ཨ་ནེ་ཆོས་དབྱིངས་སྒྲོལ་མ་ལུམ་བི་ནི་ཡར་རྒྱས་ཐེབས་རྩའི་ཚོགས་གཞོན་དུ་བསྐོ་བཞག་བྱས་པའི་ཟླ་གཅིག་ཙམ་གྱི་རྗེས་སུ། དངོས་སུ་ལས་འཁུར་མགོ་འཛུགས་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༨ ཉིན། ལིམ་བི་ནི་ཡར་རྒྱས་ཐེབས་རྩའི་ཚོགས་གཞོན་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ལགས་བལ་ཡུལ་གཞུང་གིས་བསྐོ་བཞག་བྱས་ནས་བདུན་ཕྲག་འགའ་ཤས་སོང་བའི་རྗེས་སུ་ཁོང་མོས་ལས་འགན་དངོས་སུ་འཁུར་འདུག
ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན། བལ་ཡུལ་ (Kathmandu Post) ཡིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གཞུང་གི་བློན་ཆེན་ལྷན་ཚོགས་ཀྱིས་གཞས་མ་དང་སྤྱི་ཚོགས་ཞབས་ཞུ་བ་བཅས་ཡིན་པའི་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ལགས་ལུམ་བི་ནི་ཡར་རྒྱས་ཐེབས་རྩའི་ཚོགས་གཞོན་དུ་བསྐོ་བཞག་བྱས་ཡོད་པ་དང་། ཁོང་མོ་བསྐོ་བཞག་བྱས་ནས་ཟླ་གཅིག་ཙམ་རྗེས་ལ་དངོས་སུ་ལས་འཁུར་མགོ་བརྩམས་ཡོད་འདུག དུས་མཚུངས་སུ་དྲུང་ཆེ་གསར་པ་སན་ཊོ་ཤི་ཕན་ཌི་ (Santosh Pandey) ལགས་ཀྱིས་ཀྱང་ལས་འཁུར་མགོ་འཛུགས་བྱས་ཡོད་འདུག
བསྐོ་བཞག་བྱས་རྗེས། བལ་ཡུལ་རྒྱལ་ཡོངས་གཞོན་ནུ་མི་དམངས་ལས་འགུལ་ཁང་དང་། ཏ་མང་མི་དམངས་ཚོགས་པ། ལུམ་བི་ནི་ཡར་རྒྱས་ཐེབས་རྩ་དང་དགོན་པ་ཡར་རྒྱས་ཚོགས་ཆུང་སྲུང་སྐྱོབ་མཉམ་འབྲེལ་ཚོགས་ཆུང་བཅས་ཚོགས་པ་འགས་ཀ་ཐ་མན་ཌུའི་མཻ་ཏི་གྷར་དུ་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག དེ་ནི་ཁོང་མོའི་དངུལ་བྱང་ཐོག་ཕྱི་ནས་དངུལ་སྒོར་མང་པོ་བླངས་པ་དང་། བོད་རིགས་ཡིན་པ་གང་ཞིག་ལ་བལ་ཡུལ་གྱི་མི་སེར་ཐོབ་ཐང་ཡིག་ཆ་ཡོད་པའི་གནད་དོན་སོགས་ལ་དམིགས་ནས། ངོ་རྒོལ་བ་རྣམས་ཀྱིས། བསྐོ་བཞག་འདི་ནི་ཁྲིམས་མཐུན་མིན་པས་ཕྱིར་འཐེན་བྱེད་དགོས་པ་དང་། ཕྱོགས་གང་ཐད་ནས་ཞིབ་བཤེར་ཡང་དག་མ་བྱས་པར་ལས་འཁུར་མགོ་འཛུགས་བྱེད་མི་ཆོག་པའི་དགོས་འདུན་བཏོན་ཡོད་འདུག
ལུམ་བི་ནི་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་ས་ཡིན་པས། ནང་པའི་གནས་རྩ་ཆེ་ཤོས་ཤིག་ཡིན་པ་དང་། བལ་ཡུལ་གཞུང་གི་འགྲོ་ལུགས་ལྟར་ན། རིག་གཞུང་དང་ཡུལ་སྐོར་མཁའ་འགྲུལ་བློན་ཆེན་གྱིས་ལུམ་བི་ནི་ཡར་རྒྱས་ཐེབས་རྩའི་ཚོགས་གཙོའི་འགན་འཁུར་གྱི་ཡོད་པ་དང་། བལ་གཞུང་གིས་ཚོགས་གཞོན་དང་ལས་བྱེད་གཞན་རྣམས་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད་འདུག ཨ་ནེ་ཆོས་དབྱིངས་སྒྲོལ་མའི་སྔོན་གྱི་ཚོགས་གཞོན་ནི་མཁན་པོ་འཆི་མེད་ཚེ་རིང་ཞེས་པ་རེད་འདུག ད་བར་ཚོགས་གཞོན་འགན་འཁུར་མཁན་མི་བཅུ་དྲུག་ཙམ་བྱུང་ཡོད་པ་དང་། ཨ་ནེ་ཆོས་དབྱིངས་སྒྲོལ་མ་ནི་ལས་གནས་འདིའི་ཐོག་འགན་འཁུར་མཁན་གྱི་བུད་མེད་ཐོག་མ་དེ་རེད་འདུག
ལུམ་བི་ནི་ཡར་རྒྱས་ཐེབས་རྩ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་ས་ཚིགས་བསྐྱར་གསོ་དང་ཡར་རྒྱས་གཏང་རྒྱུའི་ཆེད་དུ་ཕྱི་ལོ་ ༡༩༨༥ བཙུགས་པ་ཞིག་རེད། དེའི་ཁོངས་སུ་ལུམ་བི་ནི་སྐྱེད་མོའི་ཚལ་དང་། སྟོན་པ་བཅོམ་ལྡན་འདས་དང་འབྲེལ་ཡོད་ཀྱི་ནང་པའི་གནས་ཆེན་སེར་སྐྱའི་གྲོང་སོགས་ཡོད་པ་རེད།
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།