གོ་ལའི་འཁོར་འགྲོས་ཀྱི་དབང་གིས་ངྷ་ས་དང་པེ་ཅིན་གཉིས་བར་ལ་དུས་ཚོད་བཞི་ལྷག་གི་སྔ་འཕྱི་ཤོར་ཡོད། གོ་ལའི་ཕྲད་ཐིག་གི་ངོས་ནས་གླེང་ན་བར་ཐག་འདི་ཧ་ཅང་གི་ཐུང་བའི་གྲས་ཡིན། བར་ཐག་ཐུང་ཐུང་འདི་དུས་ཚོད་ཀྱི་མདའ་རྩེ་གཅིག་གི་འོག་ཏུ་འཁེལ་བར་ཕྱོགས་གཉིས་ཀྱིས་འབྲེལ་གཏུགས་དང་གྲོས་མོལ་གྱི་རིམ་པ་བརྒྱུད་ནས་འབད་བརྩོན་བྱས་ཡོད་ནའང་། ད་བར་དུ་ཆབ་སྲིད་བདག་དབང་གཙོ་བོར་གྱུར་བའི་ལབ་གླེང་དང་། བདག་དབང་གི་ཡན་ལག་ཉིང་ལག་ལ་ཕྱོགས་གཉིས་ཀྱིས་ངོས་འཛིན་གནང་སྟངས་ཀྱི་འགལ་ཟླའི་ཁྲོད་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་བྱུང་མེད། འབྲེལ་མོལ་ཐེངས་དགུ་བ་འདི་ཡང་འབྲེལ་མོལ་སྔ་མ་ནང་བཞིན་ཧ་ཅང་གི་བློ་ཕམ་ངང་མཇུག་བསྒྲིལ་ཡོད།
འབྲེལ་མོལ་འདི་མུ་མཐུད་རྒྱུར་ངྷ་ས་དང་པེ་ཅིན་གཉིས་ཀས་མོས་མཐུན་བྱས་ཡོད། པེ་ཅིན་གྱིས་འབྲེལ་མོལ་མུ་མཐུད་དོན་ཚེ་མཇུག་ལ་ཐུག་པའི་ཏཱ་ལའི་བླ་མ་རྒྱལ་གཅེས་ཀྱི་ལངས་ཕྱོགས་སྟེང་ཕེབས་ནས་རང་གི་ནོར་འཁྲུལ་ངོས་ལེན་གྱི་གོ་སྐབས་བསྐྲུན་ཆེད་ཡིན་ཟེར། སྲིད་དོན་དབྱེ་ཞིབ་པ་མང་པོས་དེ་ནི་བོད་ཀྱི་བདག་དབང་འཐབ་རྩོད་ཁྲོད་པེ་ཅིན་གཞུང་གི་ཆབ་སྲིད་ཀྱི་བཤད་སྟངས་ཤིག་ལས་གང་ཡང་མིན་པར་འདོད། འོན་ཀྱང་ཐེངས་འདིར་བཏོན་པའི་༼ བྱེད་མི་རུང་བ་བཞི་ ༽ཡིས་ཆབ་སྲིད་ཀྱི་སྐད་ཆ་གཅིག་པུ་མིན་པར་རྒྱབ་ལོགས་ན་གོ་རྒྱུ་ཞིག་ཡོད་པ་ར་སྤྲོད་བྱས་ཡོད་ལ། ཁོ་ཚོའི་མཐོང་ལམ་ནས་ཏཱ་ལའི་བླ་མ་ནི་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཁ་བྲལ་གྱི་གཏེ་བོ་ལས་གང་ཡང་མིན། ངྷ་རམ་ས་ལས་པེ་ཅིན་གྱིས་བསྡུས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་ཡིག་ཆའི་དགོངས་དོན་རྣམས་འབྲེལ་མོལ་རྗེས་མའི་ཐུན་མོང་གི་འབབ་སའམ། མ་མཐར་ཡང་རེ་བ་རྒྱག་ས་ཞིག་ཡིན་པའི་ངོས་འཛིན་གནང་བ་དང་ཆབས་གཅིག འབྱུང་འགྱུར་གྱི་ཉིན་ཟླའི་ནང་ ༼ བྱེད་མི་རུང་བཞི་༽ལ་སློབ་སྦྱོང་བྱ་གཏན་འཁེལ་ཡོད།
བོད་པའི་སྐུ་ཚབ་ཚོས་བཤད་ན། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ནང་བོད་རིགས་ཡོངས་རྫོགས་ཆབ་སྲིད་ཀྱི་སྒྲོམ་གཞི་གཅིག་གི་ནང་བསྡུ་རྒྱུ་ལས། གཞན་དཔལ་འབྱོར་དང་། འཕྲོད་བསྟེན། སློབ་གསོ། རིག་གཞུང་བཅས་ཀྱི་ཐོག་ནས་བོད་རིགས་ཡོངས་རྫོགས་སྲིད་བྱུས་གཅིག་ནང་འབབ་རྒྱུར་དཀའ་ངལ་གང་ཡང་མི་འདུག་ཟེར། ཡིག་ཐོག་ནས་པེ་ཅིན་གཞུང་གིས་བོད་ལ་འདྲ་ཆགས་པའི་གཏན་འབེབས་མང་པོ་བྱས་མྱོང་། གྲོས་ཆོད་དོན་ཚན་བཅུ་བདུན་ནས་བོད་ལ་དམིགས་བསལ་བལྟ་སྐྱོང་གི་འགྲོ་གྲོན་སོགས་གང་ལ་བལྟས་ཀྱང་ཁ་ཡོད་ལག་ཡོད་ཀྱི་གྲུས་འབྲས་གང་ཡང་བྱུང་མེད། ཐག་ཉེ་ས་ནས་གླེང་ན། དགོངས་དོན་དག་ལག་བསྟར་ཡོང་བར་དུས་ཚོད་ཀྱི་ཆ་རྐྱེན་དགོས་ལ། མིག་སྔར་བོད་ནང་གི་ལས་དོན་ཡར་རྒྱས་མེད་པའི་རྩ་བ་སྟེ། བོད་ནང་གི་༼ སྐུ་དྲག་གསར་མ་༽ཚོའི་གནས་སྟངས་འཕོ་འགྱུར་ལའང་ཐུག་ཡོད། བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་རྩ་དགོངས་བཏང་བ་དེ་བོད་ནང་གི་༼ སྐུ་དྲག་གསར་མ་༽ཚོར་འཕོ་འགྱུར་བཏང་པའི་མངོན་རྟགས་གང་ཡང་མིན། མ་གཞི་བོད་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་རྣམས་ངྷ་རམ་ས་ལའི་བསམ་འཆར་དང་མཐུན་པོ་ཡོད་ནའང་། དེ་དག་པེ་ཅིན་དབུས་གཞུང་དང་བོད་ས་གནས་རིམ་པ་བར་གྱི་འཆར་འགོད་དང་། ལག་ལེན་བསྟར་སྟངས་ཞིག་ལས། ངྷ་རམ་ས་ལ་འདིའི་བར་དུ་འཛུལ་ནས་པེ་ཅིན་གཞུང་དང་མཉམ་དུ་གྲོས་མོལ་བྱེད་གལ་ཆེ་བའི་སྣང་ཚུལ་གང་ཡང་མངོན་མེད།
༼ བྱེད་མི་རུང་བཞི་༽ལ་ཟླ་འདིའི་ཕྱི་ཚེས་གཉིས་ཉིན་ཀྲུའུ་ཝེ་ཆོན་གྱིས་པེ་ཅིན་གྱི་གསར་འགོད་གསལ་བསྒྲགས་ཐོག་རྒྱ་སྐད་ནང་བཤད་པ་དང་། ཟླ་འདིའི་ཕྱི་ཚེས་གསུམ་ཉིན་བོད་ལྗོངས་དྲ་བའི་སྟེང་བོད་ཡིག་ཐོག་སྤེལ་བའི་ཚིག་རིས་གཉིས་ལ་བར་ཁྱད་ཆེན་པོ་ཡོད། པེ་ཅིན་གཞུང་ལ་རྒྱ་བོད་ཡིག་རིགས་གཉིས་ཐོག་ཁྱད་པར་ཤོར་བ་ནང་བཞིན། ངྷ་ས་དང་པེ་ཅིན་གཉིས་ལའང་༼ བྱེད་མི་རུང་བ་བཞི་༽ལ་གཅིག་གྱུར་གྱི་ངོས་འཛིན་ཞིག་མེད། ཕྱོགས་གཉིས་ཀའི་ངོས་འཛིན་ཀྱི་བར་ཁྱད་ནི་རྩ་བ་དང་ཡན་ལག་ཉིང་ལག་གི་འགལ་ཟླའི་སྣང་ཚུལ་ཐོག་བྱུང་ཡོད། ངྷ་རམ་ས་ལས་༼ བྱེད་མི་རུང་བ་བཞི་ ༽ལ་གོ་བ་ལེན་སྟངས་ནི་གུ་ཡངས་པོ་དང་སྟབས་བདེ་བོ་ཡིན། མདོར་བསྡུས་ན། བོད་རིགས་ཡོངས་རྫོགས་ཆབ་སྲིད་ཀྱི་སྒྲོམ་གཞི་གཅིག་ནང་འདུ་ཐབས་ཀྱི་བརྩོན་ལེན་དེ་དོར་ན་འགྲིག་ཡོད་པར་དགོངས་ཡོད། པེ་ཅིན་གཞུང་གི་བསྟན་དོན་ངྷ་རམ་ས་ལ་ནང་བཞིན་ཧ་ཅང་འབྱུང་འགྱུར་གྱི་རིམ་པ་ཞིག་ལ་སོང་མེད། ཏཱ་ལའི་བླ་མ་གནས་སྟངས་དང་ངོ་བོ་གང་འདྲ་སྤྱད་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་འཚམས་འདྲི་དང་། རྒྱལ་ཁབ་དང་ཚོགས་སྡེ་ཁག་གི་གནད་ཡོད་དབུ་ཁྲིད་སུ་འདྲ་ཞིག་ལ་མཇལ་འཕྲད་གནང་བ། འདུ་འཛོམས་གང་ཡིན་སྐབས་བོད་ཀྱི་གནས་སྟངས་གླེང་བ་སོགས་བྱེད་མི་རུང་བཞིའི་ནང་བསྡུས་ཡོད་ལ། རྒྱ་གར་ནང་བཙན་བྱོལ་བོད་གཞུང་མུ་མཐུད་གནས་པ་ཡང་བྱེད་མི་རུང་བ་བཞིའི་ནང་དུ་བསྡུས་ཡོད། ངྷ་རམ་ས་ལས་འདི་ལ་སློབ་སྦྱོང་འཐུས་ཕྱིན་པ་ཞིག་བྱེད་ཐུབ་བམ།
འབྲེལ་མོལ་ཐེངས་བཅུ་པ་དང་། བཅུ་གཅིག་པ། བཅུ་གཉིས་པ། དེ་ནས་རིམ་པར་མུ་མཐུད་ཀྱང་ཆོག ངྷ་ས་དང་པེ་ཅིན་གྱི་བར་དུ་ལྷག་པའི་གོ་ལའི་འཁོར་འགྲོས་གྱི་བར་ཐག་སྙོམ་སྒྲིག་ལ་ལྟ་མཁན་ཚོ་ད་ཆ་རྦད་དེ་ཐང་ཆད་ནས་ཡོད། འབྲེལ་མོལ་མགོ་བཙུགས་ནས་མཇུག་སྒྲིལ་རག་བར་ཀྱི་དུས་ཚོད་ནི་མི་རྣམས་ཉོབ་སྣང་དང་སུན་སྣང་སྐྱེས་ས་དེ་ཆགས་ཡོད་ལ། འབྲེལ་མོལ་རེ་རེ་མཇུག་བསྒྲིལ་སྐབས་སྐད་ཆ་རྙིང་བ་ཞིག་ཡང་བསྐྱར་བཤད་རྒྱུར་དེ་ལས་ཀྱང་ཉོབ་སྣང་དང་སུན་སྣང་སྐྱེས་ཀི་ཡོད།
བདེན་བདེན་ཟླ་བ་ཚེ་རིང་ལགས། གཅིག་བྱས་ན་སང་ཉིན་དཔལ་ཡོན་སློབ་གྲ་ལ་མཇལ་ཡོང་
སྲ་མོ་རྡོའི་སྐད་ཆའང་བདེན་བདེན་
རྒྱལ་ཁབ་གཉིས་ཀྱི་དོན་དག་བཤད་པ་དེར་ངས་ཅི་ཡང་མི་ཤེས་མོད། གལ་ཏེ་ཁྱིམ་ཚང་གཉིས་སམ་མི་གཉིས་ཀྱི་དོན་དག་ཡིན་ཚེ། རྒྱ་ནག་གི་བཤད་སྟངས་དེ་ནི་ངེད་གཉིས་ལ་འདྲ་མཉམ་གྱི་ཐོབ་ཐང་ནམ་ཡང་ཡོང་གི་མ་རེད། ངའི་ཁྱིམ་ཚང་འདིའི་དབང་ཆ་ཆ་ཚང་ངའི་ལག་ན་ཡོད་པས་ཁྱོད་ཀྱིས་དེ་ལ་ཇུས་རྟོགས་བྱ་མི་ཆོག ཡིན་ནའང་ངའི་ནང་ལ་ཡོང་ནས་ཁ་བཙུམ་སྟེ་འདུག་ཐུབ་ན་ཡོང་གི་འཇུག་ངེས་ཡིན། ངའི་ཨ་ཕ་དང་ཨ་མ། ཕུ་ནུ་དང་ཚ་བོ་ཚ་མོ་སོགས་ལ་སྐད་ཆ་མང་བོ་བཤད་རྒྱུའི་ཐོང་ཐང་མེད་ལ་ངའི་ནང་གི་ཅ་ལག་ལ་ལག་པ་འཆང་ན་མི་ཆོག གང་དགོས་བ་དེ་དང་པོར་ང་ལ་དྲིས་དང་། ངས་ཆོག་དང་མི་ཆོག་གི་ཐག་གཅོད་དྲང་མོར་བྱེད་གི་ཡིན། ང་རང་མི་སེམས་བཟང་ཞིག་ཡིན་པས་དེ་ལ་ཁྱོད་ཀྱིས་ཡིད་ཆེས་བྱེད་ཆོག་ཅེས་བ་དང་གཅིག་པ་རེད།
དམར་ཕྱོགས་མང་གཙོ་རྗེས་སུ་མི་ཡོང་ཀྱང་།
མང་གཚོ་དམར་ཕྱོགས་རྗེས་སུ་མི་འགྲོ་བ།
འདི་ནི་བོད་ཀྱི་དམ་ཚིག་དང་པོ་སྟེ།
ལོ་བརྒྱ་འགོག་ཀྱང་འབད་པས་སྲུང་ན་བཟང་།་་་་་་་་་་ངམ་ངམ་ངམ
དངོས་གཙོ་སྨྲ་བ་ཟླ་བ་ཚེ་རིང་ལགས་དང་བདེན་པའི་རྗེས་འབྲངས་ཤ་ཁག་རུས་ལགས་ཁྱེད་གཉིས་ཀྱིས་ཅི་ཞིག་གསུངས་ཀྱིན་ཡོད་དམ།
དངོས་གནས་ད་ཡིན་ན་མེ་དང་ཆུ་མཉམ་གནས་དགོས་ཟེར་བ་དང་དམར་ཕྱོགས་དང་མང་གཙོ་མཉམ་གནས་དགོས་ཟེར་བ་འདི་ཚོ་གཅིག་ཤི་གཅིག་སྐྱེ་མ་རེད་པས།
༧གོང་ས་མཆོག་གིས་འགོ་ཁྲིད་པའི་བོད་མི་ང་རང་ཚོ་ཚང་མས་ཁ་མ་ཡིན་དོན་གྱིས་ཀྲུང་གོ་དམར་ཕྱོགས་ལམ་ལུགས་ལ་བརྩི་སྲུང་བྱེད་ཐུབ་བམ།
གལ་སྲིད་མི་ཐུབ་ན་་་་་་ཀྲུང་གོ་དམར་ཕྱོགས་རྗེས་སུ་རྒྱུགས་ཁུལ་བྱས་ཀྱང་སོ་སོས་སོ་སོར་མགོ་སྐོར་གཏོང་ཐུབ་ནི་རེད་ཡ།
དམར་ཕྱོགས་མང་གཙོ་རྗེས་སུ་ཡོང་ཀྱང།
མང་གཙོ་དམར་ཕྱོགས་རྗེས་སུ་མི་འགྲོ་བར།
འདི་ནི་བོད་ཀྱི་དམ་ཚིག་དང་པོ་སྟེ།
སྲོག་ལ་བབ་ཀྱང་འབད་པས་སྲུང་ན་བཟང་།་་་་་ངམ་ངམ།
ཟླ་བ་ཚེ་རིང་ལགས།
དེ་ལྟར་རེད། འུ་ཅག་གིས་སྐུ་ཚབ་དག་གིས་བོད་མི་དམངས་ཀྱི་བདེ་སྡུག་དངོས་དེ་ཕར་ཕྱོགས་ལ་བརྗོད་མ་ཐུབ་པ་ཡིན་པ་དེ་ལས་ཀྱང་གསལ་བོ་ཤེས་ཀྱི་ཡོད་པ་རེད་ལ། གལ་སྲིད་བྱེད་མི་རུང་བ་བཞི་བཙན་བྱོལ་བོད་གཞུང་གིས་ཁས་ལེན་བྱེད་དགོས་པ་ཡིན་ན། སྐུ་ཚབ་གཅིག་བུས་ཐག་གཅོད་པ་ཞིག་གཏན་ནས་མིན་ལ། དེ་ཡང་བོད་མི་ཕྱི་ནང་གཉིས་ཀྱིས་འདོད་བློ་དེ་དང་ཡང་བསྟུན་གྱི་མེད་པ་རེད།
ང་ཚོས་ཅི་ནས་ཀྱང་གནད་འགག་བོད་མི་བྱེས་པ་དག་གི་སེམས་གཏིང་ནས་ལན་རེ་འདེབས་ཐུབ་མིན་ལ་བཀའ་འདྲི་དང་བགྲོ་གླེང་ལྷུག་པོ་ཞིག་བྱེད་རན་རེད་འདུག
ད་དུང་། བོད་མི་མི་རེ་ངོ་རེ་ནས་བོད་འདི་དབུ་མའི་ལམ་དུ་སྤྱོད་འདོད་ཡོད་པ་གཞིར་བཟུང་ནས་བོད་འདི་རྒྱའི་མངའ་ཁུངས་དུ་བསྡོད་པར་ཁས་ལེན་ཡོད་པར་བདེན་ན། དེ་དང་འཚམས་པའི་བོད་མིའི་མངོན་འདོད་དེ་ཡང་རྒྱའི་སྲིད་གཞུང་གི་དཔོན་ངན་དེ་དག་གིས་གཏན་ནས་མ་ཤེས་པ་ཡིན་མི་སྲིད་ལ། སྐུ་ཚབ་དག་གིས་ཀྱང་དེ་དག་གླེང་མེད་པ་ནི་ཡིན་རྒྱུ་མ་རེད། འོན་ཀྱང་། བོད་མི་དག་གིས་དེང་སང་འུར་རྒྱགས་བཞིན་ཡོད་པ་དེ་ལས་བོད་འདི་རྒྱའི་སྲིད་གཞུང་གི་མངའ་ཁུངས་དུ་དབུ་མའི་ལམ་བརྒྱུད་དེ་བསྡོད་འདོད་ཡོད་པ་ལས། མི་བྱེད་པ་བཞི་སོགས་གཏན་ནས་རྒྱུས་མངའ་མེད་ལ། དེ་ནི་སྐུ་ཚབ་འདི་དག་གིས་རྒྱའི་སྲིད་གཞུང་གི་མགྲིན་ཚབ་ཞིག་བྱས་པ་དེ་ཡང་མཚོན་ཐུབ་ཀྱི་ཡོད་ལ། བོད་མི་དམངས་ཀྱི་མགྲིན་ཚབ་པ་བྱེད་མ་ཐུབ་པ་དེ་མཐོང་གི་མི་འདུག་གམ། དེ་ཡིན་དུས། ད་ནི་དངོས་ནས་དྲང་གནས་ཀྱི་ང་ཚོ་ཁ་རོག་གེར་བསྡོད་པའི་དུས་ཤིག་གཏན་ནས་མ་རེད།
ག་ལེར་ཕེབས་ཤོག དངོས་ནས་འདི་གླེང་དགོས་ཀྱི་འདུག མ་གླེང་ཐབས་མེད་རེད་འདུག
འདི་ན་དོན་སྙིང་ལྡན་པའི་བགྲོ་གླེང་ཞིག་འདུག དགའ་བསུ་ཡོད།
ངས་བསམ་པར་བྱེད་མི་རུང་བ་བཞིའི་ནང་བཙན་བྱོལ་བོད་གཞུང་བསྡུས་མི་འདུག ཡིན་ནའང་འདི་ནི་བཙན་བྱོལ་བོད་གཞུང་གིས་བྱེད་མི་རུང་བ་བཞི་ཡིན་པ་མ་ཟད། རིམ་བཞིན་ཚོགས་པ་ཁག་ལ་བྱེད་མི་རུང་བ་བཞི་སླེབས་འོང་སྙམ།
སྐབས་དེར་ད་དུང་ལྷག་མི་རུང་བ་འགའ་ཞིག་རྒྱ་ནག་གཞུང་གིས་འདོན་ངེས་ལ།
དེའི་ནང་གི་དོན་ཚན་གཙོ་བོ་དེ་བཙན་བྱོལ་བོད་གཞུང་ལོས་ཡིན་སྙམ།
རྩོམ་ཡིག་འདི་དབྱེ་ཞིབ་དང་ཁ་ཕྱོགས་གསལ་བའི་རྩོམ་ཡིག་ངོ་མ་ཟེར་བ་དེ་རེད།
སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རེ་རེ་བཞིན་སྐྱོར་སྐབས།
༡། བོད་མིའི་ཕྱོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལངས་ཕྱོགས་ལ་གནོད་པའི་ལས་འགུལ་གང་གི་ནང་དུའང་ཞུགས་མི་ཆོག
༢། བོད་མིའི་ཕྱོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གནོད་པའི་ལས་འགུལ་གང་གི་ནང་དུའང་ཞུགས་མི་ཆོག
༣། བོད་མིའི་ཕྱོགས་ནས་རྒྱ་ནག་མི་དམངས་ཀྱི་མཚན་མཐོང་ལ་གནོད་པའི་ལས་འགུལ་གང་གི་ནང་དུའང་ཞུགས་མི་ཆོག
༤། བོད་མིའི་ཕྱོགས་ནས་རྒྱ་ནག་མི་དམངས་ཀྱི་མངོན་འདོད་དང་རྒྱ་ནག་ནང་གི་མི་རིགས་ཁག་བར་གྱི་འབྲེལ་བ་ལ་གནོད་སྐྱོན་བཟོ་བའི་ལས་འགུལ་གང་གི་ནང་དུའང་ཞུགས་མི་ཆོག་ཅེས་སོགས་བཀོད་འདུག
སྐབས་འདིར་༼བོད་མི་༽དང་༼རྒྱ་མི་༽ཞེས་མངོན་གསལ་གྱིས་བཤད་སོང་།
བོད་ཤ་ཁྲག་རུས་གསུམ་ལགས།
འབྱུང་འགྱུར་བོད་ཀྱི་གནས་སྟངས་ག་འདྲ་ཆགས་མིན་ད་ལྟ་ནས་བཤད་ཚོད་ཐུག་གི་མ་རེད། འབྲེལ་མོལ་རེ་རེ་རྗེས་ནས་འགྱུར་བ་རེ་རེ་འགྲོ་གི་འདུག རང་བཙན་དོར། རང་སྐྱོང་དོར། དམངས་གཙོ་དོར། ད་ལྟ་བོད་མི་ཡོངས་རྫོགས་ཆབ་སྲིད་ཀྱི་གོང་བུ་གཅིག་ནང་ཡོང་ཐབས་བྱེད་ཀྱིན་པའང་དོར་ལ་འདུག ཁ་སང་དེ་རིང་གི་སྐད་ཆ་གཙོ་བོ་མ་འོངས་བོད་ཀྱི་གནས་བབ་མ་རེད། ངྷ་རམས་ས་ལས་སློབ་སྦྱོང་བྱེད་ཀི་ཡིན་ཟེར་བའི་༼ བྱེད་མི་རུང་བ་བཞིའི་༽ སྐོར་རེད། འདི་ག་རེ་རེད། འདི་ལ་སློབ་སྦྱོང་བྱེད་ཐུབ་བམ། ཇི་ལྟར་བྱེད་རྒྱུ་སོགས་རེད།
༼ བྱེད་མི་རུང་བ་བཞི་ ༽ལ་ངྷ་རམ་ས་ལ་དང་པེ་ཅིན་གཉིས་ཁྱད་པར་ཆེན་པོ་འདུག ཁྱད་པར་དེ་ང་ཚོས་མགོ་ཚོས་དགོས་པ་གལ་ཆེན་པོ་རེད། བོད་མི་མི་རེ་ངོ་རེ་ནས་མགོ་ཚོས་པ་གལ་ཆེན་པོ་རེད། སྐུ་ཚབ་ཚོས་བོད་མི་ཚོར་མགོ་བསྐོར་བཏང་བའི་སྐད་ཆ་མེད་ནའང་། དེ་སྐོར་ལ་ཁ་གསལ་གྱི་འགྲེལ་བརྗོད་གང་ཡང་མེད་པ་དེས་བོད་མི་རྣམས་མགོ་འཐོམས་ཀྱི་ཡོད་པ་རེད།
པེ་ཅིན་གྱིས་གསར་འགོད་གསལ་བསྒྲགས་སྐབས་སྐུ་མདུན་གྱིས་ཏང་རྒན་ཡོལ་དུ་འགྲོ་དགོས་གསུངས་པ་དང་། སྐུ་ཉིད་རྒྱ་གར་གྱི་བུ་འདྲ་བོ་ཡོད་གསུངས་པ། ཏུར་ཀི་སི་ཐན་གྱི་དབུ་ཁྲིད་ལྕམ་སྐུ་ལ་མཇལ་འཕྲད་གནང་སོགས་བྱེད་མི་རུང་བཞིའི་དཔེ་མཚོན་དུ་དྲངས་ཡོད་པ་རེད། ད་དུང་བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་སོགས་ལ་སྐད་ཆ་གང་ཡང་མེད་ཟེར་གི་ཡོད་པ་རེད། དེ་ཡང་བྱེད་མི་རུང་བཞིའི་ནང་དུ་བསྡུས་ཡོད་པ་རེད། ཏྰ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ལས་བོད་ཀྱི་གནད་དོན་ཐག་གྲོས་མོལ་གང་ཡང་མེད་ཟེར་གི་ཡོད་པ་རེད། དེ་ཐད་གྲོས་མོལ་བྱེད་པ་དེ་ཡང་བྱེད་མི་རུང་བཞིའི་ནང་དུ་ཡོད་ཟེར་གི་ཡོད་པ་རེད། བོད་པའི་སྐུ་ཚབ་ཕྱིར་ཕེབས་རྗེས་དེ་དག་རེ་རེ་འགྲེལ་བརྗོད་གནང་གི་ཡོད་པ་མ་རེད།
ངྷ་སའི་གསར་འགོད་གསལ་བསྒྲགས་སྐབས་གསར་འགོད་པས་༼ བྱེད་མི་རུང་བ་བཞིའི་ ༽སྐོར་བཀའ་འདྲི་ཞུས་སྐབས། རྒྱ་རི་རིན་པོ་ཆེས་གསལ་བོ་མ་ཤེས་པར་སྐལ་བཟང་རྒྱལ་མཚན་ལགས་སུ་འགྲེལ་བརྗོད་གནང་བཅུག་པ་རེད། སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཀྱང་དོན་ཚན་དེ་དག་གི་མགོ་བརྗོད་ཙམ་ལས་ནང་དོན་གསལ་བཤད་གནང་ཐུབ་མེད། འདིས་ག་རེ་སྟོན་གྱིན་ཡོད་པ་རེད།
ད་དུང་མང་པོ་རེད། ག་ལེ་ག་ལེར་ཡིན་དྰ།
མི་ཉག་སྐལ་བཟང་ལགས། འུ་ཅག་གིས་ཆོས་ཉིད་དེ་ལ་སྒུག་ཡུན་རིང་བོ་ཞིག་དགོས་ཀྱི་ཡོད་པ་འདྲ། ཉིད་ནས་ལྟ་ཚུལ་ཡིན་ན་བོད་དོན་འདི་བདེན་མཐའ་གསལ་བ་ཞིག་ཡོང་བ་ལ་ལོ་ངོ་ག་ཚོད་འགོར་བར་གཟིགས་ཀྱི་ཡོད་དམ། ད་དུང་། བོད་དོན་བདེན་མཐའ་སེལ་བ་བོད་མི་དག་གིས་འཐབ་ཕྱོགས་གཅིག་དང་། དམིགས་ཡུལ་གཅིག རྨི་ལམ་གཅིག ལས་འགུལ་གཅིག ཕྱོགས་གང་གི་སྟེང་ནས་བྱེད་དགོས་པར་དགོངས་ཀྱི་ཡོད་དམ།
དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས
རྒྱ་ནག་གི་འགོ་ཁྲིད་ཡོད་ཚད་འཕོ་འགྱུར་གཏོང་ན་ཡང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་དུས་ནམ་ཡང་འགྱུར་བ་འགྲོ་མི་སྲིད་པ་ཞིག་མཐོང་གིན་འདུག ཡིན་ན་ཡང་ང་ཚོའི་སེམས་ཤུགས་ཆགས་མི་ཉན། ང་ཚོར་ཏན་ཏན་འགྱུར་བ་ཞིག་ལ་རེ་བ་རྒྱག་དགོས་པ་ཡིན། འགྱུར་བ་མི་འགྲོ་ཆོས་ཅན་ཞིག་འཛམ་གླིང་ན་མེད་པའི་ཕྱིར། གལ་ཏེ་རྒྱ་ནག་མང་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར་བ་ཡིན་ན་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་བརྒྱ་ཆ་བརྒྱ་ཐམ་པ་འགྲོ་གིན་རེད། རྒྱ་ནག་ནང་ཡོངས་རྫོགས་མང་གཙོར་གྱུར་སོང་ན་མང་གཙོའི་ཁྲིམས་ཀྱི་སྒྲོམ་གཞི་འོག་བོད་ལ་ཡང་མང་གཙོའི་ཁྲིམས་ཀྱིས་འགྱུར་བ་འགྲོ་བ་ནི་ཆོས་ཉིད་ལྟ་བུ་རེད།
མུ་མཐུད་དུ་འདི་ལྟར་ཕྱིན་པའི་ལོ་ཟླའི་ནང་དུ་བོད་དོན་ལ་གཏན་ནས་རེ་བ་མེད་པར་མཐོང་གི་འདུག་གམ། ཡང་ན། རེ་བ་ནས་དོན་འབྲས་སོན་པ་ཞིག་ཡོང་བར་ལྟ་བཞིན་ཡོད་དམ། དེ་མེད་ན་ང་ཚོས་ད་ལྟ་བརྒྱུད་ལམ་གང་ཞིག་ནས་འཐབ་ཕྱོགས་གང་ཞིག་དུ་བསྐྱོད་དགོས་པར་དགོངས་ཀྱི་ཡོད་དམ།
འདིའི་བར་ད་ཇེ་རིང་ལ་སོང་འདུག་་་་་ད་མུ་མཐུད་ཇེ་རིང་ལས་ཇེ་ཐུང་ལ་འགྲོ་རྒྱུ་ཞིག་ཡོད་རྒྱུ་མ་རེད་་་་་