དབྱར་ཁའི་མེ་ཏོག
དེ་རིང་ནི་ཕྱི་ཟླ་ ༡༡ ཚེས་ ༥ རེད། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ནས་ཉིན་གྲངས་གསུམ་རིང་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཚོགས་བཅར་པ་ ༢༠༦ ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འདུ་འཛོམས་ཀྱིས་བཀའ་བློན་ཁྲི་ཟུར་བདག་ཉིད་ཆེན་པོ་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ཉིན་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་བརྩི་བྱ་རྒྱུར་གྲོས་ཆོད་བཞག དེ་བས་དེ་རིང་ནི་ཟམ་གདོང་རིན་པོ་ཆེ་དགུང་གྲངས་ ༨༧ ལ་ཕེབས་པའི་འཁྲུངས་སྐར་དང་། བོད་ཀྱི་དགེ་རྒན་ཉིན་མོ་དུས་ཆེན་གཉིས་འཛོམས་ཆགས་ཡོད།

ཤེས་རིག་བཀའ་བློན་གྱིས་བོད་ཀྱི་དགེ་རྒན་ཉིན་མོར་གསུང་འཕྲིན་གཅིག་གནང་འདུག དེའི་ནང་ལ་ཟམ་གདོང་རིན་པོ་ཆེའི་ཆེ་བ་མང་པོ་བརྗོད་འདུག་ལ། ཤེས་འཇོན་ལྷག་གསུམ་ལྡན་པའི་དགེ་ལས་རྣམས་ལ་འཚམས་འདྲི་ཞུས་འདུག དེ་ནི་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ཤེས་རིག་བཀའ་བློན་གྱི་ལས་འགན་ཁུར་ནས་གཞུང་འབྲེལ་གསུང་འཕྲིན་གནང་བ་ཐེངས་དང་པོ་ཡིན་ངེས་ཀྱང་། ས་བཅད་མ་སྟོང་ཙམ་ལས། གནད་དུ་སྨིན་པ་ཞིག་དང་ཆ་ཚང་བ་ཞིག་བྱུང་མི་འདུག དངོས་གནས་བྱས་པ་ཡིན་ན། ད་ལྟ་བཙན་བྱོལ་བོད་མིའི་ཕྲུ་གུ་མང་ཆེ་བ་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ཡོད་པ་དང་། གཟའ་མཇུག་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་གི་ནང་ལ་ཡོད་པའི་བོད་ཕྲུག་སློབ་མའི་གྲངས་འབོར་མང་ཉུང་བསྡུར་ཚེ་ནུབ་ཕྱོགས་སུ་བོད་ཕྲུག་མང་བ་མེད་ཀྱང་འདྲ་མཉམ་ཀྱི་གནས་སྟངས་ཆགས་ཡོད། དེ་བས་ནུབ་ཕྱོགས་སུ་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱོང་སྤྱོད་བྱེད་སའི་ཁོར་ཡུག་གཉིས་རང་ཡོད་པ་ནི་ཁྱིམ་ཚང་དང་། གཟའ་མཇུག་སློབ་གྲྭ་གཉིས་ཆགས་ཡོད། གཟའ་མཇུག་སློབ་གྲྭའི་དགེ་རྒན་མང་ཆེ་བ་དྭང་བླངས་ཡིན་པ་དང་། སོ་སོའི་ལྟོ་གོས་ཆེད་དུ་ལས་ཀ་བྱེད་དགོས་པ་དང་ཁྱིམ་ཚང་གི་ནང་མི་ལྷན་དུ་དུས་ཚོད་གཏོང་དགོས་པའི་ཐོག་ནས་ཐབས་བརྒྱ་ཇུས་སྟོང་གིས་དུས་ཚོད་བཏོན་ནས་གཟའ་མཇུག་སློབ་གྲྭར་དགེ་རྒན་བྱས་དང་བྱེད་མུས་ཙམ་མིན་པར། ཕྲན་གྱི་ངོ་ཤེས་ཨ་རིའི་རྒྱལ་སའི་ཁུལ་གྱི་གཟའ་མཇུག་སློབ་གྲྭའི་ནང་ལ་དང་བླངས་དགེ་རྒན་ཁ་ཤས་ཀྱིས་ལོ་ ༢༠ ནས་ ༣༠ ལྷག་དགེ་རྒན་མུ་མཐུད་གནང་བ་དང་། བོད་ཕྲུག་ཚོས་བོད་སྐད་ཡག་པོ་བསྐྱོན་ཐུབ་པའི་གནས་སྟངས་བྱུང་ཡོད་སྟབས། དངོས་གནས་བྱས་ན། ཤེས་རིག་ལས་ཁུངས་ནས་བོད་ཀྱི་དགེ་རྒན་ཉིན་མོ་དེ་ལྟ་བུའི་གོ་སྐབས་བརྒྱུད་ནས་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་བསྔགས་བརྗོད་དང་། འཚམས་འདྲི། སེམས་བསྐུལ་གཏོང་དགོས་ངེས་ཀྱང་། གཟའ་མཇུག་སློབ་གྲྭ་ཚིག་ཟུར་ཙམ་ཡང་མཐོང་རྒྱུ་མེད་པ་ནི་གྲོས་ཚོགས་ནང་ལ་ཤེས་རིག་ལས་བསྡོམས་སྐབས་སུ་གཟའ་མཇུག་སློབ་གྲྭ་གལ་ཆེན་ཡིན་པ་ཇི་ཙམ་བརྗོད་པ་སྤྱི་འཐུས་རྣམ་པར་ལན་འདེབས་དང་། འདྲ་ཆགས་པོ་ཙམ་ལས་ཤེས་རིག་ལས་ཁུངས་ཀྱི་སེམས་གཏིང་ལ་གཟའ་མཇུག་སློབ་གྲྭ་དང་། ནུབ་ཕྱོགས་ཀྱི་བོད་ཕྲུག་ཚོ་མེད་པ་གསལ་སྟོན་གནང་འདུག
ཕྲན་ནི་ཤེས་ཡོན་ནུས་གསུམ་གང་ཡང་མེད་མཁན་ཞིག་ཡིན་ནའང་། འདས་པའི་བགྲང་བྱ་གཉིས་ཙམ་གྱི་ཡར་སྔོན། ༢༠༠༧ ཙམ་ལ་གླ་ཡོད་ལས་གཞི་གཅིག་དང་འབྲེལ་ནས་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ལ་དོ་སྣང་དང་། ལས་ཀ་བྱེད་དགོས་པའི་གནས་སྟངས་ཆགས་པ་ནས་བཟུང་། རིན་པོ་ཆེའི་གསུང་བཤད་ཁག་གོ་རིམ་འགྲིག་ལ། ནང་དོན་མ་འཁྲུག་པ། བརྗོད་དོན་གསལ་བ། ཚིག་ལྷག་མེད་པ་དང་། གང་གསུངས་པའི་ཚིག་འབྲུ་རེ་རེ་ལ་ཡང་གོ་བ་དམིགས་བསལ་ཡོད་པ་བཅས་མཇལ་བ་ནས་དོ་སྣང་སླེབས་པ་དང་། ད་བར་ལོ་བཅུ་ཕྲག་གཉིས་ཙམ་རིང་ལ་མུ་མཐུད་ནས་རིན་པོ་ཆེའི་གསུང་བཤད་དང་གསུང་རྩོམ། བཀའ་ཆོས་ཁག་ལ་དོ་སྣང་གིས་སློབ་སྦྱོང་བྱས་དང་བྱེད་མུས་ཡིན་པ་དང་། ཇི་ཙམ་མཇལ་བ་ཙམ་གྱིས་དེ་ཙམ་གྱིས་དད་པ་དང་། མོས་གུས་སྐྱེ་བ་མ་ཟད། རིན་པོ་ཆེའི་བཀའ་ཆོས་ཀྱི་མཇུག་ལ། མདོར་ན་གང་ཞུས་པ་དེ་དག་ཐམས་ཅད་ཅི་ནས་ཀྱང་ཕྱག་ལེན་ལ་འཁེལ་པར་ཞུ། ཞེས་གསུངས་པ་དེས། རིན་པོ་ཆེའི་གསུང་སྟངས་དང་། མཁྱེན་པར་ཧང་སང་བ་དང་ཡིད་སྨོན་སྐྱེས་ནས་བསྡད་རྒྱུ་མེད་པར། རིན་པོ་ཆེས་གང་གསུངས་པ་དེ་དག་ལག་བསྟར་གྱིས་རང་སེམས་ལ་ཞུ་དག་དང་། བཅོས་བསྒྱུར་གྱིས་སེམས་མ་འདུལ་བ་འདུལ་བ་དང་། མ་ཞི་བ་ཞི་བ། དེ་ནས་ཉེ་བར་ཞི་བའི་ལམ་ལ་འཇུག་ཐབས་བྱ་དགོས་པའི་གདམས་པ་དེ་དག་གིས་རང་ཉིད་ལ་ཧ་ལས་པའི་ཕན་ཐོགས་ཆེན་པོ་བྱུང་ལ། ཕྲན་གྱིས་རྒྱ་གར་བ་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་དང་། མཁས་དབང། རྩོམ་པ་པོ། མཚན་ཉིད་པ། ལྟ་གྲུབ་སྨྲ་བ་སོགས་མང་པོ་ཞིག་གིས་རིན་པོ་ཆེའི་ཞབས་ལ་མགོ་བོ་བཏུད་པའི་གནས་སྟངས་ལན་མང་མཇལ་སྐལ་བྱུང་། ཕྱི་ལོ་ ༢༠༠༨ རིན་པོ་ཆེ་བཀའ་བློན་ཁྲི་པའི་ཐུགས་འགན་བཞེས་བཞིན་པའི་སྐབས་སུ། ཝ་ཎ་མཐོ་སློབ་ལ་བདག་ཉིད་ཆེན་པོ་གྷན་དྷིའི་འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་ལ་ཉིན་གྲངས་བཅུའི་ཟབ་སྦྱོང་གཅིག་གོ་སྒྲིག་གནང་འདུག་པ་དེར་བཅར་བསྐལ་བྱུང་། ཚོགས་བཅར་པ་ཕལ་ཆེ་བ་ནི་རྒྱ་གར་བ་མཐོ་སློབ་ཀྱི་དགེ་རྒན་དང་མཁས་དབང་། ཆབ་སྲིད་མི་སྣ་དེ་འདྲ་ཡང་འདུག བོད་པ་ཉུང་ཤས་ཡོད་པ་དེ་དག་ལས་མང་པོ་ཞིག་ཕལ་ཆེར་གཞུང་ཞབས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེ་ཟུང་ནས་ཕེབས་པ་ཡང་ཡོད་ས་རེད། སྐབས་དེ་དུས་རིན་པོ་ཆེ་ཚོགས་ཐེངས་གཉིས་ཙམ་ལ་གསུང་བཤད་གནང་བར་ཕེབས་སོང་། རིན་པོ་ཆེས་ཧིན་སྐད་ཐོག་ནས་གསུང་བཤད་གནང་བ་དང་། རྗེས་སུ་ཚོགས་བཅར་པ་ནང་ཁུལ་བགྲོ་གླེང་སྐབས་སུ། རྒྱ་གར་བ་མཐོ་སློབ་དགེ་རྒན་དང་། མཁས་དབང་ཡིན་ཟེར་མཁན་ཚོས་རིན་པོ་ཆེའི་ཧིན་སྐད་བརྡ་རྙིང་ཚིག་མཁྲེགས་པོ་དང་། མཐོན་པོ་ཡིན་པས་གོ་ཁག་པོ་འདུག་ཅེས་དང་། ནང་དོན་ཐད་ལ་རིན་པོ་ཆེའི་མཁྱེན་པ་རྒྱས་པོ་དང་། ཐུགས་ཉམས་ཆུང་ལ་ཧང་སང་བ་དང་། རྗེས་སུ་ཡི་རང་ཞུ་མཁན་གྲངས་ལས་འདས་པ་འདུག དེ་ནས་རིམ་པ་མང་པོར་ཕྲན་གྱིས་རྒྱ་གར་གྱི་མཁས་པ་མང་པོས་རིན་པོ་ཆེའི་མཁྱེན་པར་གུས་བརྩི་དང་སློབ་སྦྱོང་། དད་གུས་ཞུ་བཞིན་པ་མཇལ་སྐལ་བཟང་པོ་བྱུང་།
ད་ལན་ཕྲན་གྱིས་བོད་ཀྱི་དགེ་རྒན་ཉིན་མོ་དང་། ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་འདི་དང་སྟབས་བསྟུན་ནས་ཐུགས་རྗེ་ཆེ་ཞུ་འདོད་པ་ནི། རིན་པོ་ཆེའི་ཞབས་ཕྱི་དང་སློབ་མའི་གཙོ་བོ་འབུམ་རམས་པ་མཁས་དབང་བསྟན་འཛིན་དོན་ཡོད་དང་། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ནས་ང་དང་ང་འདྲ་པའི་རྨོངས་རྒན་རྣམས་ལ་རིན་པོ་ཆེའི་གསུང་ལ་སློབ་སྦྱོང་བྱེད་སའི་དྲྭ་རྒྱ་དང་། ངོ་དེབ་སོགས་ནས་མཐུན་རྐྱེན་བསྐྲུན་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ད་དུང་དགའ་འོས་པ་གཅིག་ནི། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་ནས་ད་དུང་ཡར་རྒྱས་ཀྱིས། ཟམ་གདོང་རིན་པོ་ཆེའི་གསུང་ཁག་དྲ་ཐོག་དཔེ་མཛོད་ (Digital Library) འཛུགས་འཆར་ཡོད་འདུག
ཕྲན་ལྟ་བུས་རིན་པོ་ཆེའི་ཆེ་བ་བརྗོད་མི་ཐུབ་ཀྱང་། དེ་སྔ་ཟམ་གདོང་རིན་པོ་ཆེས་བཀའ་ཁྲིའི་ཐུགས་འགན་སྐབས་གཉིས་རིང་བཞེས་ནས་ཚང་ལ་ཉེ་བའི་དུས་སྐབས་སུ། སྦེལ་ཇམ་བོད་རིགས་ཚོས་གོ་སྒྲིག་ཞུས་པའི་ཐུགས་རྗེ་ཆེ་ཞུའི་མཛད་སྒོར། ཀརྨ་པ་རིན་པོ་ཆེ་མཆོག་གིས། གལ་སྲིད་༧རྒྱལ་བ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་ཇི་བཞིན་པ་རྟོགས་མཁན་ཡོད་ཚེ། དེ་ནི་ཟམ་གདོང་རིན་པོ་ཆེ་ཡིན་ས་རེད། ཅེས་གསུངས་པ་དེ་ནི་བསྡོམས་ཆེན་པོ་གཅིག་རེད་ལ། ད་ལན། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། དཔའ་བོ་ཟེར་ན་ཟམ་གདོང་རིན་པོ་ཆེ་ནི་ངེས་པ་དོན་གྱི་དཔའ་བོ་རེད། སྔོན་མ་བོད་ནང་ལ་མི་ཞིག་གིས་བོད་དུ་དཔའ་བོ་སུ་སུ་བྱུང་བ་རེད་ཅེས་དྲིས་པར་བོད་ལ་དཔའ་བོ་མང་པོ་བྱུང་ཡོད་ཀྱང་། དཔའ་བོ་དམིགས་བསལ་བ་ཞིག་ནི་མི་ལ་རས་པ་རེད་ཅེས་ལབ་བཏབ་པ་རེད། ཅེས་སོགས་གསུངས་འདུག ཕྲན་གྱིས་ད་བར་ཟམ་གདོང་རིན་པོ་ཆེར་མཁས་པ་དང་། མཁས་དབང་། བདག་ཉིད་ཆེན་པོ། སྐྱབས་རྗེ། སོགས་ཞུ་མཁན་མང་པོ་མཇལ་བ་ལས། དཔའ་བོ་ཞེས་ཞུ་མཁན་ཐེངས་དང་པོ་མཇལ་བ་དང་དེ་རང་རེད་བསམ་པ་བྱུང་།
ཟམ་གདོང་རིན་པོ་ཆེས་ཤེས་ཡོན་དང་། ཆབ་སྲིད། ཆོས་ཕྱོགས་ཀྱི་མཛད་འཕྲིན་འདི་དང་དེ་ཞེས་ཕྲན་གྱིས་འདིར་འབྲི་ཡི་མིན། གལ་སྲིད་ངས་ཞུས་པ་ཡིན་ནའང་། མི་རྒྱའུ་ལ་སྤུ་འདུག་ཟེར་པ་ལྟར་སྙིང་པོ་དེ་ཙམ་མེད་པར་གྱུར་ངེས། དེ་བས་མཐའ་སྡོམ་ལ། དེ་སྔ་སྐྱབས་རྗེ་ཀིརྟི་རིན་པོ་ཆེས། ཟམ་གདོང་རིན་པོ་ཆེས་སྲིད་ཀྱི་ཐུགས་འགན་བཞེས་རིང་ལ་ཧ་ལམ་ཆོས་ཕྱོགས་གང་ཡང་མཁྱེན་གྱི་མེད་པ་ལྟ་བུ་བཞུགས་གནང་སོང་། ཆབ་སྲིད་ཐུགས་འགན་ནས་བགྲེས་ཡོལ་ལ་ཕེབས་རྗེས། གདན་ས་གྲྭ་ཚང་ཁག་ལ་གཞུང་ཆེན་པོ་ཁག་གི་བཀའ་ཁྲིད་ཉིན་གྲངས་དང་ཟླ་གྲངས། ལོ་གྲངས་མང་པོ་གནང་བ་སོགས་ཧ་ལས་པ་རེད། ཅེས་སོགས་གསུངས་པ་ངས་གསལ་པོ་དྲན་གྱི་འདུག དངོས་གནས་རེད། རིན་པོ་ཆེ་ལ། རྒྱ་གར་མཐོ་སློབ་མང་པོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་གར་གཞུང་གི་སློབ་སྟོན་ཚོགས་ཆུང་ནང་ལ་གདན་འདྲེན་ཞུས་པ་སོགས་མཛད་འཕྲིན་ཧ་ལས་པ་ཡོད་ནའང་། ཁ་ཤས་ལྟར། རྒྱ་གྲགས་བོད་གྲགས་མི་གནང་བར་། གསེར་ས་འོག་ལ་ཡོད་ཀྱང་། འོད་ནམ་མཁའ་ལ་འཕྲོ། ཞེས་པ་རིན་པོ་ཆེའི་མཛད་པ་ཁག་ལས་མཇལ་ཐུབ་བོ།།


