འདི་ལོའི་བྷུ་ཁུར་རྩོམ་རིག་ཀར་གཟེངས་རྟགས་ (Booker Prize) དེ་དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཨེམ་ཇོན་ཧེ་རི་སོན་ལ་ཐོབ་འདུག

ཕྱི་ཟླ་ ༡༡ ཚེས་ ༡༠ ཉིན། དབྱིན་ཇིའི་རྩོམ་པ་པོ་ཨེམ། ཇོན་ཧེ་རི་སོན་ (M. John Harrison) ལགས་ཀྱི་རེ་བའི་སྟོངས་པའི་མ་འོངས་པའི་འཇིག་རྟེན་ཡ་ང་བ་ཞིག་ལ་ཟུར་ཟ་བྱས་པའི་བརྩམས་སྒྲུང་«ཡོད་ཚད་ཀྱི་མཐའ་མ།» (The End of Everything) ཞེས་པར་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ་འདུག ལོ་ ༨༡ ལ་སོན་པའི་ཁོང་ནི་འདས་པའི་ལོ་ངོ་ ༦༠ རིང་གསར་རྩོམ་གྱི་ལས་ལ་ཞུགས་ཡོད་པ་དང་། གཟེངས་རྟགས་དེ་ཐོབ་མཁན་ཚང་མའི་ནང་ནས་ལོ་ན་རྒན་ཤོས་དེ་ཆགས་ཡོད་འདུག
འདི་ལོའི་གཟེངས་རྟགས་ཐོབ་མཁན་གྱི་མཚན་ཐོ་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་གྱི་དགོང་མོ་ལོན་ཌོན་གྱི་ཨོལཌ་བིལ་ལིངས་གེཊ་ (Old Billingsgate) དུ་འཚོགས་པའི་མཛད་སྒོའི་ཐོག་ཁྱབ་བསྒྲགས་བྱས་འདུག
ཤོག་ངོས་ ༡༩༨ ལས་མེད་པའི་«ཡོད་ཚད་ཀྱི་མཐའ་མ།»ནི་ད་ལོའི་རྟིང་རྩོད་ཐོ་གཞུང་ནང་ཡོད་པའི་བརྩམས་སྒྲུང་ཚང་མའི་ནང་ནས་ཐུང་ཤོས་དེ་ཡིན་ཞིང། སྒྲུང་གི་བརྗོད་གཞི་གཙོ་བོ་ནི་མ་འོངས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ཀྱི་རྗེས་སུ་དབྱིན་ཇིའི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་སྡོད་པའི་ཕི་ལིབ་ཊེ་ནེནཊ་ (Phillip Tennent) དང་། ཁོང་གི་ཨ་ནེ་རྒན་མོ་མར་ནི་ (Marnie) གཉིས་ཡིན་ཞིང་། དེའི་ལོ་ཤས་སྔོན་ལ་གསང་བའི་རྐྱེན་ངན་ཞིག་བྱུང་བ་ཞིབ་འབྲི་བྱས་ཡོད་འདུག
དཔྱད་འདེམས་ཚོགས་ཆུང་གི་ཚོགས་གཙོ་ལོ་རྒྱུས་རིག་པ་བ་མེ་རི་བིརཌ་ (Mary Beard) ལགས་ཀྱིས་གསུངས་དོན། དཔྱད་འདེམས་པ་ཚོས་རྟིང་རྩོད་ནང་གི་བརྩམས་སྒྲུང་དྲུག་ལ་ཉིན་གང་ཧྲིལ་པོར་གྲོས་བསྡུར་བྱས་རྗེས། ཧེ་རི་སོན་ལགས་ཀྱི་བརྩམས་ཆོས་ལ་སྤྱི་མོས་ཐོག་གཟེངས་རྟགས་སྤྲོད་རྒྱུའི་ཐག་གཅོད་བྱས་འདུག ཁོང་གིས་དེབ་དེ་ནི་ཀློག་པ་པོའི་བསམ་བློ་རྨང་ནས་སྒུལ་བ་དང་། གྲང་ཤུར་ཤུར་གྱི་འཛུམ་མདངས་རྒྱས་པ། དེ་བཞིན་བརྩམས་ཆོས་ཀྱི་བརྗོད་དོན་ལ་བསམ་གཞིག་བྱས་ཚེ། ཡ་མཚན་པ་ཞིག་ལ་རེ་བའི་རྒྱུད་སྐུད་ཅུང་ཙམ་བསྣར་བའི་དེབ་ཅིག་རེད་ཅེས་བསྔགས་བརྗོད་བྱས་འདུག
ཧེ་རི་སོན་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས། ཁོང་གིས། ད་གཟོད་ང་རང་རྩོམ་པ་པོ་ངོ་མ་ཞིག་ཡིན་པའི་ཚོར་བ་བྱུང་། དེ་སྔ་གདེང་ཚོད་ཅི་ཡང་མེད། ཉེ་བའི་ཆར་བཟོ་གྲྭའི་ཐོན་རྫས་ལྟ་བུར་འགྱུར་བཞིན་པའི་བརྩམས་སྒྲུང་གི་ཁོར་ཡུག་ནང་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ལྟ་བུ་ནི་གལ་ཆེན་པོ་ཡིན་ཞེས་བཤད་འདུག
རྟིང་རྩོད་ཀྱི་ཐོ་གཞུང་ནང་སྔོན་ཆད་གཟེངས་རྟགས་དེ་ཐོབ་མྱོང་བའི་རྩོམ་པ་པོ་གཉིས་ཡོད་ཅིང་། དེ་ནི་སི་ཀོཊ་ལནཌ་དང་ཨ་རིའི་རྩོམ་པ་པོ་ཌག་ལསི་སི་ཊུ་ཝརཊ་ (Douglas Stuart) ལགས་ཀྱི་«ཇོན་གྱི་ཇོན།» (John of John) དང་། ཇ་མའེ་ཀའི་རྩོམ་པ་པོ་མར་ལོན་ཇེམས་ (Marlon James) ལགས་ཀྱི་«མི་སྣང་བར་གྱུར་བ་དག» (The Disappearers) བཅས་ཡིན། རྟིང་རྩོད་ཐོ་གཞུང་ནང་གི་བརྩམས་ཆོས་གཞན་དག་ནི་ཨི་ལི་ཟ་བེཐ་སི་ཊའུཊ་ (Elizabeth Strout) ལགས་ཀྱི་«ང་ཚོས་ནམ་ཡང་མི་བཤད་པའི་གཏམ།» (The Things We Never Say) དང་། ལུཀ་ཀེན་ནརཌ་ (Luke Kennard)ལགས་ཀྱི་«ཁུག་མ་ནག་པོ།» (Black Bag) རེ་བེ་ཀ་པེ་རི་ (Rebecca Perry) ལགས་ཀྱི་«ང་ཚོས་རྒྱལ་པོར་ཟས་འདྲེན་ཆོག་པར་ཤོག» (May We Feed the King) བཅས་ཡིན།
གཟེངས་རྟགས་ཐོབ་མཁན་ལ་དབྱིན་སྒོར་ ༥༠,༠༠༠ དང་། རྟིང་རྩོད་ཐོ་གཞུང་ནང་གི་རྩོམ་པ་པོ་གཞན་ཚོར་དབྱིན་སྒོར་ ༢,༥༠༠ རེ་སྤྲོད་ཀྱི་ཡོད་འདུག ན་ནིང་གི་གཟེངས་རྟགས་དེ་ཧང་གྷ་རི་དང་དབྱིན་ཇིའི་རྩོམ་པ་པོ་ཌེ་ཝིཊ་སཱ་ལའེ་ (David Szalay) ལགས་ཀྱི་«ཤ་སྣག» (Flesh) ཅེས་པའི་བརྩམས་སྒྲུང་ལ་ཐོབ་ཡོད།
དུས་བབ་གསར་ཁང་གིས་སྤེལ།

