གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༣༧ པའི་དོན་ཚན་བཅུ་གསུམ་པའི་ནང་གསེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་བྱེད་འདེམས་བསྐོ་བྱ་ལམ་དོན་ཚན་དང་པོར་མང་མོས་གཏན་འབེབས་བྱུང་ནས་ཟུང་དྲུང་མན་གྱི་ལས་བྱེད་གསར་བསྐོ་ཡི་བརྒྱ་ཆ་སྤར་འདུག

དེ་རིང་ཕྱི་ཚེས་ ༢༤ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་སྡོམ་སྙན་སྒྲོན་དང་གླེང་སླེང་གནང་བ་དང་། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༣༧ པའི་དོན་ཚན་བཅུ་གསུམ་དང་ཉེར་གཅིག་པ་གཉིས་མང་མོས་གཏན་འབེབས་དང་། དོན་ཚན་བཅུ་བཞི་དང་། བཅོ་ལྔ། བཅུ་དྲུག བཅུ་དགུ། ཉི་ཤུ་བཅས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།
གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༣༧ པའི་དོན་ཚན་བཅུ་གསུམ་པའི་ནང་གསེས་དང་པོ་ལས་བྱེད་འདེམས་བསྐོ་བྱ་ལམ་དང་འབྲེལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། འཛིན་སྐྱོང་ལ་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་མེད་གོང་དུ་ཞུས་པ་བཞིན་གྲོས་ཚོགས་ལ་སྙན་སེང་ཞུ་རྒྱུ་ངའི་ལས་འགན་རེད། སྙན་སེང་ཞུས་ཡིན། གལ་སྲིད་གྲོས་ཚོགས་ཀྱིས་བཀའ་འཁྲོལ་གནང་བ་ཡིན་ན་དཀའ་ངལ་སེལ་ངེས་པ་དང་། གྲོས་ཚོགས་ཀྱིས་བཀའ་འཁྲོལ་མ་གནང་ན། དཀའ་ངལ་མུ་མཐུད་དུ་གནས་པ་ཞིག་ཆགས་ཀྱི་རེད། ད་ལྟ་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་རེད་ཞེ་ན། གནས་རིམ་འོག་མ་འོག་མ་མ་གཏོགས་ལས་བྱེད་གསར་བསྐོ་བྱེད་ཐུབ་ཀྱི་ཡོད་མ་རེད། གསར་བསྐོའི་བརྒྱ་ཆ་ཁེངས་འདུག་ཟེར་ནས་བཤད་ཀྱི་ཡོད་རེད། ད་ལྟ་ཡོད་བསྡད་པའི་ཆོད་གན་གྱི་ལས་བྱེད་ལ་བསྐྱར་དུ་ལོ་གཅིག་ལ་མུ་མཐུད་ནས་བསྐོ་དགོས་ཡོད་ནའང་། ས་མིག་ཁེངས་འདུག་ཅེས་འདེམས་བསྐོ་ལྷན་ཁང་གིས་སྤྱི་ཡོངས་ཀྱི་ལས་བྱེད་ཀྱི་ས་མིག་ལས་བརྒྱ་ཆ་བརྒྱ་ནས་བརྒྱ་ཆ་གསུམ་ལྷག་བསྐོ་མི་ཆོག་པའི་བཟོ་བཅོས་སྒྲིག་གཞིའི་ནང་བཟོས་ཡོད་རེད། དེ་བས་ཆོད་གན་ཚར་ཡང་བསྐོ་རྒྱུ་ཡོད་མ་རེད། ད་ལྟ་ཡོད་བསྡད་པ་ཚང་མ་ཁེངས་བསྡད་ཡོད་རེད། གོང་དུ་ཞུས་པ་བཞིན་ད་ལྟ་ཡོད་པའི་ལས་བྱེད་དེ་དག་གནས་འཕར་བཏང་བ་མ་གཏོགས་ལས་བྱེད་མང་དུ་འགྲོ་ཡི་ཡོད་པ་མ་རེད། དེ་བས་ང་ཚོ་ལ་ལས་བྱེད་ཀྱིས་འདང་གི་ཡོད་མ་རེད། མ་འོངས་པར་ས་གནས་མགོ་འཛིན་དང་ལས་བྱེད་གང་རུང་མི་འདུག་ཅེས་པའི་གནས་སྟངས་བྱུང་བ་ཡིན་ན། བཀའ་ཤག་གི་ལག་པ་བསྡམས་པ་ལྟ་བུ་རེད། ཡང་མིན་ན་གསར་པ་གཅིག་ཀྱང་བསྡུ་མི་དགོས་པར་ཚང་མ་གནས་སྤར་གཏང་རྒྱུ་བྱོས། གལ་སྲིད་ཐེག་པ་རིམ་འཛེགས་གལ་ཆེན་པོ་ཡིན་ན་འོག་ནས་ལོ་གཉིས་དང་ཕྱེད་ཀ་བསྡད་རྒྱུ་དེའང་མེད་པར་བྱས་ནས་ཚང་མ་གནས་སྤར་གཏང་རྒྱུ་བྱོས། ཞེས་གསུངས་སོང་།
ཡང་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༡༩༩༢ ནས་བཟུང་ཕྱི་ལོ་ ༢༠༠༠ ལྷག་བར་དུ་ལས་བྱེད་སྡེ་ཚན་ནས་འཛིན་སྐྱོང་སྡེ་ཚན་ལ་འགྲོ་ས་མེད་པ་སྔོན་ནས་ཞུས་ཡོད། ཕྱིས་སུ་རིམ་པའི་དངོས་ཡོད་གནས་ཚུལ་ལ་བབ་པའི་འགྱུར་བ་བཏང་བ་རེད། ན་ནིང་འགྱུར་བ་ཕྱིན་པར་ད་ལོ་ལག་བསྟར་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་འདུག་ཟེར་བ་ལ་དམིགས་ནས་བརྒྱ་ཆ་བརྒྱ་སྤར་ཤོག་བཤད་ཀྱི་འདུག དེའི་སྔོན་ལ་གནས་སྤར་གྱི་བརྒྱ་ཆ་བདུན་ཅུ་དང་གསར་བསྐོའི་བརྒྱ་ཆ་སུམ་ཅུ་རེད། དེའི་སྔོན་ལ་བསྐྱར་བཅོས་ཟིན་པའི་དགུ་བཅུ་དང་བཅུ་བཟོས་པ་ཉུང་དུ་ཕྱིན་པས། ཡང་སྤར་དགོས་ཀྱི་འདུག་ཅེས་ད་ལྟ་གསར་བསྐོ་བྱ་སའི་ལམ་ཀ་རག་གི་མེད་པ་རེད། ང་ཚོས་ཞུ་བ་ག་ཚོད་ཕུལ་ནའང་འདེམས་བསྐོ་ལྷན་ཁང་གིས་བདག་པོ་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དེའི་དཀའ་ངལ་ལ་འཕྲད་དུས་དང་པོ་འདེམས་བསྐོ་ལྷན་ཁང་དང་མཉམ་དུ་གོ་བསྡུར་ཞུས་ཏེ་དཀའ་ངལ་སེལ་བའི་ཐབས་ལམ་བཏོན་ནས། གྲོས་ཚོགས་ལ་སྙན་སེང་ཞུས་པ་རེད་མ་གཏོགས། འདེམས་བསྐོ་ལྷན་ཁང་ཞེས་མིང་མང་པོ་བཏོན་གྱི་འདུག་ཟེར་ནས་དེའི་ཐོག་དཔུང་ངོམ་རྒྱུ་ཞིག་རྩ་བ་ཉིད་ནས་མ་རེད། དེ་ནི་སྒྲིག་འཛུགས་ཕན་ཚུན་གྱི་འབྲེལ་བ་འཇོག་སྟངས་དང་སྒྲིག་འཛུགས་ཕན་ཚུན་ལ་དཀའ་ངལ་འཕྲད་པ་ཡིན་ན་ཇི་ལྟར་སེལ་དགོས་མིན་ཞུ་ཡི་ཡོད་རེད་མ་གཏོགས། འདེམས་བསྐོ་ལྷན་ཁང་དཔུང་རོགས་ལ་འཁྲིད་ཡོང་གི་མེད། ཡིན་ན་ཡང་། འདེམས་བསྐོ་ལྷན་ཁང་དང་གོ་བསྡུར་བྱུང་ཡོད་མེད་དང་མོས་མཐུན་ཡོད་མེད་སྐོར་ལ་དྲི་བ་ཡོང་སྲིད་པས། ང་ཚོས་གོ་བསྡུར་བྱས་ནས་དེ་ལ་བརྒྱ་ཆ་བརྒྱ་ཐམ་པ་འདེམས་བསྐོ་ལྷན་ཁང་གིས་མོས་མཐུན་ཡོད་པའི་སྒོ་ནས་ཡར་ཡོང་པ་ཞིག་ཡིན། ཞེས་གསུངས་སོང་།
ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིས། བཀའ་ཤག་དང་འདེམས་བསྐོ་ལྷན་ཁང་གིས་བཀའ་མོལ་གནང་དོན་ལ། ལས་ཁུངས་བདུན་དང་རང་དབང་ཅན་གྱི་སྡེ་ཚན་ཚང་མའི་སྐུ་ཚབ་བྱས་ནས་འདེམས་བསྐོ་ལྷན་ཁང་དང་མཉམ་དུ་གོ་བསྡུར་གནང་གི་ཡོད་རེད་མ་གཏོགས། བཀའ་ཤག་གི་ལངས་ཕྱོགས་བྱས་ནས་བཀའ་མོལ་གནང་བ་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་མེད།ང་ཚོའི་ལས་བྱེད་གོ་སྒྲིག་ཚོགས་ཆུང་ནམ་ཚོགས་པ་ཡིན་ནའང། ལས་ཁུངས་ཚང་མ་ལ་ལས་བྱེད་མ་འདང་བའི་དཀའ་ངལ། གནས་རིམ་ག་གེ་མོར་ལས་བྱེད་ཅིག་གཏང་དགོས་བྱུང་ན། གནས་རིམ་དེ་ལ་ལས་ཁུངས་གང་དེ་ནས་གཏོང་གི་མིན་རབས་བཤད་ནས། གང་ལྟར་ཚོགས་འདུ་གྲོལ་བའི་སྐབས་སུ་ཚང་མའི་ལག་པ་སྟོང་པ་རེད། ལས་བྱེད་ཕལ་ཆེར་ ༦༠ ཙམ་ཡོད་ས་རེད། དེ་དག་ལ་བསྐང་རོགས་བྱོས་ཟེར་ནས་འདེམས་བསྐོ་ལྷན་ཁང་བརྒྱུད་ཆ་ཚང་གནས་སྤར་བཏང་བ་རེད། གངས་ཅན་སྐྱིད་གཤོངས་སུ་བཞུགས་མཁན་རྣམ་པ་ཚང་མས་ཤེས་ཀྱི་ཡོད་རེད། ཆུ་མགོ་ནས་ཆུ་ཡོང་ས་མེད་པར། བར་དུ་ཅུང་ཙམ་རེ་ཡོད་པ་རྣམས་ལྷོད་ཀྱིན་ལྷོད་ཀྱིན་བསྡད་ན་ནམ་ཞིག་ལ་ཆུ་ཟད་ངེས་རེད། གསར་བསྐོ་ཟེར་བའི་དགོས་པ་ནི་གནས་རིམ་སོ་སོ་ལ་ཐད་ཀར་ཡིག་ཚད་བཏང་ནས་གསར་བསྐོ་བྱེད་པ་རེད། འདིར་གསལ་བོར་བཀོད་འདུག་སྟེ། གསར་བསྐོ་ཞེས་པ་གནས་རིམ་སོ་སོར་ཐད་ཀའི་འདེམས་བསྐོ་ཞེས་བཀོད་འདུག དེའི་བརྒྱུད་ལམ་འགྲིག་གི་མི་འདུག་ཟེར་ན།འདེམས་བསྐོ་བྱེད་པ་དེར་བསྒྱུར་བཅོས་བཏང་ན་མ་གཏོགས་འདེམས་བསྐོ་བྱ་རྒྱུ་མེད་པ་རེད། དེ་འདྲ་མེད་པའི་དུས་སྐབས་སུ་ལས་འཆར་དེ་འདྲའི་ནང་དུ་ཆོད་གན་འགོད་ཀྱི་ཡོད་རེད། ལོ་གཅིག་དང་གཉིས་ཀྱི་ལས་ཀ་ལྟ་བུ། འཆར་གཞི་དེ་འདྲའི་ནང་དུ་གཞུང་འབྲེལ་ལས་བྱེད་ཀྱི་ས་མིག་མི་དགོས་པའི་ཐོག་ནས་ལས་བྱེད་སུ་ཞིག་ལ་རོགས་ཚོགས་གང་གིས་ཕོགས་གནང་གི་ཡོད་ན། དེའི་ལས་བྱེད་དེ་ཆོད་གན་ལ་བསྐོ་ཡི་ཡོད་རེད། ལས་བྱེད་རྩ་བ་ཉིད་ནས་རག་གི་མེད་པ་དེ་སྔ་མང་པོ་བྱུང་བ་རེད། ལོ་ནས་ལོ་མཐུད་ས་གནས་མགོ་འཛིན་སྟོང་པར་ལྷག་པ་དང་། ལས་རོགས་མེད་པར་ལོ་ནས་ལོ་འགོར་བ་ལྟ་བུ་བྱུང་བ་རེད། གནས་སྟངས་དེ་འདྲ་གང་ནས་ཡོང་བ་རེད་ཞེ་ན། དཀའ་ངལ་དེའི་རིགས་ནས་ཡོང་བ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གོང་དུ་བཤད་པ་བཞིན་དེ་ནི་དངོས་ཡོད་གནས་ཚུལ་རེད། ང་ཚོ་གཅིག་པུ་མ་རེད། བཟོ་ཚོང་ཁང་དང་། སྒྲིག་འཛུགས། གཞུང་གང་ལ་མཚོན་ནའང་འདྲ། དངོས་ཡོད་ཀྱི་གནད་དོན་ལ་སྒྲིག་འཛུགས་དང་རྒྱལ་ཁབ་གང་ལ་མཚོན་ནའང་ལས་ཀ་གཟེངས་སུ་ཐོན་པ་ཞིག་དགོས་ན། ལས་ཀ་བྱེད་མཁན་ནི་གཞུང་གི་ལས་བྱེད་རྣམས་ཡིན། ཁྲིམས་དང་སྒྲིག་གཞི། འགྲོ་ལུགས་གཏན་འབེབས་བྱེད་མཁན་ནི་གྲོས་ཚོགས་རེད། དཔེར་ན། གཞུང་གི་སྒྲིག་འཛུགས་གང་ཞིག་ལ་ལས་ཀ་ག་གེ་མོ་ཞིག་བྱ་དགོས་ཀྱི་འདུག་པར་འགྲོ་ལུགས་འགྲོ་སྟངས་འདི་བཞིན་ཡིན་ཞེས་ལས་ཀར་སྐུལ་མཁན་ནི་སྒྲིག་འཛུགས་རེད། ཅེས་གསུངས་སོང་།
ཡང་བཀའ་བློན་མཆོག་གིས། དེ་བཞིན་ལས་ཁུངས་གང་ཞིག་ཏུ་ལས་བྱེད་བཅུ་དགོས་པ་ལ་ལྔ་མ་གཏོགས་མེད་ན། ང་ཚོས་གཅིག་གིས་གཅིག་ལ་དོགས་པ་ཡོད་མདོག་མདོག་གིས་སྒོ་བཀག་བསྡད་པ་དང་། སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་དུ་ལས་ཀ་བྱེད་མཁན་མེད་ན། སྒྲིག་འཛུགས་ཀྱི་ངོ་བོ་ཅི་ལྟར་མཚོན་པ་རེད། ཕལ་ཆེར་བཀའ་ཤག་གི་ལན་པ་ལྟ་བུ་བཤད་ཀྱི་འདུག དེ་མ་རེད། ང་ཚོའི་ལས་ཁུངས་བདུན་དང་རང་དབང་ཅན་གྱི་སྡེ་ཚན། མང་གཙོའི་ཀ་བ་གསུམ་ཆ་ཚང་གིས་སྐུ་ཚབ་བྱས་ནས་འདེམས་བསྐོ་ལྷན་ཁང་ལྷན་དུ་བཀའ་མོལ་བྱས་པ་རེད། རྣམ་པ་ཚོའི་ལས་ཁུངས་སོ་སོའི་ནང་དུ་སྲི་ཞུ་བ་ག་ཚོད་ཡོད་པའི་གནས་རིམ་ལ་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་པ་འདིའི་ནང་དུ་ཚུད་ཡོད་རེད། ངས་ཆ་ཤས་ལེན་དོན་ཡང་གོང་དུ་གང་བཤད་ལ་མ་མཇལ་མ་ཐོས་མེད་པ་ཞིག་དགོས་གལ་ཆེ། ལོ་གཉིས་ཙམ་གྱིས་རིང་ལ་སྒྲིག་འཛུགས་འདིའི་ནང་དུ་ལས་ཀ་བྱེད་སྐབས་ལས་བྱེད་ཡོང་ཁུངས་དཀོན་པོ་ཡིན་པ་དང་། ནམ་ཡིན་ན་འཚོགས་བསྡད་ན། རྗེས་སུ་གཅིག་གིས་གཅིག་ལ་རླུང་སྟོན་པ་དང་ལེ་བདའ་བྱེད་པ་ལྟ་བུ་དང་། རྩ་བ་ཉིད་ནས་མ་དགོས་པ་ཞིག་ཡོད་ན་ཡང་འབུད་རྒྱག་བྱས་ནས་ས་མིག་སྟོང་པ་འདུག་པས་ཁྱེད་རང་སོང་ཟེར་བ་ལྟ་བུ་རེད། དེ་རིང་འདིར་བགྲོ་གླེང་བྱེད་རག་བར་དུ་ང་ཚོ་མཉམ་དུ་རེད། དེའི་རྗེས་སུ་ཕྱག་བཀྱགས་ནས་མང་མོས་བལྟ་རྒྱུ་རྣམ་པ་ཚོའི་ལག་པར་ཡོད་རེད། ཡིན་ནའང་། སྲི་ཞུ་བ་ལས་བྱེད་ལོ་རྒས་པ་ཞིག་དེ་རིང་འདིར་སླེབས་ཡོད་དུས། དེའི་བརྒྱུད་རིམ་གྱི་དཀའ་ངལ་རྣམ་པ་ཚོ་ལ་གསལ་བོ་ཞིག་ཞུ་མ་ཐུབ་ན། ང་འགྱོད་པ་སྐྱེས་ངེས་པ་དང་མ་འོངས་པར་ཕྱི་ལོགས་ཀྱི་རོགས་པ་ཚོས་ཀྱང་ཁྱོད་ཅིའི་ཕྱིར་ཁ་གྲགས་ཀྱི་མེད་པ་དང་། དེ་སྔོན་ང་ཚོར་དཀའ་ངལ་དེ་ག་ཚོད་འཕྲད་སོང་ཞེས་ལེ་བདའ་ཏན་ཏན་ཡོང་གི་རེད། འདི་བློན་ཆེན་ལས་ཁུངས་བདུན་དང་རང་དབང་ཅན་གྱི་སྡེ་ཚན། མང་གཙོའི་ཀ་བ་གསུམ་ཆ་ཚང་གི་ལས་ཁུངས་ཀྱི་ལས་བྱེད་བཤད་ཀྱི་ཡོད་པ་རེད་མ་གཏོགས། བཀའ་ཤག་འདེམས་བསྐོ་ལྷན་ཁང་དང་མཉམ་དུ་མཐུན་མ་མཐུན་གྱི་བཀའ་མོལ་ཞིག་མ་རེད། ཅེས་གསུངས་སོང་།
གསར་འགོད་པ། རྟ་མགྲིན་མཚོ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།





