པོ་ལེན་ཌིའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས་འདུག

དེ་རིང་ཕྱི་ཚེས་ ༡༨ ཉིན། པོ་ལེན་ཌི (Poland) རྒྱལ་ཁབ་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་ལ་མཇལ་བཅར་ཞུས་འདུག ཚོགས་ཆུང་དེས་ཉིན་གསུམ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལ་འཚམས་གཟིགས་གནང་ནས་སྲིད་ཚབ་དང་སྤྱི་འཐུས་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་ཡོད་འདུག
སྐུ་ཚབ་ཚོགས་ཆུང་དེའི་ཁྲོད་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་རཡུ་ཤཱི་ཀ་མིན་སིཀི་ (MEP Mariusz Kamiński) མཆོག་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཆི་ཝ་སིཀ་ (MEP Maciej Wąsik) མཆོག ཁོང་གཉིས་ཀྱི་སྐུ་ཟླ་བྷར་བྷ་ར་ཀ་མིན་སིཀི་ (Mrs. Barbara Kamińska) ལགས་དང་རོ་མ་ཝ་སིཀ་ (Mrs. Roma Wąsik) ལགས། དེ་བཞིན་འཐུས་མི་ཀ་མིན་སིཀི་མཆོག་གི་ཕྱག་རོགས་སེ་ལ་ཝོ་མིར་མོཀ་ཨུན་ (Sławomir Mockun) ལགས་བཅས་ཡོད་འདུག
མཇལ་ཁ་གྲུབ་རྗེས་འདི་གའི་གསར་འགོད་པས་ཁོང་རྣམ་པར་བཅར་འདྲི་ཞུས་པར། ཁོང་ཚོས། ང་ཚོ་ནི་པོ་ལེན་ཌིའི་ཡུ་རོབ་གྲོས་ཚོགས་འཐུས་མི་ཡིན། ང་ཚོ་ལ་མཚོན་ན་ཏཱ་ལའི་བླ་མ་ནི་ཆེས་རླབས་ཆེ་བའི་འཛམ་གླིང་གི་ཆོས་ཀྱི་དེད་དཔོན་ཡིན་ལ། ཐེངས་འདིར་ཁོང་ལ་མཇལ་བཅར་བྱུང་བར་ཤིན་ཏུ་དགའ་བོ་བྱུང་ཡོད། བོད་ལ་མང་གཙོའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཐོབ་པའི་ཉིན་ཞིག་ཤར་ངེས་རེད། རྒྱུ་མཚན་ནི་ང་ཚོ་ཚང་མས་རྒྱ་ནག་ནི་མང་གཙོ་དང་འཛམ་གླིང་ཞི་བདེ་ལ་ཉེན་ཁ་བཟོ་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་གནད་དོན་དེ་ཡུ་རོབ་མཐུན་ཚོགས་ནང་གནས་ཚད་མཐོ་རུ་གཏོང་གི་ཡིན། ཁ་སང་ང་ཚོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མཇལ་འཕྲད་བྱས་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རིམ་པར་ང་ཚོས་སྤེལ་བཞིན་པའི་བོད་དོན་རྒྱབ་སྐྱོར་ཀྱི་ལས་འགུལ་སྐོར་ལ་ངོ་སྤྲོད་བྱས་པ་ཡིན། ང་ཚོས་བོད་ཀྱི་འཐབ་རྩོད་ལ་ང་ཚོས་མཉམ་འཇོག་བྱེད་པ་དང་རྒྱབ་སྐྱོར་བྱེད་པའི་འདུན་པ་བརྗོད་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ནང་བོད་ནང་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་ཆེད་དམིགས་བསལ་གྲོས་ཆོད་བཞག་ཡོད་པ་མ་ཟད། ང་ཚོས་རྒྱ་ནག་གིས་འཛམ་གླིང་ཡོངས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་སྐྱོན་བརྗོད་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།
ཡང་མུ་མཐུད་དུ། ང་ཚོ་ནི་བོད་ཀྱི་གྲོགས་པོ་ཡིན་པས་ང་ཚོས་གང་ཐུབ་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱ་ནག་ནི་མང་གཙོའི་ཉེན་ཁ་ཞིག་ཡིན་པ་དང་ང་ཚོའི་རྒྱལ་ཁབ་ཀྱི་མང་གཙོའི་བྱ་རིམ་ལ་ཐེ་གཏོགས་བྱེད་ཐབས་བྱེད་ཀྱི་ཡོད་པ་ཧ་གོ་ཡི་ཡོད་སྟབས་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བཀག་འགོག་བྱེད་བཞིན་ཡོད། ང་ཚོ་པོ་ལེན་ཌི་ནས་ཡིན་པ་དང་། པོ་ལེན་ཌི་ནང་དམར་ཤོག་གི་དྲག་གནོན་མྱངས་ཡོད། ང་ཚོའི་ཆོས་ལུགས་ཀྱི་འགོ་ཁྲིད་ཡེ་ཤུའི་ཆོས་དཔོན་ཇོན་ཕོལ་དང་པོ་ ( Pope John Paul I) ཡི་ལམ་སྟོན་འོག་ང་ཚོ་རྒྱ་ནག་ལས་རྒྱལ་བ་རེད། ཆོས་དཔོན་ཇོན་ཕོལ་གྱིས་པོ་ལེན་ཌི་མི་དམངས་ལ་ལམ་སྟོན་གནང་བ་ལྟར་ཁྱེད་ཚོ་ལའང་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡོད་པས། ཁོང་གི་དབུ་ཁྲིད་འོག་ཁྱེད་ཚོར་འཐབ་རྩོད་འདི་ལས་རྒྱལ་ཁ་ཐོབ་རྒྱུར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།
ཁ་སང་ཕྱི་ཚེས་ ༡༧ ཉིན། སྐུ་ཚབ་ཚོགས་ཆུང་དེ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཏེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་སྐོར་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་དང་། མཇལ་འཕྲད་གྲུབ་མཚམས་སྐུ་ཚབ་ཚོགས་ཆུང་ལ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་ཞུས་ཡོད། ཉིན་དེར་ཚོགས་ཆུང་དེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་སྦྲ་གཉིས་ཚེ་རྒྱལ་མཆོག་དང་བཀའ་བློན་རྣམ་པར་མཇལ་འཕྲད་གནང་ཡོད། ཉིན་དེའི་དགོང་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་སྐུ་ཚབ་ཚོགས་ཆུང་ལ་དགོང་དྲོའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པ་དང་། གསོལ་སྟོན་ཐོག་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ཆེད་བཅར་ཞུས་ཡོད།
ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོར་བཀའ་ཤག་གིས་བཀའ་ཤག་ཡིག་ཚང་དུ་སྐུ་ཚབ་ཚོགས་ཆུང་ལ་ཆེད་དུ་གཞུང་འབྲེལ་གསོལ་སྟོན་ཞིག་བཤམས་ཡོད། ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་དང་སྲིད་ཚབ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་སྐུ་ཚབ་ཚོགས་ཆུང་ཕེབས་པ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། གསོལ་སྟོན་དེའི་ཐོག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་པདྨ་མཚོ་མཆོག བཀའ་ཤག་དྲུང་ཆེ་འབུམ་རམས་པ་ཚེ་དབང་རྒྱལ་པོ་ཨ་རྱ་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་རིན་ཆེན་ལགས། བཀའ་ཤག་གི་དྲུང་འཕར་ལྷག་པ་སྒྲོལ་མ་ལགས་བཅས་ཕེབས་ཡོད།
འཐུས་མི་ཀ་མིན་སིཀི་མཆོག་དང་ཝ་སིཀ་མཆོག་གཉིས་ཕྱི་ལོ་ ༢༠༢༤ ལོར་པོ་ལེན་ཌིའི་ཆབ་སྲིད་ཚོགས་པ་ཁྲིམས་དང་དྲང་བདེན་ (Law and Justice) གྱི་འཐུས་མིར་ཡུ་རོབ་གྲོས་ཚོགས་སུ་འདེམས་ཐོན་བྱུང་བ་ཞིག་རེད་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
