རྒྱ་ནག་གི་དཔལ་འབྱོར་སྲིད་ཇུས་བཅོས་བསྒྱུར་བྱེད་མཁན་གཙོ་བོ་ཞིག་ལ་ངོས་འཛིན་བྱས་པའི་རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་པེ་ཅིན་དུ་འདས་གྲོངས་སུ་གྱུར་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གི་སྲིད་བློན་ཟུར་བ་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཤུགས་རྐྱེན་ཆེ་བའི་ཀྲུའུ་རོང་ཅི་ (Zhu Rongji) ཟེར་བ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་ཅིང་། ཁོ་པ་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་ཚོང་དོན་གྱི་ཐོག་ཤུགས་རྐྱེན་ཆེན་པོ་ཡོད་པའི་མི་སྣ་ཞིག་ཡིན་པའི་མུར། ཅང་ཙི་མན་གྱིས་རྒྱ་ནག་གི་མགོ་འཁྲིད་སྐབས་ཁོང་གིས་ལོ་ངོ་དྲུག་ཙམ་རིང་སྲིད་བློན་གྱི་འགན་འཁུར་ཡོད།
ཕྱི་ལོ་ ༡༩༩༧ ལོར་ཁོ་པ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱུན་ལས་སུ་འདེམས་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་དུ་བསྐོ་གཞག་བྱས། སྐབས་དེར་ཨེ་ཤ་ཡའི་ནང་དཔལ་འབྱོར་གྱི་དཀའ་ངལ་དང་། ལྷག་པར་དུ་རྒྱ་ནག་ནང་ཆུ་ལོག་གི་གོད་ཆག་འབྱུང་མུས་ཡིན་པས། ཁོས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལྷན་ཁང་གི་འཆར་གཞི་བཞིན། དཔལ་འབྱོར་གྱི་སྲིད་ཇུས་གསར་པ་ཞིག་ལག་བསྟར་དོན་འཁྱོངས་བྱས་ཏེ། རྒྱལ་ནང་གི་དཔལ་འབྱོར་དང་ཚོང་དོན་གྱི་ཁྲོམ་ར་ཇེ་ཆེར་བཏང་ཡོད།
ཁོས་རྒྱ་ནག་གི་ཚོང་དོན་ཐད་ནས་ཕྱིའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་ཤུགས་ཆེན་བྱས་པར་བརྟེན། རྒྱ་ནག་གི་ཐོན་རྫས་ཁག་རྒྱལ་ཕྱི་ནང་གཉིས་ཀར་བྲིན་རྒྱུག་བྱུང་ཡོད་ལ། དཔལ་འབྱོར་དང་དཔྱ་ཁྲལ་ལམ་ལུགས་བཅོས་བསྒྱུར་གྱི་ལས་དོན་གཉེར་སྐབས། རྒྱལ་གཉེར་དངུལ་ཁང་གི་སྒྲིག་གཞི་ལེགས་སྒྲིག་དང་། ཚོང་ལས་དངུལ་ཁང་། ཕྱི་རྒྱལ་གྱི་མ་འཇོག་ལམ་ལུགས། མ་རྐང་དང་ཚོང་ར་བཅོས་སྒྱུར་སོགས་བྱས་ཡོད། ཕྱི་ལོ་ ༢༠༠༡ ལོར་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་སུ་ཞུགས་པར་ནུས་པ་ཤུགས་ཆེན་བཏོན་ཡོད་པས། ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་གི་དཔལ་འབྱོར་གནས་རིམ་འཛམ་གླིང་གི་ཨང་གཉིས་པ་ཆགས་ཡོད། དེང་སྐབས་རྒྱ་ནག་གཞུང་གིས་རྒྱལ་ཁབ་མང་དག་ཅིག་ལ་ཚོང་གི་མ་འཇོག་འབོར་ཆེན་བྱས་ཏེ། ཚོང་དོན་གྱི་ཐོག་ནས་གནོན་ཤུགས་སྤྲོད་མུས་ཡིན་པ་རེད།
ཀྲུའུ་རོང་ཅི་ཡིས་སྲིད་བློན་གྱི་ལས་དོན་གཉེར་སྐབས། བོད་དང་འབྲེལ་བའི་སྲིད་ཇུས་ལག་བསྟར་ཡོང་བར་ནུས་པ་བཏོན་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ལོར་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་འཚོག་སྐབས་ཀྱང་། ཁོང་གིས་བོད་ཀྱི་དཔལ་འབྱོར་གང་མྱུར་གོང་འཕེལ་གཏང་དགོས་ཤིང་། ནུབ་ཕྱོགས་ཐོན་སྐྱེད་ཆེན་མོ་(西部大开发)ཞེས་པའི་སྲིད་ཇུས་ཀྱི་མིང་འོག་ནས་བོད་ནང་དུ་མེ་འཁོར་ལྕགས་ལམ་དང་། གཞུང་ལམ། གནམ་ཐང་སོགས་འཛུགས་བསྐྲུན་བྱ་དགོས་པར་སྐུལ་མ་བཏང་སྟེ། ལྷ་ས་ནས་གོར་མོ་བར་གྱི་མེ་འཁོར་ལྕགས་ལམ་ཚུད་པའི་བོད་ནང་མེ་འཁོར་ལྕགས་ལམ་དང་། གནམ་ཐང་སོགས་གསར་རྒྱག་བྱས་ཡོད་སྟབས། བོད་ནང་རྒྱ་རིགས་གནས་སྤོར་བྱེད་མཁན་ཇེ་མང་དང་། རྒྱ་ནག་དམག་དཔུང་གི་འགྲུལ་བཞུད་ཇེ་བདེར་སོང་བ་མ་ཟད། བོད་ནང་དུ་འཛུགས་སྐྲུན་གྱི་ལས་དོན་ལ་ཁ་གཡར་ནས་གཏེར་ཁ་སྔོག་འདོན་དང་། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་བཏང་ཡོད།
ཀྲུའུ་རོང་ཅི་ནི་རྒྱ་ནག་གི་དཔལ་འབྱོར་རིག་པ་བ་ཞིག་དང་ཆབ་སྲིད་པ་ཞིག་ཡིན་ལ། ཁོང་གིས་ཕྱི་ལོ་ ༡༩༩༨ ནས་ ༢༠༠༣ བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གྱི་འགན་འཁུར། ཕྱི་ལོ་ ༢༠༠༡ ལོར་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་སུ་ཞུགས་པར་ནུས་པ་གལ་ཆེན་བཏོན་ཡོད། དེ་སྔོན་ཁོང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁྱབ་དང་། ཕྱིས་སུ་དམར་ཤོག་དྲུང་ཆེའི་འགན་ཁུར། ཁོ་ནི་རྒྱ་ནག་གི་དཔལ་འབྱོར་སྲིད་ཇུས་བཅོས་བསྒྱུར་བྱེད་མཁན་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།



