ཉེ་ལམ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་མ་ཟད། དོ་དམ་ལས་ཁུངས་ཟེར་བས་ཀྱང་ཡུལ་སྐོར་བ་དང་གནས་མཇལ་བ་རྣམས་ལ་ཚོད་འཛིན་ནན་མོ་བྱེད་ཀྱིན་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་གྲྭ་བཙུན་དང་དགེ་བསྙེན་རྣམས་སྡོད་སའི་བར་དུ་ཆགས་པའི་ཇོ་སེར་གྱི་གྲྭ་ཤག་རྣམས་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པ་ལྟར། རྒྱ་ནག་གཞུང་གི་བཀོད་ཁྱབ་གཞིར་བཟུང་། གསེར་རྟ་བླ་རུང་སྒར་གྱི་ལམ་མདོར་ཡོད་པའི་དོ་དམ་ཁང་གིས། ཡུལ་མི་དང་ཡུལ་སྐོར་བ་ཉུང་ཤས་ཤིག་གསེར་རྟ་བླ་རུང་ཆོས་སྒར་དུ་མངག་གཏོང་བྱེད་མུས་ཡིན་ནའང་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག་ལ། དེ་བཞིན་ཆོས་སྒར་དུ་སྔར་ལས་ལྷག་པའི་དམག་མི་འགྲེམས་འཇོག་བྱས་ཏེ། ཡུལ་སྐོར་བ་དང་ཡུལ་མི། གྲྭ་བཙུན་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་རྟོག་ཞིབ་དང་མྱུལ་ཞིབ་བྱས་དང་བྱེད་མུས་ཡིན་འདུག
འབྲེལ་ཡོད་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་དང་རྒྱ་ནག་གི་ས་གནས་གང་ས་ནས་ཡོང་བའི་ཡུལ་སྐོར་བ་དང་ཆོས་མཇལ་བ་རྣམས། ཆོས་སྒར་དུ་ཡོང་བར་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་མ་ཟད། ད་ལྟ་ཡུལ་སྐོར་བ་ཉུང་ཤས་ཤིག་མངག་གཏོང་བྱས་པ་དག་ཀྱང་། གསེར་རྟ་བླ་རུང་སྒར་གྱི་ལམ་མདོར་ཆགས་པའི་དོ་དམ་ཁང་གིས་བཀོད་སྒྲིག་བཞིན། སྤྱི་སྤྱོད་རླངས་འཁོར་ནང་འགྲོ་དགོས་པ་ལས་སྒེར་འཁོར་དང་གླ་འཁོར་སོགས་ཀྱི་ནང་འགྲོ་མི་ཆོག་པ་དང་། བཀོད་སྒྲིག་བྱས་པའི་ས་ཁུལ་ལས་འདོད་མོས་བཞིན་གང་བྱུང་དུ་འགྲོ་སྐྱོད་ཆོག་གི་མི་འདུག ཅེས་བརྗོད་བྱུང་།
ཡང་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། དེ་སྔ་རྒྱ་ནག་གཞུང་གིས་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་(Drone) ཀྱི་ལག་ཁྱེར་ཡོད་མཁན་ཚོར་བླ་རུང་སྒར་གྱི་མཁའ་དབྱིངས་སུ་ལྟ་ཞིབ་བརྙན་ཆས་བཏང་ནས་པར་དང་བརྙན་སོགས་ལེན་འཇུག་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཟླ་སྔ་མར་གསེར་རྟ་བླ་རུང་གཏོར་བཤིག་གཏོང་མགོ་བཙུགས་པ་ནས་བཟུང་། གསེར་རྟ་བླ་རུང་སྒར་གྱི་ལམ་མདོར་ཆགས་པའི་དོ་དམ་ལས་ཁུངས་ཀྱིས། མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་བརྒྱུད་པར་དང་བརྙན་བླང་རྒྱུ་བཀག་སྡོམ་བྱས་ཡོད་པ་མ་ཟད། ད་ལྟ་གསེར་རྟ་བླ་རུང་སྒར་དུ་དམག་ཆས་གྱོན་པའི་དམག་མི་དང་། མི་མང་དཀྱུས་མར་བརྫུས་པའི་དམག་ཆས་མ་གྱོན་པའི་དམག་མི་མང་པོ་ཞིག་ཀྱང་འགྲེམས་འཇོག་བྱས་ཏེ། ལྟ་ཞིབ་དང་སོ་མྱུལ་བྱས་དང་བྱེད་མུས་ཡིན་པས། ས་གནས་ཀྱི་གྲྭ་བཙུན་དང་ཡུལ་མི་གཙོས། ཡུལ་སྐོར་བ་རྣམས་ལ་སུན་གཟེར་ཡང་ཡང་བཟོ་མུས་རེད། ཅེས་བརྗོད་བྱུང་།
སྤྱིར་ན་འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་ཁང་པ་མང་དྲགས་པས་བདེ་འཇགས་མེད་ལུགས་བཤད་ནས་གསེར་རྟ་བླ་རུང་སྒར་གྱི་སྒྱུ་འཕྲུལ་ལྷ་ཁང་གི་ཉེ་འཁོར་གྱི་ཁང་པ་རྣམས་བཤིག་རྒྱུ་ཐག་གཅོད་བྱུང་ཡོད་ཀྱང་། དེར་ལྷ་ཁང་དང་གཙུག་ལག་ཁང་། སྐོར་ལམ་སོགས་ཡོད་པས། དགོན་པའི་འབྲེལ་ཡོད་ཀྱིས་ཡར་ཞུ་རིམ་པ་བྱས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ནས་བླ་རུང་སྒར་གྱི་གྲྭ་བཙུན་དང་དགེ་བསྙེན་རྣམས་སྡོད་སའི་བར་དུ་ཆགས་པའི་ཇོ་སེར་གྱི་སྡོད་ཤག་རྣམས་གཏོར་བཤིག་བཏང་དང་གཏོང་མུས་ཡིན་ཞིང་། རྒྱ་ནག་གཞུང་གིས་གྲྭ་ཤག་གཏོར་ཚར་བའི་གྲྭ་བཙུན་རྣམས་བླ་རུང་སྒར་དུ་སྡོད་མི་ཆོག་པའི་བཀའ་ཁྱབ་བཏང་སྟེ། རང་རང་གི་ནང་དང་ཕ་ཡུལ་གྱི་དགོན་པར་བཙན་གྱིས་ཕྱིར་སློག་བྱས་ཡོད།
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་སྐབས། གྲྭ་བ་ཞིག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་པར་ཞིག་འཕྱར་ནས་ངོ་རྒོལ་བྱས་རྐྱེན། ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། ཁོང་གི་ད་ལྟའི་གནས་སྟངས་དང་གང་དུ་ཡོད་མེད་ཐད་གསལ་ཁ་གང་ཡང་མེད་ལ། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༡ དང་། ༢༠༡༦། ༢༠༡༩ བཅས་སུ་བླ་རུང་སྒར་གྱི་གྲྭ་ཤག་མང་དྲགས་ལུགས་དང་། ཁྲིམས་མཐུན་གྱི་ཡིག་ཆ་མེད་ལུགས་སོགས་ལ་ཁ་གཡར་ནས་གྲྭ་བཙུན་གྱི་སྡོད་ཁང་མང་པོ་གཏོར་བཤིག་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཐེངས་མང་པོར་གྲྭ་བཙུན་གྱི་གྲངས་འབོར་ལ་ཚོད་འཛིན་དང་། ས་གནས་གཞན་ནས་ཡོང་བའི་གྲྭ་བཙུན་མང་པོ་རང་ཡུལ་དུ་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་ཡོད་པའི་མུར། རྒྱ་ནག་གཞུང་གིས་ལོ་རེ་བཞིན་བླ་རུང་ཆོས་སྒར་དུ་དམ་དྲག་ཇེ་ཆེར་གཏོང་གིན་ཡོད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
