རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་ཆ་རིང་མ་ཨར་ལས་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གི་བོད་ཡིག་སྒོ་བྱང་མེད་པར་བཟོས་ཏེ་རྒྱ་ཡིག་ཁོ་ན་མ་གཏོགས་བཀལ་བཅུག་མེད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ལག་བསྟར་བྱས་ཏེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སོགས་དང་འབྲེལ་བའི་བྱེད་སྒོ་ཁག་ལ་དམ་དྲག་སྔར་ལྷག་བྱེད་བཞིན་པ་མངོན་གསལ་ཡོང་གི་ཡོད་པའི་ཁྲོད། ཁ་སང་ཕྱི་ཚེས་ ༥ ཉིན་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་ལྟེ་བ་ཁྲིན་ཏུའུ་གྲོང་ཁྱེར་ནང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཆ་རིང་མ་ཨར་ལས་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གི་བོད་ཡིག་གི་སྒོ་བྱང་མེད་པར་བཟོས་ཏེ། ཚབ་ཏུ་རྒྱ་ཡིག་ཁོ་ནའི་སྒོ་བྱང་མ་གཏོགས་འཇོག་མི་ཆོག་སྐོར་བརྗོད་འདུག
དེ་འབྲེལ་ཆ་རིང་མ་ཨར་ལས་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་བསྟན་འཛིན་ལགས་ཀྱིས། ཉིན་འདི་དག་གི་རིང་སུན་སྤྱད་ཅིག་རེད་འདུག གུང་གསེང་གི་སྐབས་འདིར་ང་ཚོའི་འཛུགས་སྐྲུན་གྱི་བྱ་བ་ཡོངས་མཚམས་འཇོག་དགོས་བྱུང་། ལས་ཀ་མང་པོ་ཞིག་མདུན་སྐྱོད་བྱེད་ཐུབ་ཀྱི་མི་འདུག་ནའང་། དེ་ནི་གནད་དོན་གལ་ཆེན་ཞིག་མ་རེད། ངས་ཅུང་ཙམ་རྗེས་ནས་ཁྱེད་ཚོ་ང་ཚོའི་སྒོ་བྱང་ལ་ལྟ་གི་འཁྲིད་ཆོག སྒོ་བྱང་སྟེང་དུ་ནོར་འཁྲུལ་ཅི་ཞིག་ཡོད་མེད་བལྟ་ཆོག དོན་དངོས་ཐོག་ང་ཚོའི་སྒོ་བྱང་སྟེང་དུ་བོད་ཡིག་བྲིས་ཡོད། ནང་དོན་དང་ཡིག་བསྒྱུར་གཉིས་ལ་སྐྱོན་ཆ་གང་ཡང་མེད། འོན་ཀྱང་། འབྲེལ་ཡོད་སྡེ་ཁག་གིས་ང་ཚོའི་སྒོ་བྱང་སྟེང་བོད་ཡིག་འབྲི་མི་ཆོག་པས་མར་བཀག་སོང་། ང་ཚོས་ཅུང་ཙམ་རྗེས་ནས་ཕར་ཕྱིན་ཏེ་བོད་ཡིག་བསྐྱར་དུ་བཀལ་ཆོག་ཐབས་བྱ་ཆོག་མོད། རྩ་བའི་ཆ་ནས་གནས་སྟངས་ལ་བལྟས་ཡོང་ན་ཕལ་ཆེ་ཡོང་མི་སྲིད་པ་ལྟ་བུ་ཞིག་རེད་འདུག ཅེས་བརྗོད་འདུག
ཡང་ཁོང་གིས་སྒོ་བྱང་སྟེང་དུ་བོད་ཡིག་འབྲི་དོན་སྐོར་ལ། ང་ཚོའི་སྒོ་བྱང་སྟེང་དུ་བོད་ཡིག་བཀོད་དོན་ནི་ཆ་རིང་མ་བཟོ་སྐྲུན་སྤྱི་གཉེར་ཁང་གི་སྐུ་མགྲོན་ཚང་མ་བོད་མི་ཡིན་པས་ཡིན། དེ་མིན་གྱི་ང་ལ་རྒྱུ་མཚན་གཞན་གང་ཡང་མེད། སྒོ་བྱང་སྟེང་དུ་བོད་ཡིག་མེད་པར་རྒྱ་ཡིག་བཞག་ཚེ། གཞོན་སྐྱེས་ཚོ་འགྲིག་འགྲོ་ཡི་རེད། འོན་ཀྱང་། ང་ཚོའི་མགྲོན་པོ་རྒན་པ་མང་པོ་ཞིག་གིས་རྒྱ་ཡིག་མགོ་འཚོས་ཀྱི་མེད། བོད་ཡིག་བཞག་ཚེ། ཁོང་ཚོས་རྒྱང་རིང་ནས་ཆ་རིང་མ་སྤྱི་གཉེར་ཁང་གི་ས་གནས་ངོ་ཤེས་ཐུབ་པ་དང་མ་འོངས་པར་སྟབས་བདེ་ངང་འཚོལ་ཐུབ་ཀྱི་ཡོད། དང་ཐོག་ངས་བོད་ཡིག་མེད་པར་བཟོ་དགོས་པའི་རྒྱུ་མཚན་གནས་ལུགས་གང་ཡང་མ་མཐོང་། ཕྱི་རྒྱལ་གྱི་སྐད་ཡིག་གི་སྒོ་བྱང་འཇོག་ཆོག་ཚེ། ང་ཚོས་ཅིའི་ཕྱིར་རང་གི་ཕ་སྐད་མ་ཡིག་ལྡན་པའི་སྒོ་བྱང་འཇོག་མི་ཆོག་གམ། ཞེས་དྲི་བ་དྲིས་ཡིན་ཏེ། རྗེས་ནས་བསམ་གཞིགས་ལྷོད་པོ་རེ་བྱེད་དུས་དེ་ཡང་དགོས་པ་མ་མཐོང་། རྒྱུ་མཚན་ནི་སྒོ་བྱང་སྟེང་གི་བོད་ཡིག་མེད་པར་བཟོ་མཁན་ཁོ་ཚོས་ཀྱང་མགོ་ཁྲིད་ཀྱི་བཀོད་འདོམ་ལ་རྗེས་འབྲང་བྱེད་བཞིན་པ་ཙམ་རེད། དེ་བས། ང་ཚོས་རྗེས་ནས་བོད་ཡིག་གི་སྒོ་བྱང་བསྐྱར་དུ་འགེལ་ཆོག་ཐབས་བྱ་རྒྱུ་ཡིན། ཞེས་བརྗོད་འདུག
ཉེ་ལམ་ཕྱི་ཟླ་ ༩ ཟླ་མཇུག་གི་གཟའ་འཁོར་གཅིག་རིང་རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་དྲིལ་བསྒྲགས་ཀྱིས། བོད་ཀྱི་ས་ཁུལ་གང་སར་རིག་གཞུང་དང་སྒྱུ་རྩལ། ཆབ་སྲིད། དཔལ་འབྱོར་སོགས་ཀྱི་ཚོགས་འདུ་འདྲ་མིན་བསྡུས་ཏེ། རྒྱ་སྐད་དང་རྒྱ་ཡིག་ཁོ་ནའི་སྒོ་ནས་བྱེད་སྒོ་སྤེལ་སོང་། དེ་བཞིན། ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ནང་ཆེན་རྫོང་གི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཡུལ་ཤུལ་རྟ་རྒྱུག་དུས་སྟོན་ཐེངས་ ༤༤ པ་མགོ་འཛུགས་བྱས་ཏེ། དུས་སྟོན་གྱི་སྒོ་བྱང་ཡོངས་རྒྱ་ཡིག་རྐྱང་པའི་ནང་བྲིས་པ་མ་གཏོགས་བོད་ཡིག་ཡིག་འབྲུ་གཅིག་ཀྱང་མཐོང་རྒྱུ་མེད་སྟབས། གནད་དོན་དེའི་བོད་ནང་གི་བོད་མི་ཚོས་དྲ་ལམ་ནས་སྐྱོན་བརྗོད་དྲག་པོ་བྱས་ཡོད།
ཆ་རིང་མ་ཨར་ལས་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་ནི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁང་པའི་ནང་མཛེས་སྤྲས་བྱེད་པའི་སྤྱི་གཉེར་ཁང་ཞིག་ཡིན་ཞིང་། བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། ཉིང་ཁྲི་སོགས་དབུས་ཁུལ་དུ་མིང་གྲགས་ཆེ། ཉེ་ལམ་ནས་སྤྱི་གཉེར་ཁང་དེའི་ཡན་ལག་མདོ་སྨད་ཕྱོགས་སུ་བཙུགས་ཏེ། བོད་ཀྱི་ཁང་པ་མཛེས་སྤྲས་ཀྱི་ཆེད་ལས་གཉེར་མགོ་བརྩམས་མ་ཐག་ཡིན་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།



