ཀྲུང་གོའི་རང་དབང་རིག་གནས་ལས་འགུལ་དང་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཀྱི་ཚོགས་འདུའི་སྟེང་གི་ཆེད་བརྗོད།
ཧོང་པེན་གྱིས་བརྩམས། ཚེ་རིང་རྒྱལ་གྱིས་བསྒྱུར།
ད་ལོ་ནི་ཏཱ་ལའི་བླ་མ་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ ༢༠ འཁོར་པའི་དུས་ལ་འཁེལ་ཡོད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་ཁྲོད་དུའང་། མི་རེ་འགའ་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ལ་བརྟེན་ནས་ད་གཟོད་རང་ཉིད་སྙན་གྲགས་རྒྱས་པ་དང་། མི་རེ་འགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལ་སྔར་ལས་ལྷག་པའི་གཟི་བརྗིད་བསྐྲུན་བཞིན་ཡོད། ཏཱ་ལའི་བླ་མ་མཆོག་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལ་སྔར་མེད་ཀྱི་རིན་ཐང་བསྐྲུན་མཁན་ཞིག་ཡིན་པ་བརྗོད་མ་དགོས་པ་ཞིག་རེད།
དུས་རབས་ཕྱེད་ཀའི་ཡར་སྔོན་དུ། བོད་བརྒྱུད་ནང་བསྟན་རིག་གནས་ཉེན་འཇིགས་ཀྱི་གནས་ལས་སྐྱོབ་ཆེད། ཏཱ་ལའི་བླ་མས་བོད་མི་ཁྲི་བཅུ་ལྷག་གི་དབུ་ཁྲིད་དེ་བྱ་རྒྱལ་རྒོད་པོའང་བགྲོད་པར་དཀའ་བའི་རི་བོ་ཧི་མ་ལ་ཡའི་ཕྲག་དཔུང་བརྒལ་ཏེ་བཙན་བྱོལ་གྱི་ལམ་བུ་སྙེགས་ཤིང་། དུས་ད་ལྟའི་བར་དུ་དཀའ་སྡུག་གི་བརྒྱུད་རིམ་སྣ་ཚོགས་ཁྲོད་བློ་སྟོབས་བརྟན་པོས་རྒྱུན་བསྲིངས་བྱས་པའི་བཙན་བྱོལ་གྱི་ལོ་ཟླ་ཧྲིལ་པོ་ནི་རང་དབང་འཚོལ་སྙེགས་ཀྱི་རླབས་ཆེན་ལོ་རྒྱུས་ཤིག་ཡིན་པར་བརྟེན། ཏཱ་ལའི་བླ་མ་མཆོག་ལ་འགྲོ་བ་མིའི་རིགས་ཀྱི་བླ་མེད་བརྩི་མཐོང་ཐོབ་པ་རེད།
ད་ཐེངས་ཏཱ་ལའི་བླ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ་ངོ་ ༢༠ འཁོར་བའི་དུས་སྐབས་འདི་དང་བསྟུན་ནས། ངས་ཀྲུང་གོའི་རང་དབང་ཤེས་རིག་ལས་འགུལ་ཚོགས་པའི་ཚབ་བྱས་ཏེ་བཀྲ་ཤིས་རྟེན་འབྲེལ་དང་གུས་བརྩི་བླ་མེད་ཞུ་རྒྱུ་ཡིན།
ཀྲུང་གོའི་རང་དབང་ཤེས་རིག་ལས་འགུལ་ནི། བསམ་བློའི་རང་དབང་དང་། རྩོམ་འབྲིའི་རང་དབང་། སྨྲ་བརྗོད་ཀྱི་རང་དབང་བཅས་སྲོག་ཤིང་དུ་འཛིན་པའི་ཤེས་ལྡན་མི་སྣའི་ལས་འགུལ་ཞིག་ཡིན། ཀྲུང་གོའི་རང་དབང་ཤེས་རིག་ལས་འགུལ་ལ་ཚོགས་མི་ ༡༦༠༠ ལྷག་ཡོད་ལ། དེའི་ཁྲོད་དུ་རྒྱ་མི་དང་བོད་པ། སོག་པོ། མན་ཇི་བ། ཡུ་གུར་བ། ཁ་ཆེ་བ་བཅས་མི་རིགས་སོ་སོའི་རང་དབང་གི་བསམ་བློ་ཅན་དང་རྩོམ་པ་པོ་སོགས་འདུས་ཡོད། དེའི་ཁྲོད་ཀྱི་བརྒྱ་ཆའི་ ༨༠ ཡན་ནི་ད་ལྟའང་ཀྲུང་གོའི་མངའ་འོག་གི་ས་ཁུལ་དག་ཏུ་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་རང་དབང་ཤེས་རིག་ལས་འགུལ་གྱི་ངོས་ནས་ཕུལ་བའི་རྟེན་འབྲེལ་དང་དད་གུས་ལྷག་བསམ་འདི་ཡིས། ཏཱ་ལའི་བླ་མ་མཆོག་གི་ལྷད་མེད་ཀྱི་མི་གཤིས་དང་བསམ་བློའི་རིན་ཐང་གི་ལྟ་བ་མཐའ་དག་མི་རིགས་དབྱེ་འབྱེད་ཀྱི་འདུ་ཤེས་ལས་ཆེས་ཆེར་བརྒལ་བའི་སྙིང་སྟོབས་དེ་ཡིས། ཀྲུང་གོའི་མངའ་འོག་ཏུ་སྡོད་པའི་རང་དབང་བརྩོད་ལེན་གནང་མཁན་གྱི་མི་རིགས་སོ་སོའི་ཤེས་ལྡན་པ་དག་ལ་བློ་འགུ་ཡིད་འགུགས་ཐེབས་ཤིང་དད་གུས་ལྷག་བསམ་སྐྱེས་བཞིན་པ་མཚོན་ཡོད།
ཉིན་འགའི་སྔོན་དུ། ཨོ་སུ་ཊོ་ལི་ཡའི་རྒྱ་ནག་པ་ཡིན་ཟེར་པའི་མི་སྐོར་ཅིག་གིས་བསམ་བཞིན་དུ་བརྙས་བཅོས་དམའ་འབེབ་ཀྱི་ཚིག་སྤྱད་དེ་ཏཱ་ལའི་བླ་མ་མཆོག་གི་མཛད་འཆར་ལ་ངོ་རྒོལ་བྱས་པ་དེ་ནི། དོན་དངོས་ཐོག་གུང་ཁྲན་དམར་ཤོག་དྲག་སྤྱོད་སྲིད་གཞུང་གི་རྒྱུག་ཁྱི་སྐོར་ཅིག་གིས་ཆེད་དུ་ཆབ་སྲིད་གཡོ་ཇུས་ཤིག་འཁྲབ་སྟོན་བྱས་པ་ཞིག་རེད། དེ་ཡིས་གུང་ཁྲན་དམར་ཤོག་དྲག་པོའི་གཞུང་གིས་རང་དབང་བདེན་དོན་འཚོལ་སྙེགས་གནང་མཁན་གྱི་བོད་མི་རིགས་ལ་བཟུང་བའི་འཁོན་སེམས་ཤིག་ལས་ཅི་ཡང་མཚོན་མི་ནུས། དེ་ལས་ལྡོག་པའི་གུང་ཁྲན་དམར་ཤོག་དྲག་པོའི་གཞུང་གིས་བཙན་འོག་ཏུ་ཡོད་པའི་ཀྲུང་གོའི་རང་དབང་ཤེས་རིག་ལས་འགུལ་གྱི་ཚོགས་མི་སྙན་ངག་པ་ཙང་ཝང་ལ་སོགས་ཀྱིས། <<ཀྲུང་གོའི་རང་དབང་ཤེས་རིག་ལས་འགུལ་དང་ཏཱ་ལའི་བླ་མ་མཆོག་གི་མཇལ་འཕྲད་འདུ་འཛོམས་ལ་དགའ་འགུ་ཡི་རང་ཞུ། >> ཞེས་པའི་ཤིས་ཚིག་ཕུལ་ཡོད་པ་འདི་དག་ནི། ད་གཟོད་བསམ་བློའི་རང་དབང་ལ་ཕྱོགས་པའི་ད་ལྟའི་ཀྲུང་གོ་རྒྱལ་ཁབ་ཀྱི་མངའ་ཁུལ་གྱི་མི་རྣམས་ཀྱིས་སེམས་གཏིང་ནས་ཏཱ་ལའི་བླ་མར་འཛིན་པའི་དད་གུས་ངོ་མ་དང་། བོད་ཀྱི་རིག་གཞུང་ཆག་འཇིག་གི་ཉེན་ཁར་གྱར་བཞིན་པར་གདུང་སེམས་མཉམ་བསྐྱེད་གནང་བཞིན་པ་མཚོན་ཡོད། འདི་ལྟའི་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་དེ་ཡིས་རང་དབང་དང་དྲང་བདེན་གྱི་ངོ་བོ་མཚོན་ཡོད།
གཟི་བརྗིད་ལྡན་པའི་ཚོགས་འདུ་འདིའི་སྟེང་དུ་ངས་དམིགས་བསལ་གྱིས་ཞུ་དགོས་པ་ཞིག་ལ། གུང་ཁྲན་དམར་ཤོག་དྲག་པོའི་གཞུང་གི་བཙན་འོག་ཏུ་ཡོད་པའི་སོག་རིགས་ཤེས་ལྡན་པ་དག་གིས་ང་རང་བརྒྱུད་དེ་ཏཱ་ལའི་བླ་མཆོག་ལ་ཕུལ་བའི་བརྩེ་སེམས་འཁོལ་བའི་འཚམས་འདྲི་དང་ལྷག་བསམ་དད་གུས་ཀྱི་སྐྱབས་འཇུག་རེ་སྐུལ་དག་སྙན་གསན་ཞུ་རྒྱུ་ཡིན།
ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་བ་མཆོག་ནང་སོག་ཏུ་སྐུ་འཁྲུངས་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་མཆོག་སྐུ་གཤེགས་ས་དེའང་ནང་སོག་ཆགས་ཡོད། བོད་བརྒྱུད་ནང་བསྟན་ནི་སོག་པོའི་མི་རིགས་ཀྱི་བསམ་བློའི་དབྱར་ལྗོངས་ཚུགས་ས་ཡིན། ད་ལྟ་གུང་ཁྲན་དམར་ཤོག་དྲག་པོའི་གཞུང་གི་བཙན་འོག་ཏུ་སོག་པོའི་མི་མང་གི་སེམས་ནང་དུ་དཀའ་སྡུག་མནོན་ཞིང་། ཆོས་དད་རང་དབང་རྩ་མེད་དུ་གྱུར་ཏེ་སོག་པོའི་རིག་གཞུང་བསམ་བློ་རྩ་བརླགས་ཏུ་འགྱུར་ཉེན་གྱི་གནས་སྟངས་ལ་གྱར་ཡོད་པ་མ་ཟད། གུང་ཁྲན་དམར་ཤོག་དྲག་པོའི་གཞུང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་སྤེལ་ཏེ་ནང་སོག་གི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། དེ་སྔའི་སོག་པོའི་དཔའ་མཛངས་ལྡན་པའི་ལོ་རྒྱུས་ཁྲོད་ཀྱི་མུ་མཐའ་མེད་པའི་རྩྭ་ཐང་དེ། ད་ལྟ་ཡིད་སྐྱོ་བའི་མྱ་ངན་ཐང་ཆེན་ཞིག་ཏུ་གྱུར་ནས་ཡོད་ཟེར།
གཞན། ངའི་སོག་རིགས་གྲོགས་པ་དག་གིས། ” ཏཱ་ལའི་བླ་མ་མཆོག་གིས་ངེད་ཅག་སོག་པོའི་མི་རིགས་ཀྱི་སེམས་ནང་གི་སྡུག་བསྔལ་དང་། སོག་པོའི་མི་རིགས་ཀྱི་རིག་གཞུང་རྩ་སྟོང་དུ་འགྲོ་ཉེན་ཡོད་པ་བཅས་བྱམས་བརྩེ་སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་གཟིགས་ཏེ། སོག་པོའི་མི་རིགས་ཀྱི་ནང་བསྟན་རིག་གནས་ཀྱི་བསམ་བློའི་འདུ་ཤེས་སླར་གསོ་གནང་སྐྱོང་ཡོང་བའི་རེ་བ་དང་། དེ་བཞིན་འཛམ་གླིང་འགྲོ་བ་ཡོངས་ཀྱིས་མིག་གི་རེ་ལྟོས་བྱེད་ས་གཅིག་པུར་གྱུར་བའི་སྐུ་ཉིད་ཀྱི་གཟི་བརྗིད་ལ་བརྟེན་ཏེ། འཛམ་གླིང་མི་མང་ཡོངས་ཀྱིས་གུང་ཁྲན་དམར་ཤོག་དྲག་པོའི་གཞུང་གི་བཙན་འོག་ན་ལུས་པའི་སོག་པོའི་མི་རིགས་ཀྱི་ཉམ་ང་བའི་རིག་གཞུང་དང་ཁོར་ཡུག་གི་གནས་སྟངས། དེ་བཞིན་སོག་པོའི་མི་རིགས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ཡོང་བར་རེ་སྐུལ་གནང་རོགས།” ཞེས་ཏཱ་ལའི་བླ་མ་མཆོག་ལ་སྙན་གསན་ཞུ་དགོས་པའི་ལས་བཅོལ་ཡང་གནང་སོང་།
ད་དུང་། གུང་ཁྲན་དམར་ཤོག་དྲག་པོའི་གཞུང་གི་བཙན་འོག་ཏུ་ཡོད་པའི་སོག་རིགས་གྲོགས་པོ་དག་གིས་ང་ལ་ལས་དོན་གཉིས་རེ་བཅོལ་བྱས་ཡོད། དང་པོ་ནི། ཏཱ་ལའི་བླ་མ་མཆོག་ལ་ལྷ་རྫས་ཁ་བཏགས་སེར་བོ་འདི་འབུལ་རོགས་ཟེར། གསེར་མདོག་ལྡན་པའི་ཁ་བཏགས་འདིས་སོག་པོ་མི་རིགས་ཀྱི་མཚར་སྡུག་ཉི་གཞོན་ལྟ་བུའི་དད་གུས་མཚོན་ཡོད་ཟེར། གཉིས་པ་ནི། <<ཉི་ནུབ་ཁྲོད་སིམ་པའི་རང་དབང་། >> ཞེས་པའི་ངའི་རྩོམ་དེབ་འདི་ཏཱ་ལའི་བླ་མ་མཆོག་ལ་འབུལ་རོགས་ཟེར། <<ཉི་ནུབ་ཁྲོད་སིམ་པའི་རང་དབང་། >>ཞེས་པའི་དེབ་འདི་ནི་ད་ལྟའི་དུས་སུ་གུང་ཁྲན་དམར་ཤོག་དྲག་པོའི་གཞུང་གི་བཙན་འོག་གི་སོག་པོའི་མི་རིགས་ཀྱི་དཀའ་སྡུག་བྲིས་ཡོད་པའི་དེབ་གཅིག་པུ་དེ་ཆགས་ཡོད།
ད་ལྟ། ཏཱ་ལའི་བླ་མ་མཆོག་ལ་ཕྲན་ནས་སོག་པོའི་མི་རིགས་ཀྱི་ཤེས་ལྡན་པ་དག་གིས་ཕུལ་བའི་ཁ་བཏགས་དང་། སོག་པོའི་མི་རིགས་ཀྱི་སེམས་ནང་གི་དཀའ་སྡུག་སྦྲུམ་ཡོད་པའི་བརྩམས་དེབ་གཉིས་འབུལ་ཆོག་པའི་བཀའ་ཁྲོལ་གནང་སྐྱོང་ཡོང་བ་ཞུ། ང་རང་གིས་ཡིད་རྟོན་བྱེད་བཞིན་པ་ཞིག་ལ། མི་རིགས་སུ་ཞིག་ཡིན་རུང་མི་རིགས་གཞན་གྱི་སེམས་ནང་གི་དཀའ་སྡུག་དེ་རང་སྟངས་ལ་ལེན་ཐུབ་པའི་ཚེ་ན། ད་གཟོད་རང་དབང་གི་འཚོལ་སྙེགས་དེ་མི་འགྱངས་པར་མངོན་འགྱུར་བྱེད་ཐུབ་ངེས།
ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢ ཉིན་ལ།
རྩོམ་པ་པོ་ཧོ་པན་དང་། རྩོམ་འདི་བོད་ཏུ་བསྒྱུར་བ་པོ་ཚེ་རིང་རྒྱལ་གཉིས་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། རྩོམ་འདི་ཐེངས་གཅིག་ཀློག་སྐབས་ངའི་སེམས་ནང་ཚོར་བ་ཁྱད་དུ་འཕགས་པ་ཞིག་སྦྱིན་བྱུང་།
རྨད་དུ་བྱུང་བ་ཞིག་བྲིས་འདུག བོད་སོག་མི་རིགས་གཉིས་ཀྱི་སེམས་ཁོང་གི་འབོད་སྒྲ་ནི་གདངས་དབྱངས་གཅིག་ལ་བརྒྱུས་པའི་ཁྲག་གི་ང་རོ་ཟུང་རེད།