བོད་མི་ཚོ་བཙན་བྱོལ་དུ་འབྱོར་རྗེས་བུ་ཕྲུག་རྣམས་བོད་པ་རྣལ་མ་ཞིག་ཡོང་བར་འབད་བརྩོན་ལྷོད་མྱོང་མེད། ད་བར་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་ངོས་དང་། འཛིན་སྐྱོང་སློབ་གསོའི་ངོས། སྤྱི་ཚོགས་སྒྲིག་འཛུགས་ཀྱི་ངོས་། ཕ་མ་ཚོའི་འགན་ལེན་གྱི་ངོས་ནས་མ་འོངས་བོད་ཀྱི་སོན་རྩ་ཚོ་བོད་སྐད་དང་བོད་ཡིག་འབྲི་ཀློག་ཐུབ་མཁན། གཤིས་ཀའང་བོད་མི་རྣལ་མ་ཞིག་ཡོང་བར་ཕྱོགས་གང་ཐད་ནས་གང་ཡོང་ཅི་ཐུབ་ཅིག་བྱས་ཡོད། ལོ་ངོ་ལྔ་བཅུའི་རྗེས་སུ་ང་ཚོས་འབད་བརྩོན་བསྟེན་པའི་ཕྱོགས་ངོས་འདི་དག་གི་གྲངས་གནས་དེ་ད་དུང་གོར་ཐིག་ཡན་ལ་དེ་ཙམ་འཕར་ཐུབ་མེད་ལ། ད་ལྟའི་ཆར་མཐོ་དམན་ཚང་མར་བོད་པ་རྣལ་མ་ཞིག་ཡོང་བར་འབད་བརྩོན་བརྟེན་པའི་མ་འོངས་བོད་ཀྱི་སོན་རྩ་རྣམས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། གོམས་གཤིས། ཆོས་ལུགས་སོགས་ལ་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་པའི་སེམས་ཁྲལ་ཞིག་ལངས་བཞིན་ཡོད། འདས་པའི་ལོ་ཤས་ནས་བོད་མི་ཚོ་ནུབ་ཕྱོགས་སུ་འཕུར་ཚད་ཇེ་མང་དུ་འགྲོ་བཞིན་པ་འདིས་སེམས་ཁྲལ་དེར་བདེན་དཔང་སྣོན་མ་ཞིག་བྱིན་ཡོད།
བོད་ནང་དང་རྒྱ་གར། བལ་ཡུལ་བཅས་མ་ཟད། ཨ་རི་དང་ཁེ་ན་ཌ། ནུབ་ཡུ་རོབ་སོགས་ཁ་ཐོར་བོད་མི་གནས་སྡོད་བྱེད་སའི་ཡུལ་གྲུ་གང་འདྲ་ཞིག་ཡིན་ཡང་ཕྲུ་གུ་ཚོ་བོད་པ་རྣལ་མ་ཞིག་ཡོང་ཐབས་ལ་མུ་མཐུད་ནས་འབད་ཀྱིན་པ་དངོས་ཡོད་ཡིན། ཉེ་ཆར་ཧྥ་རན་སིར་གསར་དུ་བཙུགས་པའི་བོད་ཀྱི་དཔལ་ཡོན་སློབ་གྲྭ་ནི་འབད་བརྩོན་དེའི་དཔེ་མཚོན་གསར་ཤོས་དང་གསལ་ཤོས་དེ་ཡིན་ཞེས་ལབ་ཆོག་ལ། འདིས་ད་དུང་མུ་མཐུད་ནས་ང་ཚོའི་སྲིད་བྱུས་དང་སློབ་གསོ། སྤྱི་ཚོགས། ཕ་མ་ཚོའི་ངོས་ནས་རང་གི་མ་འོངས་པའི་སོན་རྩ་རྣམས་ལ་རེ་བ་ལྷག་མ་ཞིག་བཅིངས་ཡོད་པའང་མཚོན་གྱི་ཡོད། དེ་ལྟར་ཀྱང་། ད་བར་དུ་ང་ཚོས་རང་ཚོད་ཀྱིས་སྐྱ་ཐིག་ཅིག་ཕབས་ཏེ་ཕྲུ་གུ་རྣམས་བོད་པའི་ཡིག་ཞེན་དང་རིག་ཞེན། ཆོས་ཞེན། རུས་ཞེན་ཅན་ཞིག་བཟོ་ཐབས་གནང་བ་ལས། ཕྱོགས་ངོས་གཞན་སྟེ། ཁ་ཐོར་དུ་ཡོད་པའི་བོད་ཕྲུག་ཚོས་རང་ཉིད་གནས་སྡོད་བྱེད་སའི་ཡུལ་ལུང་ནས་རང་གི་ལོ་ན་དང་། བློ་ཚོད། གནས་བབ་ལ་དཔག་པའི་བོད་པ་བྱེད་ཐབས་ལ་འབད་ཀྱིན་པར་མིག་གིས་བལྟས་མྱོང་མེད་ལ་རྣ་བས་ཉན་མྱོང་མེད། སེམས་གཏིང་ནས་དང་ལེན་དང་མཐུན་འགྱུར་ནི་དེ་བས་ཀྱང་གནང་མྱོང་མེད།
སིན་ཊེ་སྒྲོལ་མ་དང་། ནན་སེ་ལྷ་མོ། ཁ་རོལ་བསྟན་འཛིན། རྗིམ་མེ་ཚེ་རིང་། པེ་ཊར་དོན་གྲུབ་སོགས་ནི་ད་ལྟའི་ཆར་ནུབ་ཕྱོགས་སུ་སྐྱེས་ཤིང་འཚར་བཞིན་པའི་བོད་ཕྲུག་སྐོར་ཞིག་གི་མིང་འདོགས་སྟངས་ཡིན། ཁོ་ཚོའི་མིང་ལ་མི་རིགས་གཞན་པའི་འདྲེས་ལྷད་ཆེ་བ་ནང་བཞིན་བསམ་བློ་དང་གཤིས་ཀ་ལའང་གཞན་གྱི་འདྲེས་ལྷད་ཆེ་བ་ཡོད། དེ་ཙམ་དུ་མ་ཟད་ཁོ་ཚོ་ཁོ་ཚོའི་ཕ་མ་དང་ཡབ་མེས་ཚོ་ནང་བཞིན་རང་གི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས། གོམས་གཤིས་སོགས་ལ་དེ་ཙམ་གྱི་དོ་དབྱིངས་མེད་ལ། དེ་ལ་འབད་བརྩོན་བསྟེན་ཞིང་གྲུབ་འབྲས་ལོན་པར་དེ་བས་ཀྱང་དང་དོད་དང་གདེང་ཚོད་གང་ཡང་མེད། ཁོ་ཚོར་མཚོན་ན་དེ་ནི་ལས་ཀ་ཐོལ་བ་དང་གནོན་ཤུགས་འཕར་མ་ཞིག་ཏུའང་འདོད་ཀྱིན་ཡོད། འོན་ཀྱང་ཁོ་ཚོར་ཁོ་ཚོའི་ཚོད་ཀྱི་བོད་པ་བྱེད་སྟངས་ཤིག་ཡོད། ཁོ་ཚོའི་བོད་པ་བྱེད་སྟངས་དེར་ཡིག་ཞེན་དང་རིག་ཞེན། ཆོས་ཞེན་དང་རུས་ཞེན་དེ་ཙམ་མེད་ནའང་། བོད་ཞེན་ཆེ་བ་ཡོད། གལ་སྲིད་ཁྱེད་རང་ཡུ་ཊྲི་སྤི་ཉུལ་མཁན་ཞིག་ཡིན་ཚེ་དུས་རྒྱུན་ནར་མ་སོན་པའི་བྱིས་པ་འདི་དག་གིས་་སྐད་རིགས་དང་བྱེད་ཐབས་སྣ་མང་ཐོག་བོད་དོན་ལས་འགུལ་སྤེལ་གྱིན་པ་མཐོང་ཐུབ་ལ། གལ་སྲིད་ཁྱེད་རང་ཕྱི་རྒྱལ་ཡུལ་གྲུ་གང་རུང་ནང་བོད་དོན་ཆེད་ལས་འགུལ་སྤེལ་མཁན་ཞིག་ཡིན་ཚེ། ཁོ་ཚོས་བོད་ཀྱི་རྒྱལ་དར་འཕྱར་ནས་བོད་དོན་སྐད་འབོད་བྱེད་ཀྱིན་པ་མཐོང་ཐུབ། བྱེད་ཐབས་དང་ལས་འགུལ་དེ་ཚོའི་ནང་ཁོ་ཚོས་རང་གི་རིགས་ཞེན་དང་རུས་ཞེན་ཆེ་བའི་ཕ་མ་ཚོ་ལས་ནུས་ཤུགས་ཆེ་བ་འདོན་གྱིན་ཡོད་ལ། བརྒྱུད་རིམ་འདི་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཁག་ཅིག་གིས་ད་ལྟའི་ཆར་བོད་གཞུང་སྐུ་ཚབ་དོན་གཅོད་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ནང་གལ་ཆེའི་ནུས་ཤུགས་འདོན་གྱིན་ཡོད། དེ་ཙམ་དུ་མ་ཟད། ཁག་ཅིག་གིས་ཁ་ངྷ་རམ་ས་ལར་ཕྱོགས་ནས་ཚོགས་པ་དང་སྒྲིག་འཛུགས་ཁག་གསར་འཛུགས་ཀྱིས་བོད་དོན་འཐབ་རྩོད་བྱེད་ཀྱིན་ཡོད།
བུ་ཕྲུག་ཚོ་རང་གི་སྐད་ཡིག་དང་ཆོས་ལུགས་། རིག་གཞུང་ལ་དང་དོད་མེད་པ་དེ་ཁོ་ཚོའི་ནོར་འཁྲུལ་གང་ཡང་མིན། མ་གཞི་ང་ཚོས་སྲིད་བྱུས་དང་སློབ་གསོ། སྤྱི་ཚོགས། ཕ་མའི་ངོས་ནས་རྒྱུན་པར་བོད་ཀྱི་ཡོད་ཚད་རྩ་ཆེན་དང་འགངས་ཆེན་ཡིན་པར་བཤད་ཀྱིན་ཡོད་ནའང་། དེ་ནི་ཤ་ཞེན་དང་རུས་ཞེན་གྱི་ངོས་ནས་བཤད་པ་ལས་། དངོས་ཡོད་འཚོ་བའི་ཁྲོད་ཁོ་ཚོ་ལ་རང་གི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་སོགས་དེ་ལྟར་ཡིན་པའི་དཔང་རྟགས་གང་ཡང་སྟོན་ཐུབ་མེད་པའི་ཐོག སྲིད་བྱུས་དང་སློབ་གསོ། སྤྱི་ཚོགས། ཕ་མ་རང་སྟེང་ནས་ཀྱང་རྩ་ཆེན་དང་འགངས་ཆེན་ཡིན་པའི་བདེན་དཔང་གང་ཡང་བྱེད་ཐུབ་མེད། བོད་པ་བཟོ་སྟངས་དང་བོད་པ་བྱེད་སྟངས་ཐད་ཀྱི་འགལ་བའང་གནད་འདི་ལ་ཐུག་ཡོད།
དུས་བཞིའི་འགྱུར་ལྡོག་ལ་ཟློག་ཐབས་མེད། གནས་སྟངས་འཕོ་འགྱུར་ལའང་ཟློག་ཐབས་མེད། སྲིད་བྱུས་མཁྲེགས་པོ་དང་། སློབ་གསོ་དམ་པོ། སྤྱི་ཚོགས་དོག་པོ། ཕ་མ་བཙན་པོས་བུ་ཕྲུག་ལ་ཁ་དབང་བསྒྱུར་བའི་དུས་རབས་དེ་སྔ་ས་ནས་ཡོལ་ཚར། ང་ཚོས་རང་ཉིད་ཀྱི་མ་འོངས་པའི་སོན་རྩ་དེ་དག་དུས་རབས་དང་མཐུན་པའི་བོད་པ་རྣལ་མ་ཞིག་ཡོང་བར་འབད་འདོད་ན། བུ་ཕྲུག་ཚོ་རང་ངོས་ནས་བོད་པ་བྱེད་སྟངས་དེར་སེམས་གཏིང་ནས་དང་ལེན་དང་མཐུན་འགྱུར་གནང་དགོས། མ་གཞི་ནས་དངོས་ཡོད་གནས་སྟངས་ཁས་མི་ལེན་མཁན་ཚོ་ནི་ལོ་རྒྱུས་ཀྱི་ནོར་འཁྲུལ་བཟོ་མཁན་དེ་ཆགས་ཡོད།
ཟླ་བ་ཚེ་རིང་ལགས་ངས་ཡང་བསྐྱར་ཁྱེད་ལ་གནད་དུ་ཁེལ་མིན་དང་ཀློད་གཏུབ་མིན་ལ་ལྟོས་པ་དོན་ཅུང་ཟད་ཞུ་འདོད་པ་ནི།
1.ཁྱེད་ཀྱིས་ཇ་ཁང་དང་ཆང་ཁང་ནང་དུ་གྲོགས་པོ་རྣམས་ལ་གླེང་སློང་བྱས་སྐབས་སུ་ཁྱེད་ནི་རྦད་དུ་སེམས་ཤུགས་ཆགས་ཚར་བའི་མི་ཞིག་ངེས་ལན་བྱས་དགོས་པའི་རྒྱུ་མཚན་ཅི་གསུངས་སོང་ངམ།
2.ངས་ང་ཚོའི་ག་དུས་ཡིན་ནའང་སྔོན་བསྐྱོད་གཅིག་བུའི་ཆེད་རྒྱ་ཆེན་པོ་དང་་གཏིང་རིང་བོ་ལ་བསམ་བློ་བཏང་ནས་ལག་ལེན་བསྟར་བ་ལས། མཚམས་ལ་ལར་ཕྱིར་ནུར་ཞིག་བྱས་ཏེ་གནས་སྟངས་ལ་བསམ་གཞིགས་ཤིག་བྱེད་རྒྱུ་དེ་གལ་ཆེ་བར་འདོད་ལ། ཡང་གཅིག་བཤད་ན་ཕྱིར་ནུར་དེ་སྔོན་བསྐྱོད་ཅིག་མིན་པའི་གཏན་ཚིགས་སུ་གང་གིས་ཀྱང་འཇོག་དཀའ། ཞེས་གསུངས་འདུག་པས་ཕྱིར་ནུར་བྱེད་སྟངས་སྐོར་གསལ་འགྲེལ་ཞིག་གནང་རོགས་ཞུ།
ཉིིན་རྒྱུན་དྲ་ཐོག་འདི་ནས་གསར་འགྱུར་དང་དང་དོད་ཡོད་པའི་ཟིན་བྲིས་ཁག་ཆད་མེད་དུ་ཀློག་གི་ཡོད་ལ། དམིགས་བསལ་རང་གི་བྲིས་བའི་རྩོམ་ཐུང་ཁག་གི་བསམ་ཚུལ་རྣམས་ལ་གཟབ་ནན་གྱིས་ཀློག་གི་ཡོད། དེ་རིང་བོད་ཀྱི་དུས་བབ་ཀྱིས་མཆན་བུ་སྒྲིག་སྟངས་ལ་འགྱུར་བ་ཞིག་བཏང་ནས་མཆན་བུ་གསར་བ་རྣམས་སྔོན་མ་ལས་བཀླག་པར་སྟབས་བདེ་བོ་བཟོས་འདུག འགྱུར་བ་འདི་ལ་བསྔགས་བརྗོད་དང་འབྲེལ་ད་དུང་འགྱུར་བ་འགྲོ་རྒྱུའི་རིགས་ལ་ལམ་འགྲོ་ཡོང་བའི་རེ་སྨོན་བྱེད་ཀྱིན་ཡོད།
ངའི་རྩོམ་ཐུང་འདི་ལ་ཁྱོན་བསྡོམས་མཆན་བུའམ་བསམ་ཚུལ་སོ་དྲུག་འདུག དེ་ནང་ནས་ཅོ་རི་ཉི་མ་ལགས་ཀྱིས་ཁ་གསལ་མིན་དང་ཀློག་གཏུབ་མིན་ལ་མ་ལྟོས་པར་རང་གི་ཕྱི་ལོགས་ཀྱི་འཚོ་སྡོད་གནས་སྟངས་དང་འབྲེལ་བའི་དགོངས་ཚུལ་གང་མང་གསུངས་འདུག ཁོང་གཙོས་པའི་དྲ་གྲོགས་ཚོས་རྩོམ་ཐུང་འདི་ལ་དགེ་སྐྱོན་གླེང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
ངའི་རྩོམ་ཐུང་འདིའི་དམིགས་བྱ་གཙོ་བོ་དེ་རང་གི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སོགས་བེད་མེད་མཁོ་མེད་ཀྱི་བསམ་བློའི་ཤུགས་རྐྱེན་འོག་ནས་ཡོང་བ་མིན་ལ། དེ་བཞིན་མ་འོངས་བོད་ཀྱི་སོན་རྩ་ཚོ་བོད་པ་ལས་བོད་དོན་རྒྱབ་སྐྱོར་བ་ཞིག་ཏུ་སྐྱེད་བསྲིང་ཡོང་སླད་ཀྱི་དམིགས་འདུན་ཀྱང་བཟུང་མེད། འདིའི་ད་བར་དུ་ང་ཚོས་སྒྲོག་མྱོང་བའི་ཤེས་ཡོན་སྲིད་བྱུས་དང་འཛིན་སྐྱོང་སློབ་གསོ། སྤྱི་ཚོགས་སྒྲིག་འཛུགས། ཕ་མའི་འགན་ལེན་བཅས་ཀྱི་ངོས་ནས་བོད་ཕྲུག་ཚོ་བོད་པ་བཟོ་སྟངས་གཅིག་བུ་སྟེ། ཕྲུ་གུ་ཚོ་བོད་སྐད་དང་བོད་ཡིག་འབྲི་ཀློག་ཐུབ་མཁན། གཤིས་ཀའང་བོད་པ་རྣལ་མ་ཞིག་ཡོང་བར་འབད་བརྩོན་བརྟེན་སྟངས་ཀྱི་བསམ་བློ་དང་། འདུ་ཤེས། རྒྱུན་སྲོལ་བཅས་ལ་དངོས་ཡོད་དང་མཐུན་པའི་བསམ་གཞིགས་གསར་བ་ཞིག་དང་དང་ལེན་གསར་བ་ཞིག་ཡོང་བའམ། ལམ་ཁ་གསར་བ་ཞིག་འཚོལ་པའི་བརྡ་ལན་ཞིག་གི་ཚུལ་ཕུལ་བ་ཡིན།
ང་ཚོའི་ཆབ་སྲིད་དང་དཔལ་འབྱོར་ཐོན་ཁུངས། སྤྱི་ཚོགས་གནས་སྟངས། འཕྲོད་བསྟེན་དང་བདེ་འཇགས་སྲུང་སྐྱོབ་སོགས་ཡོད་ཚད་གཞན་དབང་སྟབས་བསྟུན་ཡིན་པ་ལྟར། ནམ་རྒྱུན་སྐྱབས་བཅོལ་བོད་མི་ཚོའི་མི་སྒེར་གྱི་གནས་སྟངས་ཀྱང་གཞན་དབང་སྟབས་བསྟུན་ཡིན། སྤྱི་སྒེར་ཡོད་ཚད་གཞན་དབང་སྟབས་བསྟུན་བྱེད་དགོས་པའི་གནས་སྟངས་འོག་རིག་གཞུང་དང་སྐད་ཡིག གཤིས་ཀ་དེ་ང་ཚོའི་བསམ་ཚོད་ལྟར་རང་སྐྱང་འཕར་བ་ཞིག་ཡོང་བའམ་བཟོ་གི་ཡིན་ཟེར་ན་གྲུབ་འབྲས་གང་ཡོད་མེད་དེ་ད་ལྟའི་ང་ཚོའི་མིག་ལམ་དུ་ཐང་ཁ་ལྟར་བཤམས་ནས་བཞག་ཡོད། འདི་ད་བར་ཀྱི་ང་ཚོའི་ཕམ་ཁ་དང་ནོར་འཁྲུལ་ཆེ་ཤོས་དེ་རེད་འདོད་ཡོད།
ད་ལྟའི་བོད་མི་མང་པོ་ཞིག་ལ་སྐྱོན་གནད་ཅིག་ཡོད། རང་གི་རིག་གཞུང་དང་སྐད་ཡིག ཆོས་ལུགས། གཤིས་ཀ་བཅས་ལ་བརྩེ་བ་ཆེ་དྲགས་པའམ། འདུ་ཤེས་མཁྲེག་དྲགས་པས་དང་ལེན་གྱི་བློ་སྤོབས་མེད་པ་དེ་ཡིན། དེ་ནང་ནས་མང་ཤོས་བོད་ཡིག་རྐྱང་བ་ཤེས་མཁན་ཚོ་ཡིན། མང་པོ་ཞིག་གིས་རང་ཉིད་དུས་རབས་གསར་བ་ཞིག་གི་ནང་འཚོ་སྡོད་དང་། མཁའ་དབུགས་གསར་བ་ཞིག་འབྱིན་བརྔུབས་བྱེད་ཀྱིན་པར་བརྗོད་ཀྱིན་ཡོད། དེ་ལས་ཀྱང་རང་ཉིད་ཤེས་ཡོན་པར་བརློམ་ཀྱིན་ཡོད། འོན་ཀྱང་ཁོ་ཚོ་ད་དུང་དུས་རབས་གསར་བ་དང་། མཁའ་དབུགས་གསར་བ་དང་མཐུན་པའི་དང་ལེན་གསར་བར་ཁ་ཐག་རིང་། ཁོ་ཚོའི་དང་ལེན་གསར་བའི་གནས་ཚད་དེ་ལུང་ཤར་དུས་སྐབས་ཀྱི་གདན་སའི་མཁན་པོ་ལས་གནས་ཚོ་ལས་ལྷག་པ་གང་ཡང་མེད། ང་ཚོའི་ལོ་རྒྱུས་ཐོག་བྱུང་མྱོང་བའི་ལུང་ཤར་དོན་རྐྱེན་ཀྱང་རྩ་བ་འཛམ་གླིང་གི་དངོས་ཡོད་གནས་སྟངས་ལ་བོད་མི་ཚོས་དང་ལེན་གསར་བ་བྱེད་མ་ཐུབ་པ་ལས་བྱུང་བ་ཡིན།
དྲ་གྲོགས་ཚོས་དགེ་སྐྱོན་གླེང་བ་ལྟར། ངས་ཀྱང་འདི་ནས་ཐག་ཉེ་ན་ཡོད་པའི་གྲོགས་པོ་ཚོ་དང་མཉམ་དུ་ཇ་ཁ་ཆང་ཁ་ནས་རྩོམ་ཐུང་འདིའི་སྐོར་ལ་གླེང་སློང་བྱས་པ་ཡིན། ཁོ་ཚོའི་མཐོང་ཚུལ་ནི་ང་ནི་རྦད་དེ་བོད་ལ་སེམས་ཤུགས་ཆགས་ཚར་ཡོད་པ་དེ་རེད། འོན་ཀྱང་ངའི་བསམ་ཚུལ་ལ་ཁོ་ཚོའི་གནོན་ཤུགས་གང་ཡང་ཐེབས་མ་སོང་། ངས་ང་ཚོའི་ག་དུས་ཡིན་ནའང་སྔོན་བསྐྱོད་གཅིག་བུའི་ཆེད་རྒྱ་ཆེན་པོ་དང་་གཏིང་རིང་བོ་ལ་བསམ་བློ་བཏང་ནས་ལག་ལེན་བསྟར་བ་ལས། མཚམས་ལ་ལར་ཕྱིར་ནུར་ཞིག་བྱས་ཏེ་གནས་སྟངས་ལ་བསམ་གཞིགས་ཤིག་བྱེད་རྒྱུ་དེ་གལ་ཆེ་བར་འདོད་ལ། ཡང་གཅིག་བཤད་ན་ཕྱིར་ནུར་དེ་སྔོན་བསྐྱོད་ཅིག་མིན་པའི་གཏན་ཚིགས་སུ་གང་གིས་ཀྱང་འཇོག་དཀའ།
བོད་ཕྲུག་ཚོ་བོད་དོན་རྒྱབ་སྐྱོར་བ་བཟོ་ན་ བོད་ཀྱི་བདག་པོ་ངོ་མ་དེ་སུས་བྱེད་ཀྱི་རེད།
སིན་ཊེ་སྒྲོལ་མ་དང་། ནན་སེ་ལྷ་མོ། ཁ་རོལ་བསྟན་འཛིན། རྗིམ་མེ་ཚེ་རིང་། པེ་ཊར་དོན་གྲུབ་སོགས་ཀྱི་མིང་འདི་ཚོ་གོ་དུས་ དངོས་གནས་མི་མ་མཐོང་གོང་ནས་མི་དེ་ཕྱི་རྒྱལ་བ་ཞིག་ཡིན་ནམ་བོད་པ་ཞིག་ཡིན་མིན་ཧ་གོ་ཁ་བ་ཞིག་རེད་།
ནོར་བཅོས་ རེ་བ་ལྷག་མ་འདྲ་ཡོད་ན།ལ་བཅོས་རོགས་གནང།
ཨོ་ཟླ་བ་ཚེ་རིང་ལགས་བོད་དོན་རྒྱབ་སྐྱོར་བ་ཆགས་འགྲོ་ཡི་མེད་དམ།
བོད་གཞུང་དམངས་གཉིས་བཙན་བྱོལ་དུ་ཡོང་དགོས་དོན་གཙོ་བོ་བོད་ཀྱི་སྐད་ཡིག་རིག་གཞུང་སོགས་ཀྱི་དོན་དུ་མ་ཡིན་ནམ།
མ་འོངས་བོད་ཀྱི་སོན་རྩ་ཚོ་བོད་དོན་རྒྱབ་སྐྱོར་བ་བཟོ་རྒྱུ་ཡིན་ན་བོད་གཞུང་དམངས་གཉིས་ལ་རེ་བ་ལྷག་འདྲ་ཡོད་ན།
བཙན་བྱོལ་བོད་གཞུང་གིས་མི་ལོ་ལྔ་བཅུ་ལྷག་གི་རིང་ལ་དཀའ་ལས་མང་ཤོས་གཅིག་བོད་ཀྱི་སྐད་ཡིག་ཆེད་དུ་བརྒྱབ་ཡོད་ཚོད་རེད།
བོད་དོན་ལ་སེམས་ཤུགས་ཡོད་ཙམ་གྱི་དུས་རབས་དང་མཐུན་པའི་བོད་མི་རྣལ་མ་ཞིག་ཡིན་ནམ།ཡུལ་ལུང་གང་དུ་གནས་སྡོད་བྱེད་བཞིན་པའི་བོད་པའི་ཕ་མ་ཚོས་རང་གི་བུ་ཕྲུག་ལ་བོད་ཀྱི་སྐད་ཡིག་རིག་གཞུང་བསླབས་པ་ཡིན་ན་འདི་ནི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་ཏུ་གྱུར་འགྱུར་རེད།
བོད་ཀྱི་མ་འོངས་སོན་རྩ་ཚོ་བོད་དོན་རྒྱབ་སྐྱོར་བ་བཟོ་རྒྱུར་དཀའ་ལས་ཡོད་མ་རེད།འདི་འདྲ་ཆགས་པ་ཡིན་ན་ད་ལས་ཀ་ཡོངས་རྫོགས་ཚར་བ་རེད།
རི་བོང་བློ་ལྡན་ཤེས་རབ་ལགས།
ཁྱེད་ཀྱིས་ངའི་བྲིས་པའི་ཡིག་ནོར་རྣམས་ཀྱི་དོན་གོ་བ་མ་ཟད་གནས་ལུགས་ཤིག་ཀྱང་ཡོད་པར་མཐོང་བ་ནི་ཁྱེད་རང་རྣམ་དཔྱད་དང་ལྡན་པའི་སྐྱེ་བོ་རབ་ཅིག་ཡིན་པས་རེད་དོ།
ཅོ་རི་ཉི་མས་བཤད་པ་རྣམས་ལ་གནས་ལུགས་འདུག བོད་ཡིག་བོད་སྐད་ཤེས་ན་རབ་རེད། དེ་དགོས་པ་རེད། མ་ཤེས་ཀྱང་དེ་ལ་ང་ཚོས་ཁ་རྡུང་བཏང་ནས་ཅི་ཕན། ས་ཡར་ལུང་ནས་བསྡད་ན་ཡར་ལུང་མཁན་པོ་བརྟེན་དགོས་ཀྱི་རེད། སྡུག་སྐད་ཤོར་ན་ཅི་ཕན། གང་ལ་གང་འདུལ་དེ་ལ་དེར་སྟོན་བྱེད་རྒྱུ་རང་རེད།
བོད་ཀྱི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་ཞེས་ཁ་ཡོད་ཚད་ཐམས་ཅད་ཀྱིས་མ་ཎི་འདོན་པ་བཞིན་དུ་འབོད་བྱའི་བཟང་སྤྱོད་ཞེས་པ་དེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པར་ཟེར་གྱིན་ཡོད་དམ་སྤྱོད་པ་གཞན་ཞིག་ལ་ཟེར་གྱིན་ཡོད་དམ།
རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པ་དེ་བོད་ཀྱི་མ་འོང་སོན་རྩ་རྣམས་ལ་བསླབ་དགོས་གསུངས་པ་ཡིན་ན། སྤྱོད་པ་འདིར་བསླབ་ཀྱིན་བསླབ་ཀྱིན་གྱོང་ཁུར་བཞིན་ཁུར་བཞིན་དུ་མཐའ་མ་གྱོང་གུད་ཆེ་ཤོས་ནི་རང་གི་རྒྱལ་ཁབ་གཞན་ལ་ཤོར་བ་རེད།
འདི་མིན་པའི་བོད་ཀྱི་ཐུན་མོ་མ་ཡིན་པའི་བཟང་སྤྱོད་ཅི་འདྲ་ཞིག་མ་འོང་སོན་རྩ་རྣམས་ལ་བསླབ་དགོས་ཀྱིན་ཡོད་དམ།
ང་ཅོ་རི་ནུབ་ཕྱོགས་མགོ་སེར་ཡུལ་དུ་སྡོད་ཡུན་རིང་བས་བོད་མིའི་བཟང་སྤྱོད་མ་མཐོང་པར་ཡིན་ནམ་འོ་ན་བོད་མི་རྣམས་ལ་བཟང་སྤྱོད་མེད་པས་ཡིན་ནམ།
ངས་མཐོང་བ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ངན་སྤྱོད་དོར་དགོས་པ་མང་ལས་བོད་ཀྱི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་བསླབ་དགོས་པ་དེར་ཙམ་མ་མཐོང་ངོ།
བསྟན་འཛིན་ཤེས་རབ་ལགས་ཁྱེད་ལ་ཐུགས་ཁག་མེད་ངའི་བྲིས་ནོར་དེའི་དོན་ཅི་ལ་གོ
༼བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་།། སྒྲུབ་པར་ནུས་པ་མ་ཡིན་ནམ།།༽
བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང། སྒྲུབ་པར་ནུས་པ་ཁྱེད་རང་བདེན།
བོད་མིའི་ལྟོ་གོས་མི་འགྲིག་དུས། ཅོ་རིས་སྡུག་སྐད་ཅི་མི་ཤོར།
འགྲིན་པ་ཟབ་མོ་ལགསལ
གྲོག་མ་མིག་མེད་བདེ་བའི་ཕྱོགས་སུ་རྒྱུག
ས་འབུ་མགོ་ནག་བདེ་བའི་ཕྱོགས་སུ་རྒྱུག
མདོ་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།
གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག
ཞེས་གསུངས་པར་ལྟར་ཐམས་ཅད་ནས་ཐམས་ཅད་བདེ་བའི་ཕྱོགས་སུ་རྒྱུག་བཞིན་པའི་འཛམ་གླིང་འདིར་ལྟོ་གོས་ཀྱི་ཆེད་དུ་དྲང་བདེན་དང་རང་དབང་ཐམས་ཅད་བརྩི་མེད་རྡོག་རོ་གཏོང་བ་འདིར་མཐོང་བཞིན་དུ་ལྟོ་གོས་འདི་དོན་ཆེན་ཞིག་མིན་མདོག་མ་བཤད་ལྭོ།
བོད་ཀྱིས་མཁས་དབང་མང་པོས་ཁྱེད་ཀྱི་གསུངས་པ་ལྟར་མི་ཚེ་འདིའི་འཚོ་བའི་བདེ་སྡུག་དེ་དོན་ཆུང་ཞིག་དང་མཐའ་ཐུག་གི་བདེ་བ་དེར་དོན་ཆེ་ཞིག་ཡིན་པ་བསྐྱར་སྒྲུབ་ཡང་སྒྲུབ་བྱས་བྱས་ཀྱིས་མཐའ་མ་རྒྱལ་ཁབ་དང་རང་དབང་བདེ་སྐྱིད་ཚང་མ་གླགས་པ་རེད།
བོད་མིའི་ཚེ་འདིའི་ལྟོ་གོས་ལ་མཐོང་ཆུང་བྱེད་བཞིན་དུ་རང་གིས་དངུལ་གསོག་གང་ཐུབ་བྱེད་ན་འདི་ནི་ཁ་དོན་མ་མཐུན་པའི་སྐད་ཆ་ཞིག་རེད་ད།།
སྐུ་ཉིད་ནི་དངུལ་ལ་མི་དགའ་བའི་སྐྱེ་བོ་འཕགས་པ་ཞིག་ཡིན་པ་འདྲ། མ་རེད་དམ་ཧཧཧཧཧཧ
ལུག་མ་བསད་གསུངས་མི་བླ་མ་རེད། ཤ་ཚོམ་པོ་ཟ་མཁན་བླ་ལུ་རེད་ཞེས་ཟེར་སྲོལ་ཡོད་བཞིན་དུ་ཁ་དོན་མ་མཚུངས་པའི་གཏམ་བཤད་སྤེལ་ན་ཕན་པར་མེད།
ཅོ་རི་ཉི་མ་ལགས་ཀྱིས་མང་བོ་མང་བོ་ཞིག་བྲིས་འདུག་མོད་ཅི་ཞིག་གསུང་གིན་པ་གཏན་ནས་ཧ་གོ་མ་སོང་།
ས་སྐྱ་ལེགས་བཤད་ལས།
༼བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་།། སྒྲུབ་པར་ནུས་པ་མ་ཡིན་ནམ།།༽
ཅོ་རི་ཉི་མར་དྲན་སྐུལ་དུ་ཕུལ།
ཟླ་བ་ཚེ་རིང་ལགས་ཀྱིས་འབོད་སྒྲ་འདི་ངོ་མ་ཡིན། ང་རང་ཚོའི་ད་ལྟ་ཡར་ཐོན་དང་འཁྲུག་ཆ་དོད་པའི་འཛམ་གླིང་འདིའི་ནང་གནས་འདོད་ན། དེ་དང་མཐུན་པའི་སྒོ་ནས་འཚོ་དགོས་པ་ལས། ཕོ་རོག་དཀར་པོ་བཞིན་ཟུར་དུ་ཐོན་ནས་སྡོད་ན་མི་ཚེ་འཁྱོལ་ཐབས་དཀའ། ཡིན་ནའང། ང་རང་ཚོར་བོད་མི་རྣམས་ལ་ཐུན་མོང་མ་ཡིན་པའི་དམིགས་བསལ་ཡོད་པའི་བཟང་སྤྱོད་ཀྱི་གཤིས་སྤྱོད་འདི་བཞིན་མི་ཉམས་རྒྱུན་འཛིན་དང། ལྷག་པར་ཚན་རིག་དུས་རབས་འདིའི་ནང་གསར་དུ་སྐྱེས་བཞིན་པའི་བོད་ཕྲུག་རྣམས་ལ་ཡོད་དགོས་པ་ངེས་པར་གལ་ཆེ། དེ་ལ་ངེད་ཚོས་ཤུགས་འཕར་མ་ཞིག་བསྐྱོན་དགོས་པ་ཡིན།
དུས་བབ་ཚང་ལ་ཞུ་རྒྱུ་དེ་རིང་ངས་མཆན་བྲིས་པ་རྣམས་ལ་ང་རང་གིས་ཡང་བསྐྱར་ཀློག་སྐབས་སུ་ཧ་ཅང་ཡིག་ནོར་མང་པོ་བྲིས་འདུག་པར་མ་ཟད་བརྡ་སྤྲོད་ནོར་བ་ཆོད་པ་ལ་སོགས་ནོར་འཁྲུལ་ཚད་ལས་འདས་པ་ཞིག་བྲིས་ཚར་འདུག་པས་དགོངས་འགལ་མེད་པ་ཞུ། དེ་འདྲ་ཡོང་བའི་རྒྱུ་མཚན་ནི་ང་རང་ནུབ་ཕྱོགས་པའི་མི་ཚེའི་ཚ་རླབས་ཀྱི་ཁྲོད་དུ་དུས་ཚོད་ཀྱིས་རྐྱེན་པས་ཞིབ་བྲིས་བྱས་ཐུབ་མ་སོང། རྗེས་སུ་འདི་འདྲ་ནམ་ཡང་བྲིས་མི་ཡོང་ཞུ།་་་་་་དྲ་གྲོགས་རྣམས་ལ་དགོངས་འགལ་མེད་པར་ཞུ།
སྔོན་མ་ང་ཚོ་སུད་སི་ནང་དུ་འབྱོར་སྐབས་སུ་བོད་སྐད་མི་ཤེས་པའི་མི་ཁྱི་འདྲ་འགའ་རེ་བོད་མི་ཞིག་འཚོ་བ་ཡག་པོ་ཡོད་སར་སླེབས་པར་དགའ་སྤྲོ་བྱས་ཀྱིན་ཕར་ཞོར་ཕྲག་དོག་དང་མ་དགའ་བའི་རྣམ་འགྱུར་དེ་ཚོ་མཐོང་དུས་ནས་ང་ཅོ་རི་སེམས་ལ་ང་མི་ངན་ཁྱི་འདྲ་འདི་ལྟར་ཆགས་མི་ཉན་བསམ་པའི་དམ་བཅའ་ཡོད། རྒྱ་གར་བལ་ཡུལ་དུ་ཡོད་པའི་ཡོད་པའི་བོད་མི་ཉམ་ཐག་རྣམས་འཚོ་བ་ཡག་ས་ཞིག་སློབ་སྦྱོང་བྱེད་ཐུབ་ས་ཞིག་ལ་སླེབས་ཐུབ་རེ་བ་ཡོད་ལ་རྒྱབ་ཡོད། འདི་ཡུང་རོ་ནང་དུ་བོད་མི་ཡོང་ནས་འགྲིག་གིན་མེད་ན་སོ་སོར་ཕར་རྒྱ་གར་ཕྱིན་ག་འདྲ་འདུག་གམ།
ཨ་ཁུ་ཁ་བ་ནག་པོ་ལགས་ཁྱེད་རང་ཡུང་རོ་ལུང་པའི་སྡོད་ནས་རྗེས་སུ་ཡུང་རོ་ནང་དུ་ཡོང་དགོས་པའི་བོད་མིའི་མདུན་ལམ་འགོག་རྐྱེན་གཏོང་བའི་སྐད་ཆ་དང་གད་མོ་ཤོར་ནས་སྡོད་བ་ལས་མི་བོད་ཚང་མ་ཡར་རྒྱས་ཀྱི་འཚོ་བ་ལ་ཕན་གྲོགས་བྱེད་དགའ་ལེ་རེད།
བོད་ཀྱི་སྐད་ཡིག་ཁྱོད་ཚོར་མི་དགོས། ནང་ཆོས་ཁྱོད་ཚོར་མི་དགོས། རིག་གཞུང་ཁྱོད་ཚོར་མི་དགོས། གོམས་གཤིས་ཁྱོད་ཚོར་མི་དགོས། ཕ་ཡུལ་ཁྱོད་ཚོར་མི་དགོས། ཕུ་ནུ་ཁྱོད་ཚོར་མི་དགོས། ད་ཁྱོད་ཚོར་ག་རེ་དགོས་ཀྱི་ཡོད་ན་གསལ་བོར་བཤད་རོགས་ཞེས་པ་དེར་ཁྱོད་རང་ལ་དྲི་དགོས་པའི་སྐད་ཆ་ཞིག་རེད་འདུག
ཁྱོད་ཚོར་དགོས་ནས་ཅི་བྱས་ཡོད་དམ།
མགྲོན་པ་ཟབ་མོ་ལགས་དང་མིག་ཆུ་ཤོར་བའི་མི་ཆུང་སོགས་ཁ་མ་ཡིན་དོན་གྱི་སྐད་ཆ་འདི་ཚོར་རྒྱབ་སྐྱོབ་མེད་པར་ཧ་གོ་བཞིན་དུ་བོད་རང་གི་ཡར་ལ་རང་གིས་འགོག་རྐྱེན་བྱས་ནས་ག་རེ་དྲན་གྱིས་འདུག་གམ། ང་ཚོས་ངོས་བོད་སྤྱི་དོན་ཡིན་ན་འདྲ་མི་སོ་སོེའི་སྒེར་དོན་ཡིན་ན་འདྲ་རྒྱ་གར་བལ་ཡུལ་སྤྭ་འགོའི་ལུང་པ་སྡོད་པ་ལས་ནུབ་ཕྱོགས་སུ་ཡག་པོ་རེད་དྲན་གྱིན་འདུག
དཔེ་ན་མི་སུ་ཡིན་ཡང་དང་པོ་རང་གི་འཚོ་བ་སྐྱོང་མ་ཐུབ་ན་བོད་སྤྱི་དོན་སྒྲུབ་ཐུབ་བམ། ཁྱོད་ཚོ་ལ་རྒྱ་གར་སྡོད་ན་ཡག་བ་དང་ཕྱི་རྒྱལ་སྡོད་ན་སྡུག་པའི་རྒྱུ་མཚན་ཅི་བཤད་རྒྱུ་ཡོད་དམ། སྔོན་མ་ནས་བཙན་བྱོལ་བོད་གཞུང་འདི་ནུབ་ཕྱོགས་སུ་ཆགས་ཡོད་ན་བོད་རང་བཙན་ཐོབ་མེད་འགྲོ་སྙམ། གལ་སྲིད་དེ་འདྲ་བྱུང་མེད་ན་ཡང་ཡར་རྒྱས་ཡོད་པའི་མི་རིགས་ཤིག་ཆགས་ཡོད་པར་གདན་མི་བཟའ།
བཙན་བོད་མིའི་དཔལ་འབྱོར་ཡར་རྒྱས་དང་དེང་རབས་རིག་གནས་ཡར་རྒྱས་ལ་འགོག་རྐྱེན་གཏོང་ནས་ཅི་དྲན་གྱིན་འདུག་གམ།
མི་ཆུང་ལགས་མིག་ཆུ་གཏོང་དགོས་ས་ནི་བལ་ཡུལ་ཡོད་པའི་བོད་མི་རྣམས་ཀྱི་མི་ཚེའི་ཆེད་དུ་རེད། གང་ཟེར་ན་བལ་ཡུལ་དུ་བོད་ཕྲུག་རྣམས་ཀྱིས་སློབ་སྦྱོང་བྱེད་མི་ཐུབ་ལ་མི་མང་རྣམས་ཀྱིས་ཚོང་ལས་བྱེད་མི་ཐུབ་པའི་དུས་རེད། ལོ་གཅིག་གི་ནང་དུ་བལ་ཡུལ་བས་ཉིན་༡༢༠་སྒོ་རྒྱག་གིན་ཡོད་པ་རེད། ལུང་པའི་གནས་སྟངས་དེ་འདྲ་བའི་འོག་ཏུ་ཡར་རྒྱས་ཀྱི་མདུན་ལམ་ག་འདྲ་ཞིག་ཡོད་དམ།
མི་ཆུ་གཏོང་ས་མ་ནོར་བ་གནང་རོགས་ཞུ།
སྐུ་ཞབས་ཟླ་ཚེ་ལགས་ནས། གང་ལྟར་ཚང་མས་གོ་དགོས་པའི་སྐད་ཅ་ཞིག་བཤད་འདུག
མགྲོན་པ་ཟབ་མོ་ལགས་ནུབ་ཕྱོགས་སུ་ཡོད་པའི་བོད་མི་རྣམས་ཀྱིས་སུ་ཡིས་བོད་ཡིག་མི་དགོས་གསུངས་བྱུང་། སུ་ཡིས་ནང་ཆོས་དང་རིག་གཞུང་ཕ་ཡུལ་ཕུ་ནུ་བཅས་མི་དགོས་སུ་ཡིས་ལབ་སོང་ངམ། ང་ཚོ་ནུབ་ཕྱོགས་སུ་ཡོད་པའི་བོད་མི་རྣམས་ལ་ཕ་ཡུལ་དང་ཕུ་ཉུ་དགོས་པའི་དཔེ་མཚོན་གཅིག་ཞུ་ན། ནུབ་ཕྱོགས་སུ་ཡོད་བོད་མི་སུ་ཡིན་ན་ཡང་རང་གི་ཕུ་ནུ་ནང་མི་ལ་རོགས་བྱས་དང་བྱ་བཞིན་ཡོད། ཚོང་ལས་བྱེད་ན་མ་རྩ་དང་ཞིང་ལས་བྱེད་འཕྲུལ་འཁོར་ཉོ་བ་སོགས་རོགས་ཕན་བྱས་དང་བྱེད་བཞིན་འདུག
ཁྱོད་ཚོས་ངོས་ནས་ཅི་བྱས་ཡོད་དམ།
དགོང་དག་ཐུགས་བདེན་ངས་བྲིས་སྟངས་འདིར་ཅིག་གཟིགས་དང།
མགྲོན་པ་ཟབ་མོ་ལགས་ནུབ་ཕྱོགས་སུ་ཡོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་མི་སུ་ལབ་སོང་། ནང་ཆོས་དང་རིག་གཞུང་ཕ་ཡུལ་ཕུ་ནུ་བཅས་ང་ཚོ་ནུབ་ཕྱོགས་སུ་ཡོད་པའི་བོད་མི་རྣམས་དགོས་དཔེ་མཚོན་གཅིག་ཞུ་ན།
ནུབ་ཕྱོགས་སུ་བོད་མི་རྣམས་ཀྱིས་ཕ་ཡུལ་དང་ཕུ་ནུ་ནང་མི་ལ་ཉུང་ཞིང་ལས་བྱེད་རྐྱེན་གྲག་དྲ་འཕྲུལ་འཁོར་རེ་ཉོ་རོགས་བྱས་མྱོང་མེད་པའི་མི་སུ་ཡང་མེད་ཞུ་ན་ཡང་འགྲིག
དེ་ནང་མི་དང་ཕུ་ནུ་མི་དགོས་པས་རྒྱུ་མཚན་གྱིས་རེད་པས། ཁྱོད་ཚོར་ཕུ་ནུ་དང་ནང་མི་དགོས་ནས་ཅི་བྱས་ཡོད་དམ།
བོད་ཀྱི་སོན་རྩ་ཚང་མ་མ་འོང་པར་ནུབ་ཕྱོགས་སུ་ཕེབས་ངེས་ཡིན་པ་ནི་བཙན་བྱོལ་བོད་མི་རྒྱ་ཆ་༨༠་མ་གྲོས་བསམ་པ་གཅིག་མཐུན་རེད། རང་ཉིད་ལ་ཕྲུག་མེད་པ་དང་བཅན་བྱོལ་བོད་མི་འཚོ་བའི་བདེ་སྡུག་ལ་བསམ་གཞི་མེད་བོད་མི་རྒྱ་ཆ་༢༠་བཀག་བསམ་ཀྱང་འགོག་ཐབས་ཡོད་མི་སྲིད།
བོད་ཀྱི་སྐད་ཡིག་ཁྱོད་ཚོར་མི་དགོས། ནང་ཆོས་ཁྱོད་ཚོར་མི་དགོས། རིག་གཞུང་ཁྱོད་ཚོར་མི་དགོས། གོམས་གཤིས་ཁྱོད་ཚོར་མི་དགོས། ཕ་ཡུལ་ཁྱོད་ཚོར་མི་དགོས། ཕུ་ནུ་ཁྱོད་ཚོར་མི་དགོས། ད་ཁྱོད་ཚོར་ག་རེ་དགོས་ཀྱི་ཡོད་ན་གསལ་བོར་བཤད་རོགས།
སོན་རྩ་ཚང་མ་དེ་འདྲ་ཞེས་བཅོས་རོགས
སོ་སོར་ལྟོ་གོས་སྒྲུབ་ཐུབ་པའི་ལག་དོན་སློབ་སྦྱོང་སྣ་ཅིག་སྟོན་རྒྱུ་མེད་པར་བོད་ཀྱི་སོན་རྩ་ཚང་འདྲ་བཟོ་འདོད་པ་ནི་བོད་མི་རིགས་ཀྱི་ཆེད་དུ་ཡག་ཨེ་ཡོད་ན།
ཟླ་བ་ཚེ་རིང་ལགས་དངོས་ཡོད་གནས་ཚུལ་མང་པོ་ཞིག་གསུངས་པར་ཐུགས་རྗེ་ཆེ་ཞུ། ལོ་ངོ་ལྔ་བཅུ་རིང་དུ་བཙན་བྱོལ་བོད་ཕྲུག་མང་པོ་རྒྱ་གར་དང་བལ་ཡུལ་དུ་མཚའ་ལང་བྱུང་བ་རྣམས་ལ་ཕྱི་མིག་རེ་ལྟ་དུས་ཁོང་རྣམས་པའི་བོད་ཡིག་གི་ཤེས་ཚོད་དང་གཤེས་ཀ་སྤྱོད་པ་དང་ཆོས་ཞེན་རྒྱལ་ཞེན་བཅས་ནུབ་ཕྱོགས་སུ་མཚའ་ལང་བྱུང་བའི་བོད་ཕྲུག་རྣམས་དང་གཅིག་ནས་གཅིག་་གཉིས་ནས་གཉིས་བསྡུར་ནས་ཞུ་ན།
1་བོད་ཀྱི་སྐད་ཡིག་ཐོག་ནས་བཤད་པ་ཡིན་ན་ནུབ་ཕྱོགས་སུ་མཚའ་ལང་བྱུང་བའི་བོད་མིས་ཀྱང་བོད་ཡིག་ཐོག་རྩོམ་འབྲི་ཐུབ་པ་དང་བོད་གླུ་ལན་ཐུབ་པའི་བོད་མི་ཡོད་པར་གཅིག་མཚུངས་ཡིན།
དཔེ་མཚོན་ནི་སྨན་པ་རྟའུ་བློ་བཟང་དཔལ་ལྡན་ལྟ་བུ་རེད་རྒྱ་གར་མཚའ་ལང་བྱུང་ནས་བོད་ཡིག་མཁས་དགོས་རྒྱུ་དང་ནུབ་ཕྱོགས་སུ་མཚའ་ལང་བྱུང་ནས་བོད་ཡིག་སྐྱོ་དགོས་པས་རྒྱུ་མཚན་ཅི་ཡང་མེད།
2དེང་རབས་རིགས་གནས་ཐོག་ནས་བཤད་ན་ནུབ་ཕྱོགས་སུ་མཚའ་ལང་བྱུང་བའི་བོད་ཕྲུག་རྣམས་ཀྱི་རྐང་པས་བརྫིས་སར་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་ཕྲུག་རྣམས་ཀྱི་མགོ་གིས་ཐུག་པས་རེ་བ་མེད། དཔེ་མཚོན་ནི་ནུབ་ཕྱོགས་མཚའ་ལང་བྱུང་བའི་བོད་ཕྲུག་རྣམས་ལ་དེང་རབས་གསར་པའི་ལས་དོན་སློབ་སྦྱོང་མེད་པ་སུ་ཡང་མེད་ཞུ་ན་མ་འགྲིག་པར་མེད། ལས་དོན་སློབ་སྦྱོང་དེའི་ཐོག་ནས་ཉུང་མཐའ་ཡང་ཟླ་རེ་གླ་ཕོག་ཡུང་སྒོར་2000རེ་ཐོབ་ཐུབ་པ་ཡོད།
མི་ལུས་ལེན་པའི་རྗེས་སུ་ལས་དོན་སློབ་སྦྱོང་གི་ལག་ཁྱེར་མེད་པའི་མི་རྣམས་ནི་ནུབ་ཕྱོགས་པས་མི་དེར་ལྟོ་གོས་མ་ཚང་བའི་མི་ཞིག་དང་ཡོན་ཏན་མེད་པའི་ཞིག་བརྩི་རྒྱུ་རེད། དེ་འདྲ་ཡིན་དུས་རྒྱ་གར་བོད་གཞུང་སློབ་མ་རྣམས་ལ་ལས་དོན་སློབ་སྦྱོང་ག་རེ་སྟོན་རྒྱུ་ཡོད་དམ།
ལས་དོན་སློབ་སྦྱོང་མེད་པའི་རྐྱེན་གྱིས་བོད་གཞུང་གི་དགེ་རྒན་དང་ཨྭ་ཅྭ་རྱ་རྣམས་ཀྱིས་ཀྱང་ཐྭ་ལུ་ཁྲུས་ནས་མི་ཚེ་སྐྱེལ་བཞིན་པར་འདི་རེད།
3གཤེས་ཀའི་ཐོག་ནས་བྱེད་ན་ཕྲུག་གུ་སུ་ཡིན་ཡང་རང་ཉིད་སྐྱེས་ནས་མཚའ་ལང་བྱུང་སའི་སྤྱི་ཚོགས་དེའི་གཤེས་ཀ་ཆགས་འགྲོ་བ་དེ་ནི་ལྡོག་དུ་མེད་པའི་ཆོས་ཉིད་ཤིག་རེད། དེར་འདྲ་ཡིན་དུས་ནུབ་ཕྱོགས་སུ་མཚའ་ལང་བྱུང་བའི་བོད་ཕྲུག་རྣམས་ནུབ་ཕྱོགས་པའི་གཤེས་ཀ་ལག་ལེན་ཐུབ་པ་དང་གཡོ་རྒྱུ་ཉང་བ་གཞུང་དྲང་བཅས་ཀྱི་ཁྱད་ཆོས་ཡོད། རྒྱ་གར་རུ་མཚའ་ལང་བྱུང་བ་རྣམས་ལ་རྒྱ་གར་གྱི་གཤེས་ཀ་གཡོ་རྒྱུ་མང་ལྐོག་ཟ་མང་བ་དང་ཁ་བཤད་མང་བ་མ་གཏོགས་ལག་ལེན་ཉུང་བ་བཅས་ཀྱི་གཤེས་ཀ་ཡོད།
4ནང་ཆོས་ཤེས་མིན་གཅིག་པ་འདྲ་པོ་ཡིན་པ་འདྲ།
5་རྒྱལ་ཞེན་གྱི་ཐོག་ནས་བཤད་ན་ནུབ་ཕྱོགས་སུ་མཚའ་ལང་བྱུང་བོད་མི་རྣམས་ཀྱིས་བོད་ལ་སློབ་གྲྭ་རྒྱག་ཡོད་པར་མ་ཟད་བོད་ལ་འགྲོ་ནས་ལས་དོན་ཡང་འདྲ་མིན་སྣ་ཚོགས་སྤེལ་ཡོད། རྒྱལ་གར་བོད་མི་རྣམས་ཀྱི་བོད་ལ་ཅི་བྱས་ཡོད་དམ།ཧཧཧཧཧ
ནུབ་ཕྱོགས་སུ་བོད་ཕྲུག་མཚའ་ལང་བྱེད་བཞིན་པར་མཐོང་དུས་དགའ་མི་འདོད་པ་མིག་ཆུ་ཤོར་དོན་ཅི་ཡིན་ནམ།
མི་སྐོར་ཞིག་གིས་ང་ཚོའི་བྱིས་པ་འདི་དག་བོད་པ་ལས་ཀྱང་ནང་པ་བཟོ་འདོད་བྱེད་ཀྱིན་འདུག
ནང་ཆོས་མི་ཤེས་པའི་བོད་པ་ཞིག་ཡིན་ཚེ་རྒྱ་མི་སོགས་མི་རིགས་གཞན་དང་ཁྱད་པར་ཅི་ཡོད་ཅེས་རྩོད་པ་འཕེན་གྱི་འདུག
ད་ང་ཚོས་ཕལ་ཆེར་མ་འོངས་པའི་སོན་རྩ་ཚོ་བོད་པ་བཟོ་མ་ཐུབ་པར། བོད་དོན་རྒྱབ་སྐྱོར་བ་བཟོ་འདོད་ཡོད་པ་འདྲ།
དེང་སྐབས་བོད་དོན་རྒྱབ་སྐྱོར་བ་དག་གི་དཔེ་མཚོན་ཡག་ཤོས་གཉིས་ནི། བཀྲས་མཐོང་ལྷ་སྒྲོན་དང་ཚེ་རིང་འོད་ཟེར་གཉིས་ཡིན་པ་འདྲ།
ང་ནི་ཕ་མ་དེ་ཚོའི་བྱེད་སྟངས་ལ་ངུ་རྒྱུ་ཚར་ནས་ད་ནི་གད་མོ་དགོད་བཞིན་ཡོད། ངའི་མིག་ཆུ་བཞུར་ནས་ཚར་སོང་། ཉི་མ་གཅིག་གད་མོ་ཡང་ཚར་གི་རེད།
ཁ་བ་ནག་པོ་ལགས། ང་མི་ཆུང་ནི་སྐབས་དེ་དུས་ངུ་ཤོར་ས་རེད། དེ་རིང་བར་གནས་ཚུལ་འདི་ཚོ་མཐོང་ཐེངས་རེར། ངུ་ཤོར་བ་བརྗོད་ཀྱིས་མི་ལངས། རྩོམ་པ་པོ་ཁྱེད་རང་དགོད་འདི་འདྲ་ཤོར་བའི་རྒྱུ་མཚན་ཅི་ཡིན་ནམ། ང་མི་ཆུང་ལ་སྣང་ཆུང་མེད་པར་ལན་ཞིག་འཇོག་རོགས།
ཁ་བ་ནག་པོའི་མཆན།
ང་རང་ཡོད་ས་འདིར་ཕ་མ་ཚོས་ཚོགས་འདུ་འཚོག་དུས་དབྱིན་སྐད་རྒྱག་ཞོར་བུ་ཕྲུག་ཚོས་ཨུ་ཚུགས་ཀྱིས་བོད་ཡིག་བོད་སྐད་སློབ་བཞིན་འདུག དགོད་བྲོ་བ་ལ་ནི་གད་མོས་གྲོད་ཁོག་ན་བྱུང། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
འདི་ལ་ཅི་བྱུང་བ་རེད། རྩོམ་ཡིག་འདི་འཕྲེད་ལ་ཤོར་འདུག ཨ་ཁུ་ཁ་བ་ནག་པོའི་ཧབ་དགོད་རིང་པོ་འདིའི་དབང་གིས་ཡིན་ས་རེད།
བུ་ཕྲུག་ཚོར་་་་་
ད་ལྟ་ནས་གཟབ་གཟབ་མ་བྱས་ན། མ་འོངས་པར་བོད་ཕྱི་ནང་གང་སར་བོད་པའི་ལས་དབང་གི་ཁ་ཕྱོགས་འདི་ལྟར་འཁྱོར་འགྲོ། ཁོང་ཚོ་ཡང་བོད་པ་མ་རེད་ཅེས་ལབ་ན། བོད་པ་རེད། བོད་པ་རེད་ལབ་ནའང་། བོད་པ་ཡིན་པའི་ཁྱད་ཆོས་དམིགས་བསལ་བ་ཅི་ཡང་སྟོན་རྒྱུ་མེད། མི་རིགས་གཅིག་ལ་རང་ཉིད་ཀྱི་ཁྱད་རྟགས་ཤིག་སྟོན་རྒྱུ་མེད་ན། དེ་མི་རིགས་ཤིག་ལ་འཇོག་གི་མེད། འོ་ན་ཁོང་ཚོར་མི་རིགས་སུ་ཞིག་གི་ཁྱད་རྟགས་མེད་དམ་ཞེ་ན། ཡོད། དེ་ནི་རང་ཉིད་འཚར་ལོངས་བྱེད་སའི་ཡུལ་ལུང་དེ་ཡི་གོམས་གཤིས་དང་། སྐད་ཡིག བསམ་བློ་གཏོང་སྟངས། ས་གནས་དེ་གར་ཞེན་ཆགས་སོགས་ཀྱི་ཁྱད་རྟགས་ཡོད། དེ་རྗེས་ཁོ་ཚོའི་མི་རབས་རྗེས་མ་རྗེས་མ་ནས་རིམ་གྱིས་མི་རིགས་དེར་འགྱུར་འགྲོ་བ་རེད། སྐབས་དེ་དུས་ཁོང་ཚོའི་རིགས་བརྒྱུད་དེད་པར་ཁྲག་རྒྱུན་ལས་བཙལ་ན་མ་གཏོགས་ཐབས་ཤེས་ཅི་ཡང་མེད། ད་འདི་འདྲ་ཡིན་པ་འདྲ།