མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༦/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༩༡ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་འཚོགས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༩༡ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན་མོ་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༧།༦ བོད་ཀྱི་དུས་བབ་གསར་ཁང་གི་པར།

ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུ་ཡི་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༡ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན་མོ་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས་སོང་། འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཀང་ར་རྫོང་དཔོན་སྐུ་ཞབས་ཧེམ་ར་ཇི་ (Dr. Hemraj Bairwa) མཆོག་དང་། སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། སློབ་གྲྭ་ཁག་གི་སློབ་མ་དང་མི་མང་སོགས་ཚང་འཛོམས་གནང་འདུག ཐེངས་འདིའི་མཛད་སྒོའི་ཐོག་ཀང་ར་རྫོང་དཔོན་སྐུ་ཞབས་ཧེམ་ར་ཇི་མཆོག་གིས་ཞབས་ལོ་ ༢༥ འཁོར་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ ༥ ལ་ལེགས་སྐྱེས་ཕུལ་བ་དང་། སྲིད་ཚབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་གཉིས་ལ་གཟེངས་རྟགས་དང་ཕྱག་འཁྱེར་གནང་སོང་།

ཐོག་མར་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱངས་གནང་བའི་ནང་། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་མགོན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག མཐའ་ཡས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་བོད་ཤིང་ཕག་ཟླ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་མདོ་སྨད་ས་ཡིས་ཐིག་ལེར་ཁྱིམ་གཞིས་སུ་ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་བསམ་བཞིན་དུ་སྲིད་པ་བཟུང་སྟེ་འདི་ལོར་དགུང་གྲངས་ ༩༡ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར། འཛམ་གླིང་ཁྱོན་ཡོངས་སུ་སྤྲོ་སེམས་འཁོལ་བའི་ངང་རྣམ་དཀར་དགེ་བའི་ལས་ལ་འབུངས་ཤིང་བསོད་ནམས་གསོག་སྒྲུབ་ལ་བྲེལ་བའི་སྐབས་འདིར། སོར་བཅུའི་འདབ་མ་སྙིང་ཁར་བཟུང་སྟེ་༸རྒྱལ་དབང་མཆོག་ལ་གུས་ཕྱག་གྲངས་མེད་སྔོན་དུ་ཕུལ་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགའ་དད་སྤྲོ་གསུམ་གྱི་ངང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མུ་མཐའ་མེད་པའི་སྐྱེ་འགྲོ་སྤྱི་དང་སྒོས་སུ་བདག་ཅག་ཉམ་ཐག་བོད་འབངས་རྣམས་ལ་མགོན་སྐྱབས་དཔུང་གཉེན། སྐྱབས་དང་རེ་ས་འཆའ་ཡུལ་༸སྐྱབས་མགོན་དོན་གྱི་བདག་པོ་ཁྱེད་ཉིད་གཅིག་པུར་ངེས་པ་ལགས་ན་མགོན་པོ་མཆོག་༸ཞབས་པད་མི་འགྱུར་ཆོས་དབྱིངས་ཀུན་ཏུ་བཟང་པོའི་ངོ་བོར་རྟག་ཏུ་བརྟན་ཅིང་། མཛད་འཕྲིན་འཇིག་རྟེན་ཀུན་ལ་དར་ཁྱབ་ཡོང་བའི་གསོལ་འདེབས་དང་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།

༸གོང་ས་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸རྒྱལ་བའི་གོ་སྟོན་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནས་ ༢༠༢༦ ཟླ་ ༧ ཚེས་ ༥ བར་ལོ་འཁོར་མོར་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུའི་ཆ་ཤས་སུ། འཛམ་གླིང་ས་ཕྱོགས་གང་སར་བོད་མི་གནས་སྡོད་ལྟ་ཅི། ཧི་མ་ལ་ཡའི་རི་རྒྱུད་སྤུན་ཟླ་རྣམས་ཀྱིས་གཙོས། ༸གོང་ས་མཆོག་ལ་དད་གུས་རྩེ་གཅིག་ཞུ་མཁན་ཕྱི་རྒྱལ་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་རྣམས་ནས་༸རྒྱལ་བའི་དགོངས་གཞི་དང་མཛད་པ་འཕྲིན་ལས་དང་འབྲེལ་བའི་ལས་རིམ་སྣ་མང་བསྒྲིགས་ཏེ་༸རྒྱལ་བའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཟབ་རྒྱས་ཞུས་ཐུབ་པ་བྱུང་ཡོད་པ་མ་ཟད། ༸གོང་ས་མཆོག་གི་ཐུགས་དགོངས་ནི་གཞི་རྒྱ་ཆེ་ལ་གཏིང་ཟབ་ཅིང་། འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་དང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་པ་ཇི་ཙམ་བྱས་པ་དེ་ཚོད་ཀྱིས་སེམས་ཅན་ཀུན་ལ་བདེ་སྐྱིད་སྦྱིན་པ་དང་འཛམ་གླིང་ཞི་བདེར་བཀོད་པའི་ནུས་པ་ཡོད་པར་སོང་། རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས། ཆོས་ལུགས་ཕན་ཚུན་མཐུན་འབྲེལ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་བསྐྱར་གསོ་གནང་རྒྱུ་བཅས་ཀྱི་ཐོག་ལ་ཚང་མས་དུས་རྟག་ཏུ་སློབ་སྦྱོང་བྱས་ཏེ། དེ་དག་ལག་ལེན་དུ་བསྟར་ཐུབ་པ་བྱ་རྒྱུ་དང་། རྒྱུན་དུ་བྱམས་བརྩེས་ཀུན་ལ་ཕན་པ་བསྒྲུབ་རྒྱུ་ནི་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས་ལ་སོང་དེ་དོན་ཚང་མས་མཛད་ཕྱོགས་ཡོང་བའི་སྐུལ་མ་ཞུ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱངས་གནང་བཞིན་པ། ༢༠༢༦།༧།༦ བོད་ཀྱི་དུས་བབ་གསར་ཁང་གི་པར།

ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་པ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པར། བོད་ནང་བོད་ཕྲུག་ལོ་ན་མ་སོན་པ་རྣམས་བཅའ་སྡོད་སློབ་གྲྭར་བཙན་འཁྲིད་ཀྱིས་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་གི་སྲོག་རྩ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་བྲལ་བ་ཙམ་དུ་མ་ཟད། ཕ་མའི་བྱམས་བརྩེས་ཕོངས་པའི་གནས་སུ་གྱར་ཡོད་ན། འདི་ལོའི་འགོ་སྟོད་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་སྐད་ཡིག་ནི་རིག་གཞུང་གི་གནད་འགག་ཡིན་པ་ཤེས་པ་བྱས་ཏེ་བོད་ཀྱི་སྐད་ཡིག་ཐོག་དམིགས་བསལ་དོ་སྣང་དགོས་པའི་བཀའ་སློབ་ཟབ་མོ་ཕེབས་པ་བཞིན། རང་དབང་ལུང་པར་གནས་པའི་བོད་མི་ཡིན་ནོ་ཅོག་གིས་བོད་ཕྲུག་ན་གཞོན་རྣམས་ལ་སོ་སོའི་སྐད་ཡིག་གང་ཐུབ་ཅི་ཐུབ་ཀྱིས་བེད་སྤྱད་དེ་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ལས་འགན་ངོ་འཕྲོད་ཐུབ་པ་ཙམ་དུ་མ་ཟད། ན་གཞོན་རྣམས་རྒྱན་རྩེད་རིགས་དང་བག་མེད་ལོངས་སྤྱོད་ཀྱིས་རང་ཉིད་དང་ཁྱིམ་ཚང་། བོད་མི་རིགས་ཕུང་གཞིའི་ལས་ལ་མིི་འཇུག་པར་ཡ་རབས་བཟང་པོའི་སྤྱོད་པར་འབད་འབུངས་ལྷོད་མེད་གནང་གལ་གྱི་དྲན་སྐུལ་ཡང་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དངོས་སུ་ལག་བསྟར་བྱས་པའི་ཉིན་གཉིས་པར། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་གནས་སྡོད་རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་ནས་བོད་ཀྱི་རྒྱལ་དར་འཁྱེར་ནས་ལམ་མདོར་རྒྱལ་དར་སྒྲེང་འཛུགས་གནང་བ་དང་། ཨིན་ཡིག་ནང་རྒྱ་ནག་བོད་ནས་ཕྱིར་ཐོན་དགོས་ (China Out Of Tibet) ཞེས་པ་སོགས་བསྣམས་ཤིང་བཀྲམ་ནས། རྒྱ་གཞུང་གིས་བོད་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྣ་ཚོགས་སྤེལ་བཞིན་ཡོད་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་མཐར་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་ཡོད།

རང་ལུས་མེར་བསྲེགས་མ་གནང་བའི་སྔོན་ལ་མཐའ་མའི་ཞལ་ཆེམས་ཀྱི་བརྙན་ཐུང་ནང་། “རྒྱ་ནག་གུང་ཁྲན་གྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་། བོད་མི་རིགས་རྩ་མེད་རང་གཏོང་རྒྱུའི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་ཅེས་དང་། ང་རང་ཚོ་དངོས་གནས་དྲང་གནས་ཟེར་རྒྱུ་དེ། མི་རིགས་གཅིག་གི་འཐབ་རྩོད་ཀྱི་ཆེད་དུ་གཞི་རྩའི་གང་ཡང་བྱེད་མི་དགོས་པའི་ཐོག་ནས་རྩ་བ་ནས་རག་གི་མ་རེད། དེ་ཡིན་པར་སོང་ང་ཚོ་བཙན་བྱོལ་གྱི་ནང་ལ་སྡོད་མཁན་དེ་ཚོས་ཤུགས་མང་ཙམ་ཞིག་རྒྱག་དགོས་འདུག་ཅེས་དང་། བོད་རྒྱལ་ཁབ་ཀྱི་ཆེད་དུ་ལས་ཀ་ལས་དགོས་ཀྱི་རེད། བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ལས་དགོས་རེད། ད་ལྟ་ང་ཚོ་གང་གར་འགྲོ་བ་མིའི་ཐོབ་ཐང་མི་འདུག སྨྲ་བརྗོད་རང་དབང་མི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཞག་རྒྱུའི་རང་དབང་མི་འདུག་ཟེར་དུས། རང་དབང་ཡོངས་སུ་རྫོགས་པ་དེ་ག་རེ་བྱས་ནས་མེད་པ་རེད། བོད་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་མེད་པར་ཆགས་པ་རེད། རྒྱུ་མཚན་དེ་ཡིན་དུས་ང་ཚོ་གང་གས་ཉིན་མོ་དེ་རིང་ནས་བཟུང་སྟེ། བོད་གཞུང་ཡིན་ནའང་རེད། སྤྱི་འཐུས་གྲོས་ཚོགས་ཡིན་ནའང་རེད། བོད་མི་མང་ཡིན་ནའང་རེད། གང་ག་རྡོག་རྩ་གཅིག་ཏུ་སྒྲིལ་ནས་དེ་རིང་ནས་བཟུང་སྟེ་ང་ཚོ་བོད་རྒྱལ་ཁབ་དང་མི་རིགས་འདིའི་ཆེད་དུ་ང་ཚོ་གང་གས་ཕྱག་ལས་གནང་རྒྱུ་དང་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག་ཅེས་དང་། ང་ཚོ་རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་རེད་དཱ། རང་བཙན་རག་པ་ཡིན་ན་ང་ཚོར་གང་ག་ཡོད་པ་རེད། དེ་ཡིན་དུས་ང་ཚོར་ག་རེ་དགོས་ཀྱི་རེད། རང་བཙན་དགོས་ཀྱི་ཡོད་པ་རེད། རང་བཙན་ཆེད་དུ་ག་རེ་བྱེད་དགོས་ཀྱི་རེད། གང་གས་དཀའ་ལས་རྒྱག་དགོས་ཀྱི་རེད། དེ་མི་གང་གས་མུ་མཐུད་ནས་དཀའ་ལས་རྒྱག་རོགས་གནང་ཞེས་ཞུ་རྒྱུ་ཡིན། བོད་རང་བཙན་རྒྱལ་ལོ། བོད་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ།” ཞེས་གསུངས་པ་བཞིན་བོད་དང་བོད་དོན་ཆེད་དུ་དམ་པ་ཁོང་ནས་རང་གི་རྩ་ཆེའི་ལུས་སྲོག་བློས་གཏོང་གནང་བ་ནི་བོད་ཀྱི་ལོ་རྒྱུས་ནང་ནམ་ཡང་བསུབ་ཏུ་མེད་པའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་གཞིས་བྱེས་གཉིས་སུ་རྒྱུན་མ་ཆད་པར་རང་ལུས་མེར་བསྲེགས་གཏོང་གནང་མཁན་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་བྱུང་བ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ནང་རང་ལུས་མེར་བསྲེགས་བཏང་སྟེ་ཞི་རྒོལ་གྱི་ལས་འགུལ་ཡུན་རིང་ཤོས་དང་། གྲངས་ཚད་མང་ཤོས་ཤིག་ཆགས་ཡོད་པས་རྒྱལ་སྤྱིའི་ནང་གཞུང་ཁག་དང་། གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེར་ཛ་དྲག་ངང་ཁྲིམས་དོན་བསྐྱར་ཞིབ་གནང་སྟེ། མི་རིགས་རྩ་གཏོར་གྱི་ནག་ཉེས་འགོག་སྡོམ་གྱི་ཐབས་ཚུལ་གང་ཡོད་བསྟེན་ཏེ་འགོག་ཐབས་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང་། ལྷག་པར་དུ་རྒྱ་ནག་དབུས་སའི་གཞུང་གི་དཔོན་རིགས་ཁག་ནས་དཔྱད་ཞིབ་མཐིལ་ཕྱིན་བྱས་ཏེ་བོད་ཐོག་མཁྲེགས་འཛིན་གྱིས་དྲག་གནོན་དང་། སྡུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་གིས་དོན་ཕན་ལྡན་པའི་བོད་རྒྱ་གཉིས་དབར་དཀའ་རྙོག་སེལ་ཐབས་དགོས་པའི་གྲོས་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པ་ནན་སྐུལ་བྱ་རྒྱུ་ཡིན།

ང་ཚོ་མི་ཡུལ་ས་མཐར་བཙན་བྱོལ་དུ་གྱར་ནས་མི་ལོ་དྲུག་ཅུ་ལྷག་བརྒལ་བའི་རིང་བོད་ཀྱི་རྩ་དོན་དང་། རིག་གཞུང་སྐད་ཡིག་སོགས་ཀྱི་ཐོག་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་གཙོ་ཆེ་རྒྱ་གར་གཞུང་མང་གཉིས་དང་། ཨ་རི་དང་ཡུ་རོབ་གཉིས་ཀྱིས་གཙོས་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་བོད་དོན་བདེན་མཐའ་མ་གསལ་བར་མུ་མཐུད་རོགས་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསལ་འདུག

སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱངས་གནང་བའི་ནང་། དེ་རིང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུ་གོ་གཅིག་ལ་ཕེབས་པའི་༸འཁྲུངས་ལྷ་དབྱར་གསོལ་གྱི་དུས་བཟང་འདིར། བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ། དུས་སྟོན་མཛད་སྒོར་ཆེད་ཕེབས་གནང་མཁན་སྐུ་མགྲོན་རྣམ་པ་དང། སེར་སྐྱ་མང་ཚོགས། དེ་བཞིན་འཛམ་གླིང་ཁྱོན་དུ་དུས་སྟོན་ལ་མཉམ་རོལ་བྱེད་མཁན་ཚང་མར་སྤྲོ་སེམས་འཁོལ་བའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན།

བཀའ་ཤག་གིས་སྔ་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་གྱི་དུས་ཚིགས་ཁྱད་པར་ཅན་དང་བསྟུན། ༸མགོན་པོ་མཆོག་གི་བཀའ་དྲིན་དྲན་ཤེས་དང་། མཛད་ཁུར་རྣམ་བཞིའི་དགོངས་བཞེད་ཁྱབ་སྤེལ་ལ་དམིགས་ཏེ། འཛམ་གླིང་ཁྱོན་དུ་བྱམས་བརྩེའི་ལོ་འཁོར་སྲུང་བརྩི་ཞུ་རྒྱུའི་ལས་རིམ་གསལ་བསྒྲགས་ཞུས་པ་བཞིན། བོད་རིགས་དང་བོད་ཀྱི་གྲོགས་པོ་ཚོས་རྣམ་དཔྱོད་ལྡན་པའི་ལས་འགུལ་སྣེ་མང་ཞིག་སྤེལ་འདུག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱིད་འབྱུང་བའི་གཞི་རྩར་འགྲོ་བ་མིའི་རྒྱུད་ཀྱི་ཡ་རབས་བཟང་སྤྱོད་གོང་མཐོར་སྤེལ་ཐབས་དང་། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་གཅིག་མཚུངས་སུ་ཉམས་ལེན་བྱེད་པའི་ཆ་ནས་ཕན་ཚུན་གུས་བརྩིའི་ཐོག་ཆོས་ལུགས་མཐུན་སྒྲིལ་སྐུལ་སྤེལ། བྱམས་བརྩེའི་གདམ་ངག་གིས་ཕྱུག་པའི་བོད་ཀྱི་ཆོས་དང་རིག་གཞུང་ཉམས་དམས་དང་། འཛམ་གླིང་སྣེ་གསུམ་པའི་ཁོར་ཡུག་ཉམས་རྒུད་ཀྱི་གྱོང་གུད་ནི་འགྲོ་བ་མི་ཐུན་མོང་ལ་ཕོག་ངེས་པའི་ཆ་ནས་བོད་ཀྱི་རྩ་དོན་ལ་ཐུགས་ཁུར། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་བཅས་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་བསྐྱར་གསོ་བྱུང་ན། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་ཕན་ཐོགས་ཐུབ་པར་ངོས་འཛིན་གྱིས་མངོན་འགྱུར་ཡོང་ཐབས་སུ་སྐུལ་སློང་གནང་གི་ཡོད་པ་བཅས་རླབས་ཆེན་གྱི་མཛད་ཁུར་བཞི་བདག་གིར་བཞེས་པ་ནི། མི་རིགས་དང་། ཡུལ་ལུང་དབྱེ་བགོས་བྱས་པའི་སྒོས་ཚན་བྱེ་བྲག་པའི་ཁེ་གྱོང་ལ་དམིགས་པ་ཞིག་མ་ཡིན་པར། གོ་ལ་འདིའི་སྣོད་བཅུད་གཉིས་ཞི་བདེ་བག་ཕེབས་ཡོང་བའི་ཐབས་ཚུལ་རྨད་དུ་བྱུང་བ་ཞིག་ཡིན་པས། ༸མགོན་པོ་མཆོག་གི་རླབས་ཆེན་དགོངས་བཞེད་འདི་དག་ཁྱབ་སྤེལ་ཞུ་རྒྱུ་ནི་ང་ཚོ་འགྲོ་བ་མི་ཐུན་མོང་གི་འགན་ཁུར་ཆགས་ཡོད།

བོད་མིའི་སྒྲིག་འཛུགས་ནས་བྱམས་བརྩེའི་ལོ་འཁོར་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཁུར་རྣམ་བཞིའི་དགོངས་བཞེད་ཁྱབ་སྤེལ་གྱི་ལས་རིམ་འཆར་སྒྲིག་བཞིན། དབུས་ལས་ཁུངས་ཁག་ནས་འགན་ཁུར་བླངས་ཏེ། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་ས་གནས་ཁག་ཏུ་༸གོང་ས་མཆོག་གི་མཛད་རྣམ་དང་མཛད་ཁུར་རྣམ་བཞིའི་སྐོར་གྱི་པར་རིས་འགྲེམས་སྟོན་དང་། རྣམ་པ་ཅི་རིགས་ཀྱི་ཚོགས་འདུ། མཁས་པའི་བགྲོ་གླེང་། གོ་རྟོགས་ལས་འགུལ་གོ་སྒྲིག ༸གོང་ས་མཆོག་ནས་ལྗགས་རྩོམ་མཛད་པའི་”བོད་དང་བོད་མིའི་མགྲིན་ཚབ་”སོགས་དཔེ་དེབ་འགྲེམས་སྤྲོད་དང་། ཡུལ་ལུང་ཁག་ཅིག་གི་སྐད་ཡིག་ཏུ་རྩོམ་སྒྱུར་པར་སྐྲུན། ཞི་བདེའི་སྐྱེས་བུ་དང་བདེ་སྐྱིད་ཀྱི་ཤེས་རབ་སོགས་དངོས་བྱུང་གློག་བརྙན་དང་། ༸རྒྱལ་བའི་མཛད་འཕྲིན་སྐོར་གྱི་གློག་བརྙན་གཟིགས་འབུལ། ༸རྒྱལ་བའི་བཀའ་སློབ་དུམ་བུ་ཟུར་འདོན་གྱིས་སྐད་ཡིག་སྣ་མང་ཐོག་སྤྱི་ཚོགས་དྲ་ལམ་དུ་འགྲེམས་སྤེལ།་དུས་སྟོན་དང་འབྲེལ་བའི་རྗེས་དྲན་དངོས་པོ་བགོ་འགྲེམས། ༸སྐུའི་གོ་སྟོན་ལོ་ཐོ་འགྲེམས་སྤྲོད། རྒྱལ་སྤྱིའི་གྲོང་ཁྱེར་ཆེ་ཁག་གི་གཞུང་ལམ་དང་འབབ་ཚུགས་སུ་༸རྒྱལ་བའི་སྐུ་པར་དང་བཀའ་སློབ་ཅན་གྱི་འཕྲེད་དར་དང་སྦྱར་ཡིག་བཟོ་འགྲེམས། རྩོམ་རིག་དང་རྩེད་རིགས་འགྲན་བསྡུར། རྒྱལ་སྤྱིའི་སྒྱུ་རྩལ་དུས་སྟོན་ནང་མཉམ་ཞུགས་དང་། བོད་ཀྱི་རིག་གཞུང་དུས་སྟོན་གོ་སྒྲིག །རིག་གཞུང་འཁྲབ་སྟོན་སྐོར་བསྐྱོད་སོགས་ཀྱི་ལས་རིམ་རྣམས་ལེགས་གྲུབ་བྱུང་ཡོད།

དེང་སང་མིས་བཟོས་པའི་དམག་འཁྲུག་དང་འབྱུང་བའི་གོད་ཆག་མང་དག་ཅིག་གཅིག་རྗེས་གཉིས་མཐུད་དུ་ཡོང་བཞིན་པའི་སྐབས་འདིར། དེའི་གཉེན་པོ་ནུས་པ་ལྡན་ཤོས་ནི་མིའི་སེམས་རྒྱུད་ལ་བྱམས་བརྩེའི་ས་བོན་བཏབ་སྟེ། ཡ་རབས་བཟང་སྤྱོད་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པས། བྱམས་བརྩེའི་ལོ་འཁོར་འདི་ལོ་ཡུན་གཅིག་ནང་རྫོགས་འགྲོ་བ་ཞིག་ལ་ངོས་འཛིན་མི་བྱེད་པར། སོ་སོའི་ཁྱིམ་ཚང་ནས་འགོ་བཙུགས་ཏེ། མི་རེ་ངོ་རེས་ཉིན་ཟླ་ལོ་བརྩེགས་ཀྱིས་མི་ཚེ་ཧྲིལ་པོར་ཉམས་ལེན་ལ་འབད་འབུངས་ཡོང་བའི་རེ་སྐུལ་ཞུ་གི་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཁུར་རྣམ་བཞི་ནི་འཛམ་གླིང་ཞི་བདེ་དང་། མི་ཚེ་བདེ་སྐྱིད་སྒྲུབ་པའི་ཐབས་ཚུལ་རྨད་དུ་བྱུང་བ་ཞིག་ཡིན་པས། འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་བཟུང་སྟེ་བཟང་སྤྱོད་གོང་སྤེལ་དང། སློབ་གསོ་ལམ་ལུགས་ནང་དུ་སྤྱི་སེམས་བཟང་གསུམ་གྱི་སློབ་གཉེར་འཛུགས་སྐྱོང་། འབྱུང་ཁམས་དོ་སྙོམས་ཡོང་བར་ཁོར་ཡུག་སྲུང་སྐྱོབ། འགལ་ཟླ་དང་རྩོད་རྙོག་སེལ་བར་འཚེ་བ་མེད་པ་དང་གྲོས་མོལ་གྱི་ཐབས་ལམ་གཞིར་འཛིན་དགོས་པའི་བཞེད་དགོངས་ལ་རྒྱལ་སྤྱིའི་ཁྱོན་དུ་རྒྱ་ཁྱབ་ངང་ངོས་ལེན་གྱིས་ལག་བསྟར་བྱེད་བཞིན་པའི་སྐོར་དང་། བོད་དོན་བདེན་པའི་འཐབ་རྩོད་ལའང་སྐྱེ་འགྲོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་སྟངས་རྣམས་བཀའ་ཤག་གི་གཏམ་བཤད་སྔ་མ་ཁག་ཏུ་རགས་རིམ་ཞིག་ངོ་སྤྲོད་ཞུས་ཡོད།

ཡིན་ནའང་། རྒྱ་ནག་ལ་མཚོན་ན། དུས་རབས་འདིའི་ནང་འཛམ་གླིང་གི་དཔལ་འབྱོར་གནས་བབས་ཨང་གཉིས་པར་སླེབས་པ་དང་བསྟུན། ཆབ་སྲིད་དང་དམག་ཤུགས་ཀྱི་གདེང་ཚོད་འཕར་མ་སླེབས་ཏེ། རྒྱལ་སྤྱིའི་ནང་རྩོད་གཞི་སློང་བའི་བྱ་སྤྱོད་རིམ་པར་ཐོན་བཞིན་པ་མ་ཟད། རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བཙན་གྱིས་བཅུག་པའི་མི་རིགས་གཞན་རྣམས་རྒྱ་རིགས་སུ་བསྒྱུར་རྒྱུའི་སྲིད་ཇུས་གདུག་རྩུབ་ཇེ་ཆེར་འགྲོ་བཞིན་པ་དང་། ལྷག་པར་འདི་ཟླའི་ཚེས་ ༡ ནས་ལག་ལེན་འགོ་འཛུགས་བྱེད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེས། མི་རིགས་རྩ་གཏོར་གྱི་བྱེད་སྒོ་རྣམས་མངོན་སུམ་གྱི་དམིགས་འབེན་དུ་བཞག་ཡོད།

སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱངས་གནང་བཞིན་པ། ༢༠༢༦།༧།༦ བོད་ཀྱི་དུས་བབ་གསར་ཁང་གི་པར།

རྒྱལ་སྤྱིའི་ཁྲིམས་ལུགས་དང་། རྒྱ་ནག་གི་རྩ་ཁྲིམས་སུ་རྒྱ་གུང་ཁྲན་གཞུང་དང་། དེའི་དབང་འཛིན་པ་ཚོར་མི་རིགས་རྩ་གཏོར་གཏོང་རྒྱུའི་འགན་དབང་སྤྲད་མེད་ལ། བོད་རིགས་ཐེ་བའི་རྒྱ་ནག་གི་མངའ་ཁོངས་སུ་བཅུག་པའི་མི་རིགས་སུ་ལའང་རང་ཉིད་ཀྱི་ངོ་བོ་ནག་གསུབ་གཏོང་དུ་འཇུག་རྒྱུའི་འདོད་པ་མེད་ངེས་ཡིན་པ་མ་ཟད། ཁྲིམས་ཡིག་དེ་ནི་རྒྱ་གུང་ཁྲན་གཞུང་ལ་ “མི་རིགས་རྩ་མེད་བཟོ་བའི་དམིགས་རྟེན་” (Intent to destroy) ཇི་ཡོད་ཀྱི་ངོ་མའི་དཔང་རྟགས་རྒྱ་གཞུང་རང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་སར་འདོན་སྤྲོད་བྱས་པ་ཞིག་དང་། དེ་ལས་ནག་ཉེས་ཀྱི་བྱ་སྤྱོད་ (Actus Reus) དང་། ནག་ཉེས་ཀྱི་ཀུན་སློང་ (Mens Rea) གཉིས་ཐད་ནས་རྒྱ་གཞུང་གི་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་དེ་དག་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་ཀྱི་ཡོད་པས། “མི་རིགས་རྩ་གཏོར་གཏོང་བའི་ཉེས་པ་བཀག་འགོག་དང་ཆད་གཅོད་བྱེད་པའི་ཆིངས་ཡིག་”དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཞིར་བཟུང་བཀག་སྡོམ་བྱེད་མ་ཐུབ་ཚེ། རྒྱ་གུང་ཁྲན་གཞུང་གིས་གོམ་པ་རྗེས་མ་གང་དུ་སྤོ་མིན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉམས་ཚོད་ཇི་ལྟར་ལེན་ཐུབ་མིན། རྒྱལ་སྤྱིའི་སྤྱི་ཚོགས་ནས་དེར་གདོང་ལེན་ཇི་ལྟར་བྱེད་མིན་གྱིས། གོ་ལ་འདི་མ་འོངས་པར་གུ་དོག་གི་ལམ་ཁ་ཞིག་ཏུ་འགྲོའམ། གུ་ཡངས་ཀྱི་ལམ་ཁ་ཞིག་ཏུ་འགྲོ་མིན་གྱི་མཚམས་ཐིག་ཀྱང་འགོ་ཚུགས་ས་ཁྲིམས་ཡིག་དེ་ལྟ་བུས་འཛིན་ཆོག

རྒྱ་གུང་ཁྲན་གཞུང་གིས་སོ་སོའི་དམར་པོའི་ལྟ་བ་ལངས་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་མཚོན་པའི་རྒྱལ་སྤྱིའི་ནང་བཙན་འགེལ་བྱས་དང་བྱེད་བཞིན་པའི་ངན་འབྲས་རྣམ་སྨིན་རྣམས་ད་ཆ་མི་མང་པོའི་མཐོང་ལམ་དུ་མངོན་པར་བརྟེན་ནས་དོགས་ཟོན་བྱེད་འགོ་ཚུགས་ཡོད་ནའང་། མི་རིགས་རྩ་གཏོར་གཏོང་བའི་ཁྲིམས་ཡིག་དེ་ལྟ་བུ་སོ་སོའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཙམ་དུ་མ་ཟད། དེའི་ཁྲིམས་ཁོངས་ཁྱབ་ཚད་རྒྱལ་མཚམས་བརྒལ་ཏེ། ཁྲིམས་ཡིག་དེ་ལག་བསྟར་ལ་གནོད་སྐྱོན་དང་། མི་རིགས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན་ལ་ཁྲིམས་ལུགས་ཀྱི་འགན་འཁྲི་བརྩད་གཅོད་བྱ་རྒྱུ་ཞེས་བསྒྲགས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གི་བྱ་སྤྱོད་མཐར་ལྷུང་དེ་རིགས་འགོག་སྡོམ་བྱེད་མ་ཐུབ་ན། རྒྱ་གཞུང་གི་མིག་ནང་དུ་མི་མཛེས་པའི་མི་སུ་ལའང་ཁྲིམས་ཆད་གཏོང་སྲིད།

ཁྲིམས་ཡིག་དེས་རྒྱ་ནག་རྒྱལ་ཁོངས་སུ་བཅུག་པའི་མི་རིགས་ཁག་དང་། རྒྱལ་ཁོངས་ཕྱི་ལོགས་སུ་མི་རིགས་དེ་དག་གི་ཆོས་ལུགས་དད་མོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་ལ་འབྲེལ་བ་ཆགས་པའི་ཚོགས་པ་དང་མི་སྒེར་གྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་དོ་ཕོག་བརྡལ་བཤིག་ཅི་ཙམ་ཐེབས་མིན་ནི་རྒྱ་གུང་ཁྲན་གཞུང་གི་འདོད་པ་ཁོ་ནར་རག་ལས་པ་ཞིག་མིན་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པ་ཁག་དང་། རྒྱལ་ཁབ་སོ་སོའི་གཞུང་ངོས་ནས་འགྲོ་བ་མིའི་རིགས་ཐུན་མོང་གི་རིན་ཐང་དང་། གོ་ལ་ཧྲིལ་པོའི་ཁེ་ཕན་གྱི་ཚད་གཞི་ཐོག་ནས་རྒྱ་ནག་གཞུང་ལ་སྐྱོན་བསྲང་གི་ཤུགས་རྐྱེན་ཇི་ལྟར་སྤྲོད་ཐུབ་མིན་ལའང་གཏུགས་ཡོད་ཅིང་། རྩ་མེད་ཀྱི་དམིགས་འབེན་དུ་བཞག་པའི་བོད་གཞིས་བྱེས་གཉིས་ནས་གདོང་ལེན་གྱི་འགན་ཁུར་ཅི་ཙམ་ལེན་ཐུབ་མིན་ཡང་གནད་འགག་གཙོ་བོ་ཆགས་ཡོད།

ཕྱི་ཟླ་ ༧ ཚེས་ ༢ ཉིན། བོད་མི་བློ་བཟང་དཔལ་ལྡན་ནམ་བློ་དགའ་རང་བཙན་ཞུ་བ་ཁོང་གིས་ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་བློས་གཏོང་གནང་ཡོད་པ་དང་། བོད་ནང་ནས་ཀྱང་ད་བར་ཤེས་རྟོགས་བྱུང་བ་བོད་མི་ ༡༥༧ ནས་སྐུ་ལུས་ཞུགས་འབུལ་གནང་སྟེ། རྒྱ་གཞུང་གིས་བོད་མི་རིགས་རྩ་གཏོར་གཏོང་བའི་སྲིད་ཇུས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་འདྲེན་ཐབས་སུ་ཞི་རྒོལ་ལས་འགུལ་སྤེལ་ཡོད།

བཀའ་ཤག་གིས་རྒྱ་གཞུང་གི་མི་རིགས་རྩ་གཏོར་གྱི་ཁྲིམས་ཡིག་དེར་དམིགས་པའི་ཐབས་ཇུས་འཆར་སྒྲིག་བྱེད་འགོ་ཚུགས་པ་བཞིན། ཞིབ་ཆའི་གདོང་ལེན་བྱེད་སྒོ་རྣམས་སྐབས་མཚམས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཁྲིམས་ཡིག་དེའི་དམིགས་འབེན་དུ་མི་སྒེར་དང་། ཁྱིམ་ཚང་ནས་འགོ་བཙུགས་ཏེ། མི་རིགས་ཀྱི་ངོ་རྟགས་རྒྱ་བསྒྱུར་དང་། ལོ་རྒྱུས་རྒྱ་བསྒྱུར། བསམ་བློ་རྒྱ་བསྒྱུར། ཆོས་ལུགས་རྒྱ་བསྒྱུར། སྐད་ཡིག་རྒྱ་བསྒྱུར། གོམས་གཤིས་རྒྱ་བསྒྱུར། མཚོན་རྟགས་རྒྱ་བསྒྱུར་སོགས་རྒྱལ་ཁབ་ཀྱི་འཕྲུལ་འཁོར་མ་ལག་དང་། འཛིན་སྐྱོང་མ་ལག །སྤྱི་ཚོགས་བཅོས་སྐྱོང་མ་ལག །དཔལ་འབྱོར་འཛུགས་སྐྲུན་མ་ལག་བརྒྱུད་ནས་བཙན་འགེལ་དང་། ཁྲིམས་ལུགས་ཀྱི་འགན་འཁྲི་བརྩད་གཅོད་བརྒྱུད་ནས་མཇུག་གནོན་བྱ་རྒྱུ་ཡིན་པ་ལྟར། གཞིས་བྱེས་བོད་མི་ཡོངས་ནས་དེར་བསྟུན་གྱི་གདོང་ལེན་བྱེད་དགོས།

རྒྱ་གུང་ཁྲན་གྱི་གཞུང་འཛིན་པ་དེ་ཚོ་ནི་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་སོང་བའི་སྙིང་རྗེའི་ཡུལ་ཡིན་ནའང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་། འགྲོ་བ་མིའི་བཟང་སྤྱོད་ལ་རྒྱབ་ཀྱིས་ཕྱོགས་པའི་མ་རུང་བའི་ཉེས་སྤྱོད་དེ་རིགས་ངན་པ་རྒྱ་ཡན་དུ་གཏོང་ཐབས་ཡེ་ནས་མེད་པས། དཔོན་རིགས་དེ་ཚོས་གདུག་རྩུབ་དང་། མཁྲེགས་འཛིན་གྱི་བསམ་སྤྱོད་དོར་ཏེ། མི་རིགས་ཕན་ཚུན་འདྲ་མཉམ་དང་མཐུན་སྒྲིལ་གྱི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་ཆེད། ཁྲིམས་ཡིག་དེ་ལམ་འཕྲལ་ཕྱིར་བསྡུ་དང་། ལག་བསྟར་མཚམས་འཇོག་དགོས་གལ། ཞེས་འཁོད་འདུག

སྐུ་མགྲོན་གཙོ་བོ་ཀང་ར་རྫོང་དཔོན་སྐུ་ཞབས་ཧེམ་ར་ཇི་ (Dr. Hemraj Bairwa) མཆོག་གིས་གསུང་བཤད་གནང་བཞིན་པ། ༢༠༢༦།༧།༦ བོད་ཀྱི་དུས་བབ་གསར་ཁང་གི་པར།

སྐུ་མགྲོན་གཙོ་བོ་ཀང་ར་རྫོང་དཔོན་སྐུ་ཞབས་ཧེམ་ར་ཇི་མཆོག་གིས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་བསྟུན། ངས་དྷ་རམ་ས་ལའི་མངའ་སྡེ་གཞུང་དང་ཀང་ར་རྫོང་གི་ཚབ་ཞུས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འདས་ལོར་༧སྐུའི་གོ་སྟོན་ཉིན་མོ་སྲུང་གཙི་ཞུས་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱིི་ངོས་ནས་ལོ་འཁོར་མོ་གཅིག་གི་རིང་བྱམས་བརྩེའི་ལོ་སྲུང་གཙི་ཞུས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་དང་འབྲེལ་ནས་ལས་གཞི་སྣ་མང་སྤེལ་ཐུབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་བྱམས་བརྩེའི་ལོ་སྲུང་གཙི་ཞུས་པར་དགའ་བསུ་ཡོད། བྱམས་བརྩེའི་ལོ་སྲུང་གཙི་དང་འབྲེལ་ནས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གོ་རྟོགས་ཀྱི་ལས་གཞི་སྣ་མང་སྤེལ་ཐུབ་པར་རྗེས་སུ་ཡི་རངས་ཞུ་ཡི་ཡོད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་དང་། བོད་མི་རྣམས་ལ་ཕྱོགས་གང་ཅིའི་ཐད་ནས་རོགས་འདེགས་ཞུས་དང་ཞུ་མུས་ཡིན་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མི་རྣམས་ཀྱིས་མུ་མཐུད་དུ་བོད་བརྒྱུད་ནང་བསྟན་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དྷ་སར་དགོན་སྡེ་ཁག་མང་པོ་ཡོད་པས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་གནས་སྐོར་དུ་བསླེབས་ཏེ་ས་གནས་ཡུལ་མི་རྣམས་ཀྱི་འཚོ་གནས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ༧མགོན་པོ་གང་ཉིད་མཆོག་ནི་འཛམ་ཡོངས་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། ད་ལྟ་རྩོད་རྙོག་ཆེ་བའི་དུས་སྐབས་དང་དེང་རབས་འཕྲུལ་རིག་གི་དུས་འདིར། ཁོང་ཉིད་ནི་ཞི་བདེ་དང་སྙིང་རྗེ། འཛམ་གླིང་སྤྱི་ཡོངས་ཀྱི་འགན་འཁྲིའི་མཚོན་རྟགས་ཤིག་ཀྱང་རེད། ཅེས་དང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གནང་བ་གཞིར་བཟུང་ཚང་མས་ཉིན་ལྟར་སོ་སོའི་འཚོ་བའི་ཁྲོད་ལག་བསྟར་བྱ་རྒྱུ་གལ་ཆེན་ཡིན་པ་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese