡང་སྤེལ་ཡོད་ཅིང་། དེའི་ནང་ “FREE TIBET” (བོད་རང་བཙན་) དང་ “CHINA OUT OF TIBET” (རྒྱ་མི་བོད་ནས་ཕྱིར་འབུད་གཏོང་དགོས་) ཞེས་སོ་སོར་བྲིས་ཡོད།

པར་རིས་ཡོང་ཁུངས། ངོ་དེབ་ཁ་བྱང་ Lobga Rangzan། བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གཏོང་སྐབས་གཏོར་བའི་དགོས་འདུན་བྲིས་པའི་ཤོག་བུ།

ཆེས་རྩ་ཆེ་བ་ནི། བློ་དགའ་རང་བཙན་ལགས་ཀྱིས་ངོ་དེབ་བརྒྱུད་བརྙན་པར་གྱི་ཞལ་ཆེམས་ཤིག་བཞག་ཡོད། ཁོང་གིས་བརྙན་པར་དེའི་ནང་རང་ཉིད་ནས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་པ་དངོས་སུ་བརྗོད་མེད་ཀྱང་། ཤུགས་བསྟན་གྱི་སྒོ་ནས་ཁོང་གིས་ཚབས་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པར་བརྗོད་ཡོད། ད་དུང་ཁོང་གིས་ཚབས་ཆེ་བའི་ལས་འགུལ་སྤེལ་ཚེ་དེ་ནི་ཁོ་རང་ལ་ཟས་དང་གྱོན་ཆས་སོགས་མ་རག་པའི་རྐྱེན་གྱི་མིན་པར་བོད་རྒྱལ་ཁབ་ཀྱི་ཆེད་དུ་སྤེལ་ཡིན་པ་མངོན་གསལ་གསུངས་འདུག

  སྐར་མ་ ༦ ཅན་གྱི་བརྙན་པར་དེའི་ནང་། ཁོང་ལ་རང་ལུས་མེར་བསྲེགས་གཏོང་ལ་ཉེ་བའི་སེམས་འཚབ་དང་ཁོང་ཁྲོའི་རྣམ་པ་གང་ཡང་མེད་པར། ཞི་འཇམ་གྱི་སྒོ་ནས་ནང་མིའི་གཏམ་གླེང་བྱེད་པ་ལྟར་ལྷོད་ལྷོད་ངང་གླེང་མོལ་བྱས་ཡོད་པ་དེས། ཁོང་གི་བློ་རྒྱ་དང་སྙིང་སྟོབས་མཚོན་ཐུབ། ཁོང་ནི་མངོན་སུམ་གྱི་དཔའ་བོ་དམ་པ་ཞིག་རེད།

ཁོང་གིས་ཞལ་ཆེམས་ནང་བོད་ནང་གི་བོད་མི་རྣམས་ཀྱིས་ཡུན་རིང་གནང་བཞིན་པའི་བློས་གཏོང་དང་སྙིང་སྟོབས་ལྡན་པའི་འཐབ་རྩོད་ལ་དམིགས་ཏེ་བསྔགས་བརྗོད་ཆེན་པོ་བྱས་ཡོད་པ་དང་། ཁོང་གིས་ “རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་བོད་རྩ་མེད་རང་གཏོང་ཡ་ཆེད་དུ་ལས་འགུལ་སྤེལ་བཞིན་ཡོད་རེད། དེ་ཡིན་དུས་ས་ནས། ང་རང་ཚོ་བཙན་བྱོལ་ནང་བསྡད་མཁན་གྱིས་བོད་ནང་དུ་བསྡད་མཁན་བོད་པ་ལ་རྩ་བ་ཉིད་ནས་ཞུ་ཡ་མེད། དངོས་གནས་དྲང་གནས་ལྷག་བསམ་རྣམ་དག་གིས་སོ་སོའི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ། ཉམས་པ་སླར་གསོ་གནང་ཡག་ལ་དངོས་གནས་དྲང་གནས་ཧ་ལས་པ་རེད་འདུག དེ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཐུགས་རྗེ་ཆེ་ཞུ་ཡ་དང་། གཞན་བསམ་ཚུལ་གང་ཡང་ཞུ་ཡ་མེད།” གསུངས་འདུག

དེའི་རྗེས་བློ་དགའ་རང་བཙན་གྱིས་བཙན་བྱོལ་བོད་མི་རྣམས་ལ་ཞལ་ཆེམས་དོན་ཚན་བཞི་བཞག་ཡོད་པ་ནི། དོན་ཚན་དང་པོ། བཙན་བྱོལ་བོད་མི་རྣམས་ཀྱིས་རང་གི་ལས་འགན་མ་བརྗེད་པར། ད་ལྟའི་འཚོ་བ་ཙམ་ལ་བློ་ཁ་མ་ཚིམས་པར། བོད་ནང་གི་བོད་མིའི་ཆེད་དུ་མུ་མཐུད་འབད་བརྩོན་བྱེད་དགོས་པའི་སྐུལ་མ་བྱས། དོན་ཚན་གཉིས་པ། བཙན་བྱོལ་བོད་མི་རྣམས་ཀྱིས་ང་ཚོའི་སྡུག་བསྔལ་ནི་རང་གི་རྒྱལ་ཁབ་ཤོར་བ་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་དངོས་ཡོད་གནས་ཚུལ་ལས་བྱུང་བ་མ་བརྗེད་པ་བྱེད་དགོས། དོན་ཚན་གསུམ་པ། བཙན་བྱོལ་བོད་མིའི་ནང་ཁུལ་མཐུན་སྒྲིལ་དགོས་ཤིང་། ལུང་ཚན་དང་ཆོས་ལུགས་སོགས་ཀྱི་དབྱེ་བ་མ་ཕྱེ་བར། དངོས་གནས་དཔུང་པ་མཉམ་གཤིབ་ཀྱིས་མཐུན་སྒྲིལ་བྱེད་དགོས། དོན་ཚན་བཞི་པ། བཙན་བྱོལ་བོད་མི་རྣམས་ཀྱིས་ཁོང་གི་རང་ལུས་མེར་བསྲེགས་ཀྱི་རྐྱེན་གྱིས་བྱེད་དགོས་པའི་ལས་ཀ་རྣམས་མཚམས་མི་འཇོག་པར། དངོས་གནས་ཀྱི་མྱ་ངན་ནི་མུ་མཐུད་བོད་ཀྱི་ཆེད་དུ་འཐབ་རྩོད་བྱེད་དགོས་པའི་སྐུལ་མ་གནང་ཡོད།

བློ་དགའ་རང་བཙན་ལགས་ཀྱིས་ཞལ་ཆེམས་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐེངས་མང་འདོན་བཞིན། ༸གོང་ས་མཆོག་གིས་བོད་མི་རྣམས་རང་དབང་མང་གཙོའི་ལམ་བུར་འཁྲིད་པར་བཀའ་དྲིན་རྗེས་དྲན་བྱས་པ་དང་། བོད་མི་རྣམས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ལ་ཉན་པ་དང་ལག་ལེན་བསྟར་དགོས་པའི་སྐུལ་མ་གནང་འདུག

བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་མ་གནང་སྔོན་གྱི་ཆུ་ཚོད་གཅིག་ཙམ་ནང་ཁོང་རང་གི་འཐབ་གྲོགས་བློས་ཐུབ་ཁ་ཤས་ལ་མཐའ་མའི་ཞལ་པར་ཐོག་ཞལ་གྱེས་ཞུས་གནང་འདུག འོན་ཀྱང་མེར་བསྲེགས་གནང་གི་ཡོད་པའི་སྐོར་གང་ཡང་གསུངས་མིན་འདུག

པར་རིས་ཡོང་ཁུངས། ངོ་དེབ་ཁ་བྱང་ Lobga Rangzan། བློ་དགའ་རང་བཙན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཏགས་པའི་རྣམ་པ།

བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གཏང་བའི་དུས་ཚོད་ནི། རྒྱ་ནག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་》ཟེར་བའི་ཁྲིམས་དེ་དངོས་སུ་ལག་བསྟར་བྱས་པའི་ཉིན་གཉིས་པ་དེ་ཡིན་ཞིང་། རྒྱ་ནག་གི་ཁྲིམས་སྲོལ་དེ་ནི་ “མི་རིགས་མཐུན་སྒྲིལ་” ཞེས་པའི་མིང་ཐོག་ནས། དོན་དངོས་སུ་ “གྲངས་ཉུང་མི་རིགས་” སུ་འབོད་པའི་བོད་པ་གཙོས་པའི་མི་རིགས་གཞན་རྣམས་བཙན་ཤེད་ཀྱིས་རྒྱ་ནག་ཅན་དུ་སྒྱུར་བའི་ལས་གཞི་ཞིག་ཡིན།

རྒྱ་ནག་གིས་ “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཟོ་རྒྱུ་” ཟེར་བ་དེས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་རྣམས་ཉེན་ཁ་ཞིག་ཏུ་བརྩི་བཞིན་ཡོད། རྒྱ་ནག་གི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་》ཀྱི་སྙིང་པོ་ནི། “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཟོ་རྒྱུ་” ཞེས་པའི་མིང་ཐོག་ནས། བོད་མི་རིགས་ཀྱི་ངོ་བོ་མེད་པར་བཟོ་རྒྱུ་དང་། “ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུ་” ཞེས་པའི་མིང་ཐོག་ནས་ བོད་ཀྱི་དད་མོས་རང་དབང་ལ་དྲག་གནོན་བྱེད་རྒྱུ། “རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་རྒྱུ་” ཞེས་པའི་མིང་ཐོག་ནས་བོད་ཀྱི་སྐད་ཡིག་མེད་པར་བཟོ་རྒྱུ་བཅས་ཡིན།

རྒྱ་ནག་གི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་》གཏན་འབེབས་བྱས་པ་ནས་ཟླ་ ༧ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱས་བར་བཙན་བྱོལ་བོད་མི་རྣམས་ཀྱིས་ད་བར་ལས་འགུལ་སྣ་ཚོགས་སྤེལ་ཏེ། རྒྱ་ནག་གི་བྱ་ངན་དེ་ལ་ངོ་རྒོལ་བྱེད་བཞིན་ཡོད།

ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་གྲངས་ ༡༦༠ ཉེ་བས་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་དང་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ། རང་ལུས་མེར་བསྲེགས་བཏང་བ་དངོས་སུ་ར་འཕྲོད་ཡོད།

 གཞན་ཡང་། བཙན་བྱོལ་སྤྱི་ཚོགས་ནང་དུ་ཡང་སྐུ་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འགའ་ཤས་བྱུང་ཡོད་ཅིང་། དེའི་ནང་ནས་མིང་གྲགས་ཆེ་ཤོས་ནི། ཕྱི་ལོ་ ༡༩༩༨ ལོར་བོད་མི་ཐུབ་བསྟན་དངོས་གྲུབ་ (Thupten Ngodup) ལགས་ཀྱིས་རྒྱ་གར་ལྡི་ལི་གསར་པར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྐབས་སྐུ་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པ་དེ་ཡིན། འདི་ནི་བོད་ཕྱི་ནང་གཉིས་ཀྱི་སྐུ་ལུས་མེར་བསྲེགས་ཀྱི་དཔེ་མཚོན་ཐོག་མ་དེ་ཡིན། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་རྒྱ་གར་དུ་སྐོར་སྐྱོད་ལ་ཡོང་སྐབས། བོད་མི་འཇམ་དཔལ་ཡེ་ཤེས་ (Jamphel Yeshi) ཀྱིས་ཀྱང་ལྡི་ལི་གསར་པར་སྐུ་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་ཕྱིན་ཡོད།

 ཐེངས་འདིར་བློ་དགའ་རང་བཙན་ལགས་ཀྱིས་རྒྱ་ནག་གི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་》ལག་བསྟར་བྱེད་པའི་དུས་ཚོད་འདིར། སྐུ་ལུས་མེར་བསྲེགས་བཏང་སྟེ་རང་གི་ལངས་ཕྱོགས་གསལ་སྟོན་གྱིས། རྒྱ་ནག་གིས་བོད་ནང་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད། བློ་དགའ་རང་བཙན་ལགས་བོད་ཁམསཏྲེ་ཧོར་ལྕོག་རི་ཡུལ་དུ་འཁྲུངས་ཤིང་། ཆུང་དུས་ནས་ས་གནས་ཀྱི་དགོན་པར་རབ་ཏུ་བྱུང་། ༡༩༩༠ གོ་གྲངས་ནང་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས། མུ་མཐུད་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ཁོངས་ཀྱི་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ནང་དོན་རིག་པར་སློབ་གཉེར་བྱས། ཕྱི་ལོ་ ༢༠༠༦ ལོ་ཡས་མས་ཙམ་ལ་ཨ་རིར་གནས་སྤོས་བྱས། ཁོང་ནི་བོད་ཀྱི་འཐབ་རྩོད་ལས་འགུལ་ལ་སེམས་ཁུར་ཆེ་བ་ཞིག་ཡིན་ལ། ནེའུ་ཡོག་ས་གནས་ཀྱི་བོད་མིའི་ ལྷག་དཀར་ལས་འགུལ་གསར་གཏོད་གནང་མཁན་གཅིག་ཀྱང་ཡིན།

བློ་དགའ་རང་བཙན་ལགས་ཀྱི་མིང་དངོས་ལ་བློ་བཟང་དཔལ་ལྡན་ཟེར་ཞིང་། “བློ་དགའ་རང་བཙན་” ཞེས་པའི་ “རང་བཙན་”གྱི་ཚིག་འདི་ནི་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་འདུན་མཚོན་ཆེད་དུ་རང་གིས་བཏགས་པའི་མིང་ཞིག་ཡིན།

 བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ནི་ “དབུ་མའི་ལམ་” ཡིན་ནའང་། བཙན་བྱོལ་སྤྱི་ཚོགས་ནང་དུ་ “བོད་རང་བཙན་” གྱི་ལངས་ཕྱོགས་འཛིན་མཁན་མང་པོ་ཡོད་ཅིང་། ཁོང་ཚོས་ལོ་གཉིས་གསུམ་རེའི་མཚམས་སུ་ “རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་” འཚོག་བཞིན་ཡོད། བློ་དགའ་རང་བཙན་ལགས་ནི་བོད་རང་བཙན་ལས་འགུལ་བ་བརྟན་པོ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༤ ལོར་ཁོང་ “རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་” ལ་མཉམ་ཞུགས་བྱས་ཏེ། རང་གི་ཆབ་སྲིད་ལངས་ཕྱོགས་གསལ་སྟོན་གནང་འདུག

པར་རིས་ཡོང་ཁུངས། དྲ་རྒྱ། བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གཏོང་སྐབས་ཀྱི་རྣམ་པ།

ཐེངས་འདིར་བློ་དགའ་རང་བཙན་ལགས་ཀྱིས་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེས། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད། ཁོང་གིས་སྐུ་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཐོས་རྗེས། འཛམ་གླིང་གང་སར་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་བཟོད་པར་དཀའ་བའི་མྱ་ངན་བྱས་ཤིང་། རང་ཉིད་གནས་སྡོད་བྱེད་སའི་རྒྱལ་ཁབ་ཁག་ཏུ་ལས་འགུལ་སྤེལ་ཏེ། ཁོང་གི་སྐུ་ལུས་མེར་བསྲེགས་ཀྱི་བློས་གཏོང་ལ་རྗེས་དྲན་བྱས། དུས་མཚུངས་སུ་ལས་འགུལ་ནང་བློ་དགའ་རང་བཙན་ལགས་ཀྱིས་བཞག་པའི་མངོན་འདོད་ “FREE TIBET” དང་ “CHINA OUT OF TIBET” ཞེས་སྐད་འབོད་བྱས་ཏེ། རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་དང་། རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་པའི་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལ་ངོ་རྒོལ་བྱས།

བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་ཆེད་དུ་གནང་པའི་གྲ་སྒྲིག་དང་མེར་བསྲེགས་ཀྱི་བརྒྱུད་རིམ། ས་ཚིགས། ཞལ་ཆེམས་ཀྱི་ནང་དོན་བཅས་ཕྱོགས་གང་ས་ནས་བལྟས་ན། ང་ཚོས་མཐོང་ཐུབ་པ་ནི། ཁོང་གི་སྐུ་ལུས་མེར་བསྲེགས་འདི་ནི་གྲ་སྒྲིག་ཡག་པོ་ཡོད་པ་དང་། དགོས་འདུན་དང་ཞལ་ཆེམས་ཀྱི་ནང་དོན་གསལ་པོ་ཡོད་པས། ཁོང་ནི་བོད་ཀྱི་ལས་འགུལ་བ་བྱང་ཆུབ་པ་ཞིག་ཡིན་པ་ཧ་ཅང་མངོན་གསལ་རེད།

པར་རིས་ཡོང་ཁུངས། དྲ་རྒྱ། བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་རྗེས་ཀྱི་ཤུལ་བཞག་གོས་ཧྲལ

དེ་ནི་ཁོང་གིས་ལོ་མང་འཐབ་བརྩོད་གནང་བའི་ཁྲོད་སྦྱོང་དར་གནང་བའི་འབྲས་བུ་ཞིག་རེད་ལ་ཁོང་གི་ལོ་མང་རིང་བོད་ཀྱི་རྩ་དོན་ཆེད་བློས་གཏོང་དང་འབད་བརྩོན་མང་དག་ཞིག་གནང་ཡོད་པ་སྨོས་མི་དགོས། ཁོང་ལ་བློ་རྩ་བརྟན་པོའི་ལངས་ཕྱོགས་ཡོད་ཅིང་། དེའི་ཆེད་དུ་རང་གི་སྲོག་ཀྱང་བློས་བཏང་ཡོད། བློ་དགའ་རང་བཙན་ལགས་ནི་བློ་རྒྱ་དང་སྙིང་སྟོབས་ལྡན་པའི་དོམ་དམ་པའི་བོད་ཀྱི་དཔའ་བོ་ངོ་མ་ཞིག་རེད།

ང་ཚོས་དུས་རྟག་ཏུ་བློ་དགའ་རང་བཙན་ལགས་གཙོས་པའི་བོད་ཀྱི་འཐབ་རྩོད་ཆེད་དུ་རང་གི་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ཁོང་རྣམ་པའི་ཞལ་ཆེམས་རྒྱུན་འཛིན་གྱིས་མུ་མཐུད་མདུན་སྐྱོད་བྱེད་དགོས།།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

༢༠༢༦/༠༧/༢༤
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

༢༠༢༦/༠༧/༢༤
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༦/༠༧/༢༤
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 1

  1. བརྩོན་རྒྱམ says:
    3 weeks སྔོན།

    དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུ། ཁོང་རེ་བ་སྟོང་ཟད་མི་འགྲོ་བར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་འགན་ཡོད་པ་ཞིག་རེད་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese