ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་རྒྱལ་ཁབ་གཞན་ལ་ངན་པ་ལག་འབྲེལ་བྱས་ནས་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་གཡོགས་ཏེ་སླར་ཡང་ལོ་བཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཁ་སང་ཕྱི་ཚེས་ ༥ ཉིན་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༢༠ ལོའི་དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་པ་ཇོ་ཧྲ་ཝང་ (Joshua Wong) ལགས་ཀྱིས། རྒྱལ་ཁབ་གཞན་ལ་ངན་པ་ལག་འབྲེལ་བྱས་ནས་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་གཡོགས་ནས། སླར་ཡང་ལོ་བཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ལ། ཁོང་ཉིད་ཕྱི་ལོ་ ༢༠༣༦ བར་བཙོན་འཇུག་བྱ་རྒྱུ་ཡིན་འདུག
གནད་དོན་དེའི་ཐད་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཝི་ལིམ་ཊེམ་ (William Tam) ཟེར་བས། ཝང་དང་ཁོའི་རོགས་པ་ཚོས་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་ཁོ་ནའི་ཐོག་ནས་མ་ཡིན་པར། ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་གནས་ཚུལ་ཁྱབ་སྤེལ་བྱས་ཏེ། ས་གནས་དང་རྒྱལ་སྤྱིའི་མང་ཚོགས་གཉིས་ཀར་ཤུགས་རྐྱེན་ཐེབས་ཡོད། བཙོན་འཇུག་ཁྲིམས་ཆད་ནི་ཧ་ཅང་ལྕི་མོ་ཞིག་རེད། འོན་ཀྱང་ཉེས་ཆད་དེ་ཉེས་པ་ཚབས་ཆེན་གྱི་གནས་བབ་དང་མཐུན་པ་ཞིག་ཡིན། ཞེས་སོགས་བཤད་འདུག
ཕྱི་ལོ་ ༢༠༢༤ ལོར་ཧོང་ཀོང་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༢༠ ལོར་ཧོང་ཀོང་གི་སློབ་ཕྲུག་རྣམས་ཀྱིས་སྣེ་འཁྲིད་པའི་མི་མང་རང་བཞིན་གྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་སྐབས་འཛིན་བཟུང་བྱས་པའི་ལས་འགུལ་བ་ ༤༥ ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་གཡོགས་ཏེ་ལོ་བཞི་ནས་བཅུ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ཁྲོད། ན་གཞོན་ལས་འགུལ་བ་གྲགས་ཅན་ཇོ་ཧྲ་ཝང་ལགས་སུ་ལོ་བཞི་དང་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ནང་ཁོང་དངོས་སུ་བཙོན་འཇུག་བྱས་ཡོད་ཅིང་། དངོས་ནས་བྱས་ན་སང་ལོའི་ཕྱི་ཟླ་ ༡ ནང་བཙོན་འཇུག་གི་དུས་ཡུན་ཚང་ནས་ཀློད་གྲོལ་གཏོང་གི་ཡོད་ཀྱང་། ད་ལན་སླར་ཡང་མི་ལོ་བཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པས། ཕྱི་ལོ་ ༢༠༣༦ ལོར་མ་གཏོགས་བཙོན་འཇུག་གི་དུས་ཡུན་ཚང་གི་མེད་པ་རེད།
ཇོ་ཧྲ་ཝང་ནི་དེ་སྔ་ཧོང་ཀོང་གི་ཌེ་མོ་སིས་ཊོ་ (Demosisto) ཞེས་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་གྱི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་ཞིང་། ཁོང་ཧོང་ཀོང་གི་སློབ་མའི་ལས་འགུལ་ཁང་ (Scholarism) ཞེས་པ་གསར་འཛུགས་བྱེད་མཁན་གྱི་གྲས་ཤིག་ཡིན་འདུག ཕྱི་ལོ་ ༢༠༡༤ ཁོང་ཧོང་ཀོང་གི་ཆར་གདུགས་ལས་འགུལ་གྱི་གཞོན་སྐྱེས་སྣེ་འཁྲིད་པ་ཞིག་ཏུ་གྱུར་ཏེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་གདེང་འཇོག་ཆེན་པོ་ཐོབ། ལོ་དེར་ཨ་རིར་རྟེན་གཞི་བྱས་པའི་དུས་བབ་དུས་དེབ་ (Times Magazine) ཀྱིས་ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་གི་གཞོན་སྐྱེས་ཤུགས་རྐྱེན་ཆེ་ཤོས་ཀྱི་གྲས་སུ་བདམས་ཡོད་པ་མ་ཟད། ལོ་དེའི་འཛམ་གླིང་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣའི་འོས་མིར་ཡང་བདམས། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ཧྥོར་ཆོན་དུས་དེབ་ (Fortune Magazine) ཀྱིས་ཁོང་འཛམ་གླིང་གི་རླབས་ཆེན་མགོ་ཁྲིད་ (World’s Grestest Leaders) གྲས་སུའང་བདམས། ཁོང་དམངས་གཙོའི་གཞུང་རྒོལ་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོར་ཐེངས་གཉིས་བསྟུད་མར་བཙོན་འཇུག་ཁྲིམས་ཆད་ཕོག
རྒྱ་ནག་གཞུང་གིས་འབྱུང་འགྱུར་ལོ་ངོ་ ༥༠ རིང་ཧོང་ཀོང་ནང་གཞི་རྩའི་རང་དབང་རྣམས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་ཁས་ལེན་དོར་བར་བརྟེན། ཕྱི་ལོ་ ༢༠༡༤ ལོའི་ཆར་གདུགས་ལས་འགུལ་དང་། ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་གྱི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་གྱི་དམངས་གཙོའི་ལས་འགུལ་ཐོག་དམ་དྲག་ཆེན་པོ་བྱས་ཡོད་ལ། བདེ་འཇགས་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་དེའི་འོག་སྨྲ་བརྗོད་དང་འདུ་འཛོམས་རང་དབང་བཅས་པར་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་མ་ཟད། ཧོང་ཀོང་གྲོང་ཁྱེར་ལ་ངོམས་སུ་ཆོག་པའི་དམངས་གཙོ་དོན་གཉེར་བའི་ལས་འགུལ་བ་དང་ཁྲིམས་རྩོད་པ་རྣམས་ཁྲིམས་ཡིག་དེའི་འོག་ནས་འཛིན་བཟུང་བྱས་ཡོད་ལ། རེ་འགའ་རྒྱལ་ཁབ་ཕྱི་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།


