ཁྱོད་སུ་ཡིན།
ཁ་བརྡ་དྲ་བའི་ཁ་བརྡ་ཞིག་མཐོང་རྗེས།
མགོན་པོ་ཕྱག་གཉིས་པ་ལགས། ཁྱེད་ཀྱིས་༼རྒྱ་ནག་མི་མང་གི་གོ་རྟོགས་སད་ཡོད་མེད་དང་། ཁོ་ཚོའི་མི་རིགས་ལ་ཐོབ་ཐང་དགོས་ཀྱི་ཡོད་པ་དེ་བཞིན་དུ་མི་རིགས་གཞན་པ་ལའང་མི་རིགས་ཀྱི་ཐོབ་ཐང་དགོས་པར་ངོས་ལེན་བྱེད་ཐུབ་པའི་ཚད་ལ་སླེབས་ཡོད་མེད་དེ་ལ་ལྟ་གི་ཡོད། ད་རྒྱ་ནག་གི་གཞུང་འབྲེལ་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་འོག་དྲང་ལམ་མཐོང་གི་མེད་པའི་རྒྱ་མོ་དེར་བལྟས་ན་ད་རུང་འགོར་ས་རེད་བསམས།༽ཟེར། ངས་བལྟས་ན་དོན་དངོས་ཀྱི་ཐོག་ནས་ཉིད་ཀྱི་གསུངས་པ་དེ་འདྲ་ཞིག་མ་རེད་སྙམ། ངའི་ཚོར་ཤེས་ལྟར་ན་རྒྱ་ནག་སྲིད་གཞུང་གི་བསམ་པ་བཞིན་རྒྱ་མི་རིགས་ལ་གོ་རྟོགས་ཆེན་པོ་སད་འདུག མི་སུ་དང་སུ་ཡིན་རུང་ཚང་མས་རང་ཉིད་ཀྱི་མངོན་འདོད་འགྲུབ་པར་འབད་ཀྱི་ཡོད། རྒྱ་ནག་སྲིད་གཞུང་དང་མི་དམངས་གཉིས་ཀྱང་དེ་ག་ནང་བཞིན་རེད། ཁོ་ཚོའི་མངོན་འདོད་ལ་དབྱེ་བ་ཡོད་པ་མ་རེད། གཅིག་པ་རེད། ཁོ་ཚོས་དུས་ནམ་ཡིན་རུང་མི་རིགས་ཁོ་ནའི་ལྟ་བ་ཞེ་རྩར་བཅང་སྟེ་མི་རིགས་འདི་འཛམ་གླིང་གི་ཡང་རྩེར་སྙེག་རྒྱུ་དང་ད་དུང་ཐུབ་ན་འཛམ་བུ་གླིང་འདིའི་ཡོད་ཚད་ལ་དབང་བསྒྱུར་བྱེད་འདོད་ཀྱི་ཧམ་སེམས་དང་ཀུན་སློང་ཡོད་པ་རེད། ཁོ་ཚོར་རང་གི་མི་རིགས་ལ་ཐོབ་སྙན་གྲགས་དང་དཔལ་འབྱོར་གྱི་གནས་ཚུལ་ཡག་པོ་ཞིག་ཡོད་སོང་ན་གཞན་འགྲོ་བ་མི་ཟེར་བ་དང་གཞན་གྱི་བདེ་སྡུག་ཟེར་བ་དེ་ཚོར་གཏན་ནས་ཡ་བྱེད་ཀྱི་མ་རེད། ཁོ་ཚོར་ཁོ་ཚོའི་མངོན་འདོད་དེ་ག་ནང་བཞིན་རེག་གི་ཡོད་ལ། ཁོ་ཚོར་ཁོ་ཚོའི་ཚོད་ཀྱི་ཡོད་འོས་པའི་རང་དབང་དང་ཐོབ་ཐང་ཡོད། ད་དུང་ཁོ་ཚོར་ཁོ་ཚོས་བཅང་བཞིན་པའི་ཧམ་སེམས་ཀྱི་ཀུན་སློང་དེ་མངོན་དུ་འགྱུར་བར་ཡང་རེ་བ་ཆེན་པོ་ཡོད། མངོན་འདོད་དང་རེ་བ་དེ་གཞིར་བཞག་གིས་ད་ལྟ་ཁོ་ཚོར་ངེས་ཤེས་ཆེན་པོ་ཞིག་སྐྱེས་ཡོད། དེ་ནི་སྲིད་གཞུང་གི་འགོ་ཁྲིད་ཚོའི་ཁར་ཉན་ཏེ་འགོ་ཁྲིད་ཚོས་ལམ་གང་དུ་ཁྲིད་ན་དེར་ཤར་བསྐྱོད་བྱ་རྒྱུ་དེ་ཡིན། རྒྱ་ནག་གཞུང་དམངས་གཉིས་ཀས་སྔར་གྱི་ར་ཤི་ཡའི་གནས་ཚུལ་ཤེས་ཀྱི་ཡོད་ལ་ད་ལྟའི་རྒྱ་གར་གྱི་ངང་ཚུལ་མཐོང་གི་ཡོད། ལྷག་དོན་དེ་དག་དང་ད་ལྟའི་སྲིད་གཞུང་གི་འགོ་ཁྲིད་འོག་གི་རྒྱ་ནག་རྒྱལ་ཁབ་བསྡུར་བ་ཡིན་ན་རྒྱ་ནག་མི་དམངས་ཚོར་ངེས་པ་ཡང་དག་ཅིག་རྙེད་ཡོད། ད་ལྟའི་ཆར་རྒྱ་ནག་མི་དམངས་ཚོ་ས་གནས་དང་རྒྱལ་ཁབ་གང་ཞིག་ཏུ་འགྲོ་ན་ཡང་རྒྱལ་ཁབ་ཀྱི་ཟིལ་ཤུགས་ཀྱིས་མགོ་བོ་གནམ་མཁར་མ་གཤོང་བར་འགྲོ་གི་ཡོད། གནས་ཚུལ་འདི་དག་གིས་ཀྱང་རྒྱ་ནག་མི་དམངས་ཀྱིས་རྒྱ་ནག་གི་ཟིལ་ཤུགས་དང་འཕེལ་རྒྱས་ཀྱི་གནས་སྟངས་འདི་ལ་བློ་སྤོབས་སྐྱེས་བཞིན་ཡོད་པ་མ་ཟད། ད་ལྟའི་གནས་སྟངས་འདི་བཞིན་མུ་མཐུད་གནས་དགོས་ཤིང་ཡང་རྩེར་འགྲོ་དགོས་ན་དེ་ནི་ད་ལྟའི་སྲིད་གཞུང་སྟེ་གུང་ཁྲན་ཏང་གི་སྣེ་ཁྲིད་དང་ལམ་སྟོན་ཁོ་ནའི་འོག་འགྲོ་དགོས་པའི་གནས་ལུགས་དེ་ཤེས་ཀྱི་ཡོད།
རྒྱ་ནག་སྲིད་གཞུང་གི་དྲིལ་བསྒྲགས་ཐད་ནས་བཤད་ན། ང་ཚོའི་ངོས་ནས་བཤད་ན་ལོག་ལམ་ཞིག་རེད་ཟེར་ཆོག་མོད། རྒྱ་ནག་མི་དམངས་ཀྱིས་དེ་ལྟར་མཐོང་གི་མེད། གནས་ཚུལ་ཁ་ཤས་ཤིག་གི་ཐོག་ནས་དྲང་བདེན་མིན་པ་ཁོ་ཚོའི་མི་མང་བོ་ཞིག་གིས་དངོས་སུ་ཤེས་ཀྱི་ཡོད་ན་ཡང་དེ་ཡང་ཁོ་ཚོར་མཚོན་ན་དགོས་མཁོ་ཞིག་ཡིན་པ་ཤེས་ཀྱི་ཡོད། རྒྱལ་ཁབ་ཡར་རྒྱས་སུ་འགྲོ་དགོས་ན་ནང་ཁུལ་མཐུན་སྒྲིལ་དགོས་ལ་མཐུན་སྒྲིལ་དེ་ནི་ཡར་རྒྱས་ཀྱི་སེམས་རྩ་དང་མི་རིགས་ཀྱི་ལ་རྒྱ། ཡར་སྐུལ་གྱི་ཁ་ཏ་སློབ་གསོ། གཡས་གཡོན་གྱི་སྣང་ཚུལ་བཅས་ལ་རག་ལས་པ་དང་དེ་ཡང་མདོར་བསྡུས་ན་དྲིལ་བསྒྲགས་ཀྱི་ནུས་པར་རག་ལས་ཡོད་པ་ཤེས་ཀྱི་ཡོད། དེ་བས་དེ་ལྟའི་སྲིད་གཞུང་གི་དྲིལ་བསྒྲགས་ནི་ཁོ་ཚོར་མཚོན་ན་ལོག་ལམ་ཞིག་གཏན་ནས་མ་ཡིན་པར་མ་ཟད་ལེགས་ལམ་མཐར་ཐུག་དེ་ཡིན། སྲིད་གཞུང་གི་བྱེད་སྟངས་འདི་དག་ལ་བརྟེན་ན་ད་བཟོད་ཁོ་ཚོའི་མངོན་འདོད་དེ་འགྲུབ་ཀྱི་རེད་ལ། སྲིད་གཞུང་གི་བྱེད་སྟངས་འདི་དག་ལ་བརྟེན་ནས་ད་བཟོད་ཁོ་ཚོར་མི་རིགས་ཀྱི་ལྟ་བའི་གོ་རྟོགས་འདི་ཐོབ་པ་ཤེས་པ་རེད། དེ་བས་ཁོ་ཚོར་སྲིད་གཞུང་གི་འགོ་ཁྲིད་དང་སྲིད་གཞུང་གི་བྱེད་སྟངས་ཐད་ལ་མོས་གུས་རྣམ་དག་ཡོད་པ་སྨྲ་ཅི་དགོས།
ང་ཚོའི་ངོས་ནས་ནམ་ཡིན་རུང་རྒྱ་ནག་མི་དམངས་ལ་རེ་བ་ཆེན་པོ་བཅང་གི་ཡོད་པ་རེད། ང་ཚོས་ད་ལྟའི་ཆར་རྒྱ་ནག་ནང་ཤེས་ཡོན་གྱི་གནས་སྟངས་ཧ་ཅང་ཡར་རྒྱས་སུ་འགྲོ་གི་ཡོད་པ་དང་། མ་འོངས་པར་རྒྱ་ནག་མི་དམངས་དེ་ཤེས་ཡོན་ཅན་དུ་གྱུར་ན་ཁོ་ཚོས་གནས་ལུགས་ཁས་ལེན་གྱི་རེད་ལ་དྲང་བདེན་བསྐྱང་གི་རེད་སྙམ་པའི་རེ་བ་བཅང་ཡོད། ང་ཚོས་ད་ལྟའི་ཆར་རྒྱ་ནག་ནང་ནང་ཆོས་ཉམས་ལེན་བྱེད་མཁན་མང་རུ་འགྲོ་གི་ཡོད་ལ། དེའི་ནང་ནས་ཀྱང་བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་ཇེ་མང་རེད། དེ་བས་ན་མ་འོངས་པར་རྒྱ་ནག་མི་དམངས་ཀྱིས་ཆོས་ཀྱི་འབྲེལ་བའི་ཐོག་ནས་བོད་ལ་བརྩེ་སེམས་བཅང་གི་རེད་ལ། ནང་བའི་བྱམས་སྙིང་རྗེའི་ལྟ་བ་ཁུར་ཏེ་བོད་ལ་རོགས་རམ་བྱེད་ཀྱི་རེད་སྙམ་པའི་རེ་བ་བཟུང་ཡོད། ད་དུང་ང་ཚོས་ད་ལྟའི་ཆར་རྒྱ་ནག་མི་དམངས་ཀྱིས་ཕྱི་རོལ་འཛམ་གླིང་གི་གནས་ཚུལ་ཐད་ལ་ཤེས་རྟོགས་ཇེ་ཆེར་འགྲོ་གི་ཡོད་པ་དང་། ཁོ་ཚོ་ཡང་འཛམ་གླིང་གི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་འཚོ་བའི་གནས་སྟངས་དེར་རོལ་འདོད་ཡོད་པ་རེད། དེ་བས་ད་ལྟའི་སྲིད་གཞུང་གི་བྱེད་སྟངས་ལ་ཤུགས་རྐྱེན་བཟོ་གི་རེད་སྙམ་པའི་རེ་བ་བཟུང་ཡོད། དེར་མ་ཟད་ང་ཚོས་ཡུན་གྱིས་དམར་པོའི་ཀླད་པ་མཁྲེགས་པའི་རྒྱ་ནག་གི་དབང་འཛིན་པ་རྒན་པ་ཚོ་རྫོགས་འགྲོ་གི་ཡོད་ལ་འགོ་ཁྲིད་པ་གཞོན་སྐྱེས་ཚོ་ལངས་ཡོང་ན་བོད་ལ་གུ་ཡངས་སྟེར་གྱི་རེད་འདོད་པའི་རེ་སེམས་བཅང་ཡོད། བོད་རེ་བས་འཕོང་ཟེར་བ་ཅིས་མ་བདེན། རེ་བ་ནི་རེ་བ་རང་རེད། རེ་བ་རེ་བཟུང་སྟེ་རང་སེམས་གསོས་ན་ཡང་མི་ཆོག་པ་མེད་མོད་དོན་དངོས་སྟེང་ལ་བབ་ན་རང་མགོ་སྐོར་བ་ཁོ་ན་ཙམ་ཡིན། ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་རྒྱ་མི་དང་མཉམ་དུ་སྐད་ཆ་བཤད་ན་ལྟ་ཚུལ་དང་དོན་དག་མང་བོ་ཞིག་གི་ཐོག་ལ་ཁ་འཆམ་གྱི་རེད། འོན་ཀྱང་རྩ་བའི་གནད་དོན་ཏེ་མི་རིགས་དང་རྒྱལ་ཁབ་ཀྱི་སྟེང་དུ་བབ་ན་ཁོ་ཚོས་དུས་རྒྱུན་དུ་བཤད་བཞིན་པའི་དྲང་བདེན་གནས་ལུགས་དང་ཆོས་ཀྱི་ཉམས་ལེན་ཟེར་བ་ཡོད་ཚད་རྫུན་མ་ཡིན། གལ་སྲིད་ཁོ་ཚོའི་འདོད་མོས་དང་མ་མཐུན་ཚེ་གནས་ལུགས་གནས་ལུགས་མིན་ལ་སངས་རྒྱས་ཀྱང་སངས་རྒྱས་མ་རེད། སྐབས་འདིར་སླེབས་དུས་ངས་ཡང་བསྐྱར་དོན་དག་ཅིག་དྲན་བྱུང་། དེ་ཡང་རྒྱ་མོ་ཞིག་དང་ཁ་བརྡ་བྱས་པའི་དོན་དག་རེད། ཁོ་མོས་ང་ལ་ནང་མོལ་གྱི་ཚུལ་དུ་འདི་ལྟར་ཟེར། རྒྱ་མི་རིགས་ནི་བོད་མི་རིགས་དང་རྩ་བ་ནས་འདྲ་གི་མ་རེད། རྒྱ་མི་རིགས་ལ་བག་ཆགས་མཐུག་པོ་ཞིག་ཡོད། རྒྱ་མི་ཚོས་རང་གི་བུ་རབས་ཚ་རྒྱུད་ཚོར་ཐོག་མར་བསླབ་པའི་ལྟ་བའམ་བག་ཆགས་ནི་རང་ལག་ཏུ་ཐོབ་ཕྱིན་ཆད་ས་སྤར་མོ་གང་ཡིན་རུང་གཞན་ལ་སྟེར་མི་རུང་ཞེས་པ་དེ་རེད་ལ་ལྟ་བའམ་བག་ཆགས་དེ་ནི་གནས་ཚུལ་ཇི་འདྲ་ཞིག་གི་འོག་ཏུ་ཡང་འགྱུར་གྱི་མ་རེད་ཟེར།
ད་ལྟ་ཡིན་ནའང་གནས་སྟངས་དེ་རང་རེད།
དེར་བརྟེན་ཚང་མས་བསམ་བློ་མང་ཙམ་གཏོང་རོགས།
འདི་ལྟར་བཤད་དུས་༸གོང་ས་མཆོག་ཁ་ལ་ཁྱེར་ནས་མ་ཡོང་རོགས།
བླ་མའི་གསུང་རང་རེད། གོ་རྒྱུ་ཆེན་པོ་འདུག
དོན་དངོས་སུ་ང་ཚོས་རྒྱ་ནག་མི་མང་དང་རྒྱ་ནག་སྲིད་གཞུང་དབར་དབྱེ་བ་འབྱེད་ཀྱི་ཡོད་པ་རེད། ཡིན་ནའང་བསམ་བློ་གང་ནས་བཏང་ཡང་དེ་གཉིས་ལ་དབྱེ་བ་མི་འདུག་སེམས།
མི་མང་གིས་སྲིད་གཞུང་གི་ལམ་སྟོན་བཞིན་བོད་དུ་བསྐྱོད་ཀྱི་ཡོད། དེ་རུ་ཁོང་ཚོ་གནས་པས་བོད་དུ་རྒྱ་མི་འབོར་ཆེན་སླེབས་འདུག་ཟེར་བ་འདི་བྱུང་བ་རེད། ཁོང་ཚོའི་རང་གི་སྲིད་གཞུང་གི་བཀའ་སྒྲུབ་ཀྱི་ཡོད་པ་རེད།
སྔར་ཡང་བོད་མི་རྒྱ་མིས་བསད་པ་རེད། དེ་ཡང་རྒྱ་ནག་སྲིད་གཞུང་གིས་བཏང་བའི་རྒྱ་མི་རེད། ཁོང་ཚོ་རྒྱ་ནག་གི་གཞི་རིམ་མི་མང་གི་ཁྲོད་ནས་ཡོང་བ་རེད།
ཏེང་དང་ཧུ་མ་གཏོགས་རྒྱ་ནག་དབུས་ཀྱི་འགོ་གཙོ་སུ་ཞིག་གིས་བོད་མི་དམར་གསོད་གཏོང་བར་སུ་ཡོང་བ་རེད།
དོན་དངོས་སུ་ཏེང་ཁོ་རང་གི་ལག་འོག་རང་དུ་བོད་མི་ཤི་ཨེ་ཡོད་ན། ཡིན་ནའང་བོད་དུ་བོད་མི་དེ་ཙམ་བསད་ཡོད་པ་རེད། དེ་སུས་བཏང་བ་རེད། དེ་ཚོ་སུ་རེད། རྒྱ་ནག་གཞུང་གིས་བཏང་བ་རེད་ལ། དེ་ཚོ་རྒྱ་ནག་གི་གཞི་རིམ་མི་མང་གི་ནང་ནས་ཡོང་བའི་རྒྱ་མི་རེད།