གུས་མོར་༼དུས་བབ་དྲྭ་ཚིགས་ཀྱི་ཟིན་བྲིས་སྡེ་བར་ཕུལ་༽ཞེས་པའི་བསམ་ཚུལ་འདི་བཀླགས་རྗེས་འཆར་སྣང་ཞིག་རང་ཤུགས་ཀྱིས་འབྲི་འདུན་བྱུང་། ཡིག་སྐྱོན་དང་དོན་སྐྱོན་དེ་བཞིན་ཚིག་སྦྱོར་སོགས་ཀྱི་སྟེང་ནས་གླེང་གི་མིན་མ་གཏོགས། གལ་སྲིད་གླེང་བ་ཡིན་ན་རོང་རྒྱལ་ཐང་མིང་ཅན་ཁོ་ཡང་འདི་ཕྱོགས་ནས་སྐྱོན་མེད་ཅིག་མ་རེད་ལ། ཕུལ་བྱུང་ཞིག་དང་། ཡག་གི་སྟེང་ལ་རྩལ་ཅན་ཞིག་ནི་དེ་ལས་ཀྱང་མིན་པ་ས་རིས་ཐང་གསལ་རེད། འོན་ཀྱང་གུས་མོས་གླེང་བྱ་གཙོ་བོ་འདིའི་ཕྱོགས་མིན། གླེང་རུང་དོན་སྙིང་དེ་ཙམ་མི་འདུག
གཅིག དུམ་བུ་དང་པོའི་ནང་ཉིད་ཀྱིས་མདོ་ཚིག་ཅིག་དངོས་མིང་མ་བསྟན་པའི་གནོད་བྱེད་ཀྱི་རྒྱུ་མཚན་དུ་འདྲེན་བཞིན་འདུག་མོད། དེ་ནི་ཧ་ཅང་ནོར་བ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན་མདོ་ཚིག་དེ་ནི་སྤྱིར་མིང་སྨོས་པའི་དགོས་པ་སྟོན་བྱེད་ཀྱི་ཚིག་ཅིག་རེད་མ་གཏོགས་དེ་ལས་གཞན་པའི་དངོས་མིང་སྨྲ་དགོས་པ་སྟོན་བྱེད་ཅིག་མ་རེད་ལ། གསང་མིང་འགོག་བྱེད་ཀྱི་མདོ་ཚིག་ཅིག་ནི་དེ་བས་ཀྱང་མ་རེད། ཡང་ཉིད་ཀྱིས་མི་ལ་མིང་དགོས་ཤིང་མིང་བཏགས་པའི་དགོས་པ་ཡང་དེ་ལས་མ་འདས་ཚུལ་བཤད་འདུག་པའི་ཟོལ་ལ་བརྟག་ན་དུས་བབ་དྲྭ་ཚིགས་འདིར་མིང་མེད་མཁན་ཞིག་ཉིད་ཀྱིས་མཐོང་ཡོད་ཚོད་རེད། ཉིད་ཀྱིས་ཡང་བསྐྱར་བསམ་བློ་ཞིབ་མོ་ཞིག་ཐོངས་དང་དུས་བབ་དྲ་ཚུགས་འདིར་མིང་མེད་མཁན་ཞིག་འདུག་གམ། དེ་མིན་ན་གསང་མིང་དང་སྨྱུག་མིང་སོགས་མིང་འདོགས་ལུགས་སྣ་ཚོགས་ཤིག་ཡོད་པ་འདི་དག་གིས་བོས་ཤིང་བཏགས་ན་དེ་ལ་མིང་མི་ཟེར་བ་རེད་དམ། ཁྱོད་ལ་རྒྱུ་མཚན་ཞིག་འདུག་གམ། ཡང་ཉིད་ཀྱིས་དུས་བབ་དྲྭ་ཚིགས་སྟེང་གི་མི་ཕལ་ཆེ་བས་དངོས་མིང་བེད་སྤྱོད་མི་བྱེད་པར་གསང་མིང་བེད་སྤྱོད་བྱེད་བཞིན་པ་འདིའི་དགོས་པ་ནི་རང་ཉིད་ལ་ཟིན་བྲིས་འདེབས་རྒྱུའི་གཞི་རྩའི་ཤེས་ཚད་མེད་སོང་བས་རེད་ཅེས་ཚིག་ཐག་ཆོད་པོས་བཤད་འདུག འདི་ཁྱོད་ཀྱི་རྣམ་མཁྱེན་གྱིས་གཞལ་བ་མིན་ན་ཚིག་ཐག་གཅོད་རྒྱུ་སྔ་དྲག་འདུག་ལ་རྒྱུ་མཚན་གཏན་ནས་མི་འདུག དུས་བབ་ཟིན་བྲིས་པ་ཚོས་ནང་ན་ཟིན་བྲིས་སྤེལ་རྒྱུའི་གཞི་རྩའི་ཤེས་ཚད་མེད་མཁན་གཅིག་ཀྱང་མེད་ཅེས་གུས་མོས་ཚིག་ཐག་ཆོད་པོས་བཤད་རྒྱུ་ཡིན། ཟིན་བྲིས་ཟེར་དུས་མཁས་པའི་གསུང་རྩོམ་དང་ལོ་མང་བརྟག་དཔྱད་བྱས་པའི་གྲུབ་དོན། དེ་བཞིན་ངེས་པར་དཔྱད་རྩོམ་འདྲ་རྐྱང་རྐྱང་དགོས་ཀྱི་ཡོད་པ་མ་རེད། དེང་རྒྱལ་སྤྱིའི་སྟེང་གི་ཟིན་དེབ་ blog དག་ལ་སྤྱན་གྱིས་ཅུང་ཙམ་གཟིགས་དང་ཟིན་བྲིས་ཞེས་པ་གང་འདྲ་ཞིག་ཡིན་མིན་དང་ཇི་འདྲ་ཞིག་དགོས་མིན་ཁྱོད་ལ་གསལ་བཤད་བྱེད་གི་རེད།
གཉིས། དུམ་བུ་གཉིས་པའི་ནང་ཉིད་ཀྱིས་༼ཟིན་བྲིས་དྲ་ངོས་སུ་བཤད་སྟངས་འདི་ལུགས་ཀྱི་འཐེན་འཁྱེར་རྒོད་ལ། ཁོང་ཚོའི་སྐད་ཆ་བཤད་སྟངས་དང༌། འཐེན་འཁྱེར་བྱེད་ལུགས། ད་དུང་ཡིག་ནོར་མང་བ་བཅས་ལ་བལྟས་ན། ཟིན་བྲིས་དྲ་ངོས་ཀྱི་མི་མང་ཆེ་བ་གྲྭ་བ་དང༌། གྲྭ་ལོག་ཡིན་པའི་ཚོར་བ་སྤྲད་ཀྱིན་འདུག ༽ཅེས་གྲྭ་བ་ཚོར་མི་དགའ་བའི་རྣམ་འགྱུར་སྟོན་ཁུལ་བྱས་འདུག་མོད། སྤྱིར་བཏང་ནས་ཁྱོད་ཀྱི་སྐད་ཆ་ལ་དབྱེ་ཞིབ་བྱེད་རིན་ཞིག་མི་ལྡན་ནའང་ངན་པ་ལངས་ཤོར་ལ་མི་འགྲོ་རྒྱུ་གལ་ཆེན་དུ་མཐོང་ནས་ཚིག་ཁ་ཤས་བཤད་ཀྱིན་ཡོད། འཐེན་འཁྱེར་ནི་གྲྭ་བ་གཅིག་པོ་གཏན་ནས་མ་རེད་ལ་མི་སྐྱ་གཅིག་པོ་ཡང་མ་རེད། འདི་ནི་སྤྱི་ཚོགས་ཧྲིལ་བོའི་ནད་རྟགས་ཤིག་རེད། འདིའི་ཐད་ནས་གྲྭ་བ་གཅིག་པོར་ཁེག་འགེལ་བྱེད་པ་ནི་རང་ཉིད་ཀྱི་དེ་ཉིད་ཕྱིར་སྟོན་བྱས་ལས་གྲྭ་པ་ཚོར་གང་ཡང་ཐུབ་ཀི་མ་རེད་ལ་གནོད་གི་ཡང་མ་རེད། དེ་མིན་ཡང་ཉིད་ཀྱིས་མང་ཆེ་བ་གྲྭ་བ་དང་གྲྭ་ལོག་ཡིན་རབ་བཤད་འདུག མང་ཆེ་བ་ཞེས་བཤད་དུས་བརྒྱ་ཆའི་བརྒྱ་ཅུ་ཡར་མར་ཞིག་ངེས་པར་ཟིན་དགོས་པ་རེད། ད་ཁྱོད་ཀྱིས་ཕྱིར་འཁོར་ནས་དུས་བབ་ཟིན་བྲིས་ནང་ལ་སོང་སྟེ་རྩིས་གཤར་ཞིག་བྱོས་དང་ཞིབ་འཇུག་མེད་པའི་སྐད་ཆ་ཡ་མཚན་ཞིག་ཉིད་ཀྱི་ཞལ་ནས་ཇི་ལྟར་བུད་ཡོད་པ་ར་སྤྲོད་ཡོང་གི་རེད། ཡང་ཉིད་ཀྱིས་༼བོད་ཀྱི་གྲྭ་བ་ཟེར་བ་དེ་ཚོར་བོད་རིག་གནས་ཀྱི་རྨང་གཞིའི་ཤེས་བྱ་གཉོམ་ལ། སྤྱི་ཡོངས་བསམ་བློའི་ཚད་གཞི་དམའ་པོ་ཡོད་པ་མ་ཟད།༽ཅེས་བཤད་འདུག བསམ་བློ་ཞིག་ཐོངས་དང། དེང་སང་བོད་ཀྱི་ལོ་རྒྱུས་སྟེང་བོད་ཀྱི་རིག་གནས་ཞེས་པའི་མིང་འདོག་ས་དང་མཛུབ་མོ་འཛུགས་ས་ཞིག་ཡོད་པ་འདི་སུ་ཞིག་གིས་རྒྱུན་འཛིན་དང་དར་སྤེལ་ལ་བརྟེན་ནས་བྱུང་བ་ཡིན་ཨེ་ཤེས། ཕལ་ཆེར་ཤེས་རྒྱུ་མ་རེད། མ་ཤེས་ན་ཁྱོས་ཀྱིས་མཐོང་ཆུང་བྱེད་བཞིན་པའི་བོད་ཀྱི་གྲྭ་བ་ཚོས་དུས་དེང་གི་བར་དུ་རྒྱུན་འཛིན་དར་སྤེལ་བྱས་ཡོང་བ་རེད་ལ། དེང་སང་ཡང་སྤྱི་ཚོགས་སྟེང་བོད་ཀྱི་ཆོས་རིག་སྟེང་ལས་དཀའ་ལས་མཁན་དང་དཀའ་རྒྱག་མཁན་མང་ཤོས་གྲྭ་བ་ཡིན། དེའི་ཕྱིར་བོད་ཀྱི་གྲྭ་བ་ཚོའི་བསམ་བློའི་ཚད་གཞི་དམའ་མོ་དང་རིག་གནས་ཀྱི་རྨང་གཞིའི་ཤེས་བྱ་གཉོམ་སོང་ནི་ཨེ་རེད།
གསུམ། དུམ་བུ་གསུམ་པའི་ནང་༼ཟིན་བྲིས་པ་མང་པོས་མཚམས་རེར་ཟིན་བྲིས་ས་ཆར་སྙན་ངག་འབྲི་ཡི་འདུག་པ་ནི་ཡག་པོ་མ་རེད།༽ཅེས་ཁ་ཚོད་བཅད་ནས་བཤད་འདུག འོན་ཀྱང་བློ་ཕངས་པ་ཞིག་ལ་རྒྱུ་མཚན་ཚིག་འབྲུ་གཅིག་ཀྱང་དྲངས་མི་འདུག ཟིན་བྲིས་ཡིན་ན་སྙན་ངག་འབྲི་མི་ཆོག་པའི་སྒྲིག་ཁྲིམས་ཤིག་གང་དུ་འདུག ང་མཐོང་རྒྱ་ཆུང་བས་མ་རིག་པ་ཡིན་རྒྱུ་རེད། ཟིན་བྲིས་ཟེར་དུས་གསལ་བོ་བཤད་ན་རང་ཉིད་ཀྱི་ཉིན་གཅིག་གི་དགའ་སྐྱོ་ཆགས་སྡང་དང་སེམས་ཚོར། དེ་བཞིན་ངོས་ཟིན་དང་ཐོབ་ཤོར་སོགས་མདོར་ན་ཉིན་རེ་ཉིན་རེའི་ལས་དོན་དང་འབྲེལ་བའི་བསམ་ཚུལ་འགོད་ས་ཙམ་ཞིག་ལས་གང་ཡང་མིན་པ་འདི་ཤེས་པ་བྱོས། ཡང་དེང་གི་གཞོན་སྐྱེས་སྙན་ངག་པ་ཚོར་ངན་སྨྲས་བྱེད་འདོད་ནས་༼ཁ་སང་དེ་རིང་གི་བོད་ཀྱི་སྙན་ངག་ཟེར་བ་ནི་འབྲི་ཀློག་གཉིས་ལ་རང་མགོ་ཐོན་ཙམ་ཡོད་པའི་བོད་མི་ན་གཞོན་སྐོར་ཞིག་གི་རྩེད་སྤྱད་དགོད་སྤྱད་ཀྱི་ལས་ཀར་གྱུར་ཡོད་སྟབས། ཁོང་ཚོས་སྙན་ངག་ཡིན་ཟེར་བ་དེ་ཚོར། ཡི་གེའི་གཟུགས་རིས་ཙམ་འཕྲེང་བར་བསྟར་བ་ལས། གཞན་གོ་རྒྱུ་དང་ལེན་རྒྱུ་ཅི་ཡང་མེད།༽ཅེས་ཚིག་ཐག་ཆོད་པོས་སྒོ་ནས་བཤད་འདུག དང་པོ་ངས་ཁྱོད་ལ་ཅིག་འདྲི། ཁྱོད་ཀྱི་སྙན་ངག་ཨེ་ཤེས། སྙན་ངག་ཡིན་ན་གང་འདྲ་ཞིག་དགོས་པ་རེད། ངས་ཚོན་རྩི་ཞིག་ཁྱེར་ཡོང་ནས་ཁྱོད་ཀྱི་གདོང་ལ་མཆོད་ན་འདི་ཁྱོད་ཀྱིས་སྙན་རེད་ཟེར་ཐུབ་ས་རེད་དམ། ངས་དེ་སྙན་ངག་ཅིག་ཡིན་པའི་མ་ཚད་ཆེས་གཏིང་ཟབ་ས་ནས་རོལ་མྱོང་བྱེད་རྒྱུ་ཡོད་པའི་སྙན་ངག་ཅིག་ལ་ངོས་འཛིན་བྱེད་ན་ཐང་། རང་ཉིད་ཀྱིས་གོ་དོན་ལེན་མ་ཤེས་རོལ་མྱོང་བྱེད་མ་ཤེས་ན་དེ་ལ་གོ་རྒྱུ་མེད་ཀི་མ་ཟེར་ལོ། རང་མཚངས་རེད།
བཞི། དུམ་བུ་བཞི་བའི་ནང་༼ སྐད་ཆ་བཤད་པ་ཙམ་དང་རྩོམ་ཡིག་རེ་བྲིས་པ་དག་ནི་མི་རིགས་རིག་གཞུང་གི་ཕྱིར་དུ་ཡིན་ཞེས་ཅི་ཙམ་བཤད་ཀྱང༌། དེ་རིགས་ནི་རང་སེམས་རང་གིས་གསོས་ཏེ། རང་མགོ་རང་གིས་གཡོགས་པའི་ལས་སུ་ལྷུང་འགྲོ་བ་ཡིན༽ཞེས་བཤད་འདུག འདི་ལ་བསམ་བློ་ཞིབ་མོ་ཞིག་ཐོངས་དང། བོད་ཀྱི་རིག་གཞུང་ཟེར་དུས་གང་ལ་ཐུག་ཡོད་པ་རེད། བོད་སྐད་མ་བཤད་བོད་ཡིག་མ་བྲིས་ན་རིག་གཞུང་གང་དུ་གནས་སའི་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་གི་རེད་དམ། སྐད་ཡིག་སྲུང་སྐྱོབ་མ་ཐུབ་ཚེ་རིག་གཞུང་ཞེས་པ་འདི་ཇི་ལྟར་གནས་ཀྱི་རེད། འདི་ལྟར་བསམ་བློ་བཏངས་ཡོང་སྐབས་བོད་སྐད་བཤད་པ་དང་བོད་ཡིག་བྲིས་པ་འདིས་གནང་འཁེལ་ས་ཞིག་དང་གཏིང་ཟབ་ས་ཞིག་ནས་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་མི་འདུག་གམ། མི་རིགས་ཤིག་ལ་རིག་གཞུང་ཞིག་ཅིའི་ཕྱིར་དགོས་སོང་བ་རེད། འདི་ལྟར་བསྐྱར་དུ་བསམ་བློ་བཏངས་ཡོང་དུས་མི་རིགས་ཀྱི་དོན་ཡང་བོད་སྐད་བཤད་པ་དང་བོད་ཡིག་བྲིས་པས་ཡོང་གི་མི་འདུག་གམ། ཡང་སྙིང་ཁྱོད་ཀྱི་སྐད་ཆ་ལ་རྒྱུ་མཚན་འདུག་གམ། ཡང་སྙིང་ཁྱོད་ཀྱིས་མི་རིགས་དང་རིག་གཞུང་གི་དོན་ལས་ཀྱིན་འདུག་གམ་ཡང་ན་བོད་སྐད་བཤད་པ་དང་བོད་ཡིག་འབྲི་མཁན་ཚོས་མི་རིགས་དང་རིག་གཞུང་གི་དོན་བྱེད་ཀྱི་འདུག་བསམ་བློ་བསྐྱར་དུ་ཐོངས།
ལྔ། དུམ་བུ་ལྔ་བའི་ནང་༼ དྲ་ཚིགས་ཟིན་བྲིས་མཁན་ཚོའི་ནང་ན་གཞུང་གི་སྟངས་འཛིན་སོགས་ལ་མི་མཐུན་པ་དང༌། དེ་ལས་བརྒལ་བའི་ཚིག་སྦྱོར་ཡ་མ་བརླ་འབྲི་མཁན་ཡང་མི་ཉུང་བ་འདུག་ལ།༽ཞེས་བཤད་འདུག རིགས་འདི་ཟིན་བྲིས་པ་ཚོའི་ནང་དུ་ཡོད་པ་ངོས་ལེན་ཡོད་པ་མ་ཟད་ངེས་པར་ཟིན་བྲིས་འདིའི་ནང་དུ་དེ་རིགས་དགོས་ངེས་ཤིག་རེད། གང་ཡིན་ཟེར་ན་ཟིན་བྲིས་འབྲི་བཞིན་པ་རེད་མ་གཏོགས་དཔྱད་རྩོམ་འབྲི་བཞིན་པ་མ་རེད། དེ་བཞིན་སྤྱི་ཚོགས་ཀྱི་ཟུར་དང་སྣེ་མ་འདྲ་བ་སྣ་ཚོགས་ནས་ཟིན་བྲིས་གཉེར་མཁན་ཡོང་བཞིན་པ་རེད་མ་གཏོགས་མཐོ་སློབ་མཐར་ཕྱིར་རྐྱང་འདིར་ཟིན་བྲིས་གཉེར་བར་ཡོང་བ་མར་རེད། ད་དུང་དག་ཆ་ལྡན་མིན་གཉིས་ཀ་དང་ཡིག་རྩ་ཡོད་མེད་གཉིས་ཀ་དེ་བཞིན་ཡིག་ངོ་ཆོད་མིན་གཉིས་ཀ་འདིར་ཡོང་ནས་ཟིན་བྲིས་འབྲི་བཞིན་པ་རེད་ལ་ཀློག་བཞིན་པ་རེད། དེའི་ཕྱིར་ཚིག་སྦྱོར་ཡག་ཉེས་གཉིས་ཀ་དང་ཡིག་སྐྱོན་ཡོད་མེད་གཉིས་ཀ་འདིར་ཡོང་ཆོག་པ་རེད་ལ་ཡོང་དགོས་ངེས་ཤིག་ཀྱང་རེད་ཅེས་བསམ་ཚུལ་ཐུང་ངུ་ཞིག་བསམ་བློ་བཏངས་ཏེ་འབྲི་རྒྱུ་ཤོར་སོང་།
དྲུག ཁྱོད་རང་ཉིད་ཀྱིས་སྐྱོན་དུ་བརྩིས་ཏེ་གཞན་ལ་སྨྲ་བཞིན་པའི་སྐྱོན་ཞིག་རང་ཉིད་ལ་ཡོད་པ་རྩ་བ་ནས་ཤེས་ཀྱི་མི་འདུག་གམ། མིས་གསང་མིང་བཀོལ་བ་དེ་ཟིན་བྲིས་འདེབས་རྒྱུའི་ཤེས་ཚད་མེད་པ་མངོན་པར་མི་གསལ་རྒྱུའི་ཆེད་རེད། འོ་ན་ཁྱོད་ཀྱིས་གསང་མིང་བཀོལ་པ་དེ་དགོས་པ་ཅི་ཞིག་ཡོད་པ་རེད། འདི་ལ་དམིགས་བསལ་དགོས་པ་ཞིག་ཡོད་རྒྱུ་རེད་དམ། མ་རེད། འདིའི་མིང་ལ་རང་ངོར་གཡག་འགྲོ་བཞིན་པ་མི་ཤེས་མི་ཚོར་བར་གཞན་གྱི་ངོར་ཤིག་འགྲོ་བཞིན་པར་སྐྱོན་འདོགས་རྒྱུར་དགའ་མཁན་ཚོའི་རང་གཤིས་རེད། ངོ་མ་ཡིན། ཐུགས་ལ་མ་ཕོག་རོགས། བཀའ་གདམས་པས་ཚོས་གསུང་རྒྱུན་ལ་ཡོད་པ་བཞིན་བསླབ་བྱའི་མཆོག་དེ་མཚང་ལ་ཕོག་དེ་ག་རང་ཡིན་པ་འདི་ལ་བསམ་བློ་གཏོང་རོགས་གནང་།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ང་ལ་ཉིད་ཀྱིས་བཙུགས་པའི་སྐྱོན་དེ་མི་འབབ་རུང་ངེས་པར་སྐྱོན་ངོས་ལེན་བྱེད་དགོས་པའི་བཀའ་བཏངས་ན་ལགས་སོ་ཞུ་རྒྱུ་ལས་ཐབས་ཤེས་གཞན་མི་རྙེད་གི།
རང་སྐྱོན་ངོས་ལེན་བྱེད་པའི་སྤོབས་པ་མེད་ན་ཡར་རྒྱས་ཀྱི་ལམ་ཁ་བཀག་པ་རེད། དེ་སྙིང་ལ་ཉར་རོགས། ཕ་གསོད་ཀྱི་བུ་ལའང་རྒྱུ་མཚན་བཤད་ཀྱི་ཡོད་པ་རེད། མཁྱེན་སོང་ངམ།
དྲྭ་གྲོགས་རི་བོང་ལགས། རྫུན་མ་རེད། ང་དངོས་གནས་མཛེས་མཛངས་གཉིས་ལྡན་ཞིག་ཡིན་པ་བ་ཟད། བོད་ཀྱི་སྐད་ཡིག་གཉིས་ཆར་ཆགས་ཐོགས་མེད་པ་ནི་བཤད་མ་དགོས་ཞིག་རེད། ཉིད་ཀྱིས་བཤད་པ་བཞིན་འདི་ཡང་བཤད་སྟངས་ཤིག་རེད། འོན་ཀྱང་གནས་ལུགས་ཤིག་མ་རེད། སྐབས་ལ་རེར་གུས་མོས་བཤད་སྲོལ་ལྟར་ལ་བྲིས་ཏེ་བཤད་ན་ཡང་མི་ཆོག་རྒྱུ་ཡོད་པ་མ་རེད། འདི་སེམས་ལ་ཟུང་། ངས་འདི་ལྟར་བཤད་དུས་ཉིད་ཀྱིས་གོ་སོང་ངམ། ངའི་བཤད་འདོད་པའི་ནང་དོན་འདི་ཉིད་ཀྱིས་གོ་སོང་ན་ངས་བཤད་སྟངས་ནོར་མེད་པའི་རྟགས་རེད། མ་གཞི་ནས་སྐད་ཆ་ཞེས་པ་འདི་ཕ་རོལ་བོ་ལ་དོན་ཞིག་སྟོན་བྱེད་ཀྱི་ཡོ་ཆས་ཤིག་ལས་ཅི་ཡང་མ་རེད།
ཧ་ཧ་ཧ་ མཛེས་མཛངས་གཉིས་ལྡན་ཞིག་ཡིན་ན་དགའ་བསུ་ཞུ། རང་གཞན་གཉིས་ཀ་ལ་དགོས་པ་དེ་རེད། བོད་ཀྱི་སྐད་ཡིག་ལ་ཆགས་ཐོགས་མེད་པ་རྫུན་ཡིན་པ་འདྲ། ཅིའི་ཕྱིར་ཞེ་ན། རེད་དང་ཡིན་གྱི་བེད་སྤྱོད་གཏོང་ས་ནོར་འདུག ཆགས་ཐོགས་མེད་ན་དེ་འདྲ་ཞིག་ནོར་མི་སྲིད། ང་མཛེས་མ་ཞིག་ཡིན། མོ་མཛངས་མ་ཞིག་རེད། ཅེས་བྲིས་ན་མི་ལེགས་སམ། ང་བོད་པ་ཞིག་རེད། ཁོ་རྒྱ་མི་ཞིག་ཡིན་ལབ་ན་མི་མཛེས་སོ། །
དྲྭ་གྲོགས་རི་བོང་ལགས། འདིར་ཕེབས་ནས་བསམ་ཚུལ་གསུངས་པ་ལ་ཐུགས་རྗེ་ཆེ།
དེ་ནས་ང་ཕོ་མ་རེད། ང་མོ་རེད། མོའི་ནང་ནས་ཡག་མ་ཞིག་རེད། ཡག་མའི་ནང་ནས་ཉིད་ཀྱིས་མ་འདོད་རུང་མཛེས་མ་ཞིག་རེད། མཛེས་མའི་ནང་ནས་ཉིད་ཀྱིས་འདོད་པ་བཞིན་མཛངས་མ་ཞིག་ཀྱང་རེད། མཛངས་མའི་ནང་ནས་བོད་ཀྱི་མཛངས་མ་ཞིག་རེད། བོད་སྐད་དང་བོད་ཡིག་ལ་ཆགས་ཐོགས་མེད་པའི་བོད་རིགས་མཛངས་མ་ཞིག་རེད། མི་བདེན་གི་བསམ་ན་ཨོ་སུ་ཁྲིས་ལས་ཡ་ལ་ལྟ་གི་ཤོག
བུ་མོ་བཀྲ་ཤིས་སྒྲོལ་མ་ལགས།
གནད་ལ་ཁེལ་བའི་དགོངས་འཆར་བཏོན་འདུག ཐུགས་རྗེ་ཆེ། དྲ་གྲོགས་ཚོས་ཁྱེད་རང་མཛེས་མ་ཡིན་མིན་གླེང་གི ཁ་ཤས་ཀྱིས་མཛེས་མ་ཞིག་ཡིན་རྒྱུ་རེད་ཟེར་གྱིན་འདུག ངས་བལྟས་ན་ཕལ་ཆེར་ཁྱེད་རང་མཛེས་མ་ཞིག་ཡིན་རྒྱུ་མ་རེད་ལ། མ་ཡིན་པའི་སྨོན་ལམ་ཡང་འདེབས་བཞིན་ཡོད། ཅི་རེད་ཟེར་ན། མཛེས་མ་ཚོས་ཞབས་འདྲེན་མ་གཏོགས་མི་བྱེད། ཁྱེད་རང་མཛངས་མ་ཞིག་ཕལ་ཆེར་ཡིན་ངེས་ལ། མིན་ནའང་མི་རིང་དེ་ལྟར་འགྱུར་བར་སྨོན། བཀྲ་ཤིས་བདེ་ལེགས། ལོ་གསར་བའི་ནང་ཁྱེད་ལ་ནད་མེད་ཚེ་རིང་དང་། བྱ་བ་ལམ་འགྲོ་ཡོང་བར་ཤོགས། །
རེད་མ་གཞི་ནས་རྩོམ་ཡིག་འདིའི་ཁ་གཏད་ཡུལ་དང་འགན་ཁུར་ས་དེ་བོད་ཀྱི་སྤྱི་ཚོགས་མ་རེད། ཟིན་བྲིས་སྡེ་བ་ཡང་མ་རེད། བོད་ཀྱི་དུས་བབ་ནང་གི་དྲྭ་གྲོགས་ཚོ་ཡང་མ་རེད། དེ་འདྲ་མིན་པ་ཤེས་ནས་ངས་ཁྱོད་ལ་བསམ་ཚུལ་འདི་ཆེད་མངགས་འབྲིས་པ་ཡིན། ཁྱོད་ཀྱི་ཤེས་སོང་།
ཉིན་འགའི་ཡར་སྔོན་དུ་བདག་གིས་དུས་བབ་ཟིན་བྲིས་སྡེ་བར་བསམ་ཚུལ་རྩོམ་ཐུང་ཞིག་བྲིས་ཏེ་བསྐུར་བ་ཡིན་ལ། དེའང་ལས་བྲེལ་གྱི་བར་གསེང་ཁོམ་ལོང་དང་བསྟུན་ནས། ངལ་གསོ་སེམས་གཡེང་གི་ལས་ཁོ་ནར་དམིགས་པའི་རྩོམ་ཡིག་ཞིག་ཡིན་སྟབས། མ་གཞི་ནས་རྩོམ་ཡིག་དེའི་ཁ་གཏད་ཡུལ་ལམ་ཞབས་འདེགས་ཞུ་ཡུལ་གཙོ་བོ་དེ་རང་ཉིད་ཀྱི་སེམས་ཁམས་ཡིན་པའི་ངོས་འཛིན་ལས། གཞན་གྱི་རེ་བ་དང་འོས་འགན་དེ་ཙམ་བསྐུར་མེད། རྒྱུ་མཚན་ནི། དེ་རིང་གི་ང་ལ་མཚོན་ན། སེམས་ཀྱི་ངལ་གསོ་ལས་ལྷག་པའི་རྩ་ཆེའི་དངོས་པོ་གང་ཡང་མཐོང་གི་མེད་པའི་དུས་སྐབས་ཤིག་ན་ཡོད་ཅིང༌། དོན་དག་ཅི་ཞིག་ཡིན་མིན་ལ་མ་བལྟས་པར། ཕན་ཚུན་ལབ་གླེང་དང༌། ལབ་གླེང་གི་བརྗོད་གཞིའང་སེམས་ཀྱི་གསེང་ནས་ཐོན་པ་ཞིག་ཡིན་ཚེ། དེས་ང་ལ་ངལ་གསོའི་བདེ་བ་གང་གིས་འགྲན་དུ་མེད་པ་ཞིག་སྦྱིན་གྱི་ཡོད་ཕྱིན། ལྷུག་ཅིང་ལྷུག་པའི་ལབ་གླེང་གི་གོ་སྐབས་ཤིག་ཐོབ་ན་སྙམ་ནས་དེ་ལྟར་བྲིས་པ་ཡིན།
ཡིན་ནའང༌། བློ་ཡུལ་ལས་འདས་པ་ཞིག་ལ། བདག་གི་རྩོམ་ཡིག་ཀློག་མཁན་ཚོའི་སྐད་ཆ་ནི་ལྐུགས་པས་གླུ་དབྱངས་བླངས་པ་ལྟ་བུ་རྐྱང་སྟེ། ཁོ་ཚོས་ཅི་ཞིག་བཤད་ཀྱི་ཡོད་པ་བདག་གིས་གཏན་ནས་གོ་ཐུབ་མ་སོང་བས། ཐོག་མའི་རེ་བ་ལས་ལྡོག་པའི་བློ་ཕམ་ཡིད་ཆད་ཀྱི་ཁུར་བོས་སྔར་ལྷག་མནན་པར་གྱུར། འོན་ཀྱང༌། ང་ལ་བསམ་ཚུལ་བརྗེ་རེས་ཀྱི་རྩོམ་ཡིག་འབྲི་མཁན་ཚོའི་ནང་ནས། ཇ་མེད་རུང་ཐོམ་བུས་ར་ར་དང༌། མར་མེད་ཀྱང་རྩམ་པས་ཙོག་ཙོག་བྱེད་མཁན་ནི་བུ་མོ་བཀྲ་ཤིས་སྒྲོལ་མ་ཡིན་པས། བཀྲ་ཤིས་སྒྲོལ་མ་རྐང་ཐང་ཡིན་རུང༌། ངས་མགྲོན་པོར་བརྩི་རྒྱུ་ཡིན། གཡག་ཞོན་ཡིན་རུང་ལྕག་གིས་བྲབ་རྒྱུ་ཡིན་ན། བཀྲ་ཤིས་སྒྲོལ་མས་གཤམ་གྱི་སེམས་གཏམ་འདིར་ལྷོད་ཀྱིས་བལྟ་རོགས།
གཅིག
ཟིན་ནི་སེམས་ཀྱིས་ཟིན་པ་སྟེ། དཔྱད་ནས་ཁོང་དུ་ཆུད་པའམ། རང་གི་རིག་པས་ཡང་དག་པར་རྟོགས་པའི་དོན་དང༌། དེ་ལྟའི་དོན་གྱི་གཞི་ཞིག་རི་མོར་ཕབ་པ་ལ་བྲིས་ཟེར་གྱི་ཡོད་དུས། ལོ་མང་བརྟག་དཔྱད་བྱས་པའི་གྲུབ་དོན་ཡིན་ལོས་དགོས། དེ་མིན་མཐོང་ཐོས་དྲན་ཡུལ་དུ་གྱུར་བ་ཐམས་ཅད་ལ་ཟིན་བྲིས་མི་ཟེར་བ་སྔོན་གྱི་མཁས་པ་ཚོའི་གཞུང་ཆེན་དག་གི་ཟིན་བྲིས་རྣམས་དང་མཇལ་ན་ཤེས་ཐུབ་ཅིང༌། དེ་ཡི་ཞོར་དུ། དོན་བྱ་ཟིན་བྲིས་སུ་འགོད་པ་པོ་ཞིག་ལ་མཚོན་ན། དེ་རིང་སང་གི་ང་ཚོ་ནང་བཞིན། ཀ་ངོ་ཡིག་ངོ་ཆོད་པ་ཙམ་གྱིས་མི་ཡོང་བའང་ཤེས་འགྲོ། ཟིན་བྲིས་ཤིག་འབྲི་དགོས་ན། བསྲེག་བཅད་བརྡར་གསུམ་གྱི་རིམ་པ་ཚང་ཞིང་མ་ནོར་བ་ཞིག་དགོས་ཀྱི་ཡོད་ན། ཟིན་བྲིས་ནི་དཔྱད་རྩོམ་ཞིག་གི་མཐའ་མའི་ཐག་གཅོད་ཁུ་བསྡུས་སུ་བཀོད་པ་ཞིག་ཡིན་མིན་ལ་སུ་ཡང་ཐེ་ཚོམ་མེད། འོན་ཀྱང༌། སྔར་གྱི་ལྟ་ཚུལ་དང་གཏན་འཁེལ་མཐའ་དག་མི་འགྱུར་རྟག་བརྟན་ཅན་མིན་ལ། བསམ་གཟས་འགྱུར་བ་བཏང་མི་ཆོག་པའང་མིན་ཕྱིན། ཁྱོད་ཀྱི་སེམས་ངོར་བོད་ཀྱི་ཟིན་བྲིས་ལ་ངོས་འཛིན་གསར་པ་ཡོད་མི་ཆོག་པ་མིན་ན། འདི་ནི་དེ་ཙམ་གྱི་ཛ་དྲག་པོ་ཞིག་ལ་མཐོང་གི་མི་འདུག ད་ཁྱོད་ལ་ཟིན་བྲིས་འབྲི་འགོད་ཐད་ཀྱི་བསམ་ཚུལ་ཡ་མཚན་པོ་ཞིག་དང༌། སྐྱུགས་བྲོ་བོ་ཞིག་ཡོད་པ་ནི། ཟིན་བྲིས་དྲ་ངོས་སུ་ཡིག་སྐྱོན་ཡོད་མེད་གཉིས་ཀ་ཡོང་ཆོག་པ་རེད་ལ། ཡོང་དགོས་ངེས་ཤིག་ཀྱང་རེད་ཅེས་པ་འདི་རེད། བཤད་སྟངས་འདི་གཅིག་ནས་བོད་ཡིག་ནི་ཡོད་ན་འགྲིག་ལ། མེད་ནའང་འགྲིག་ཟེར་བ་དང་གཅིག་པ་གཅིག་རྐྱང་ཡིན་པ་དང༌། གཉིས་སུ་བོད་ཡིག་གི་རྩ་བའི་ནུས་པ་དེ་གང་ན་ཡོད་པ་སོགས་བོད་ཀྱི་ཡི་གེར་རྒྱུས་མངའ་མེད་པས་རེད། དེས་ན། མཁས་དབང་ནམ་མཁའི་ཉི་མ་ལྟ་བུ་ཚོའི་གསུང་ན་དག་སྐྱོན་ཡོད་ན་མི་འགྲིག་པའི་རྒྱུ་མཚན་ཉི་མ་བཞིན་ཤར་ཡོད་པས། བོད་ལ་དགའ་ཞིང༌། བོད་ཡིག་ལ་གཅེས་པ་ཅན་ཞིག་ཡིན་ན། ངེས་པར་གཞུང་དེ་དག་ལ་གཟིགས་པར་བྱའོ་ཞེས་སྐུལ་མ་གཏོང་གི་ཡོད།
གཉིས།
ང་གྲྭ་བར་མི་དགའ་བའི་རྒྱུ་མཚན་མེད་ལ། གྲྭ་ཕྱོགས་ཀྱི་བྱེད་བབ་ཐམས་ཅད་མཆོག་ཏུ་འཛིན་མཁན་ཞིག་ཀྱང་མིན། སྐྱ་སེར་གཉིས་ཀྱི་བར་མཚམས་འདི་ནས། བདེན་པ་བདེན་དྲང་གི་སྐད་ཆ་ཤོད་ཨེ་ཐུབ་བལྟ་རྒྱུར་ཅུང་དགའ་པོ་ཡོད། གྲྭ་བའི་སྤྱི་ཚོགས་ལ་ཕྱོགས་ཞེན་འཐེན་འཁྱེར་རྒོད་མིན་ཤེས་དགོས་ན། ངེས་པར་དུ་བོད་ཀྱི་ལོ་རྒྱུས་ཤེས་དགོས་ཀྱི་ཡོད། བོད་ཀྱི་ལོ་རྒྱུས་བལྟ་ཀློག་དང་སློབ་སྦྱོང་ཅི་ཙམ་བྱས་ཀྱང༌། ད་དུང་གྲྭ་བའི་འཐེན་འཁྱེར་གྱི་དྲི་འདྲ་མི་ཚོར་ན། ཁྱོད་ཀྱིས་བོད་ཀྱི་ལོ་རྒྱུས་མ་ཤེས་པ་རེད། དེ་བས་ཀྱང་སྟབས་བདེ་པོས་བཤད་ན། བཙན་བྱོལ་བོད་ཀྱི་ལོ་ངོ་ལྔ་བཅུར་ཕྱིར་བལྟ་ཐེངས་ཤོག་བྱོས་དང༌། བོད་སྤྱི་ཚོགས་ཀྱི་ཕྱོགས་ཞེན་འཐེན་འཁྱེར་དེ་ཕྱོགས་གང་ནས་ཡོང་གི་ཡོད་པ་མཐོང་ཐུབ་ངེས་ཡིན། ལྷག་པར་ཉེ་ལམ་རང་འཚོགས་པའི་སྐབས་བཅུ་བཞི་པའི་ཚོགས་ཐེངས་བརྒྱད་པའི་བོད་ཀྱི་གྲོས་ཚོགས་འཐུས་མིའི་རྙོག་དྲར་ཅིག་ལྟོས་དང༌། དེ་ལས་བོད་སྤྱི་ཚོགས་ཀྱི་ཕྱོགས་ཞེན་འཐེན་འཁྱེར་དང་འབྲེལ་བའི་རྩོད་གཞི་ནག་པོ་དག་སུ་དང་སྦྲེལ་ནས་ཡོད་པ་ཤེས་འགྲོ་བ་ཡིན། ཁྱེད་ཀྱིས་བཤད་པ་ཧ་ཅང་བདེན། ཕྱོགས་ཞེན་འཐེན་འཁྱེར་གྱི་ལྟ་སྤྱོད་འདི་དེ་རིང་སང་ཉིན་གྱི་བོད་སྤྱི་ཚོགས་ཧྲིལ་པོའི་ནད་རྟགས་རེད། ཡིན་ནའང༌། ནད་རྟགས་འདི་དང་པོ་གང་ནས་འོང་ཞིང༌། སུ་ཡིས་འགོས་ཁྱབ་ཏུ་བཏང་བ་ཡིན་པ་ཁྱོད་ཀྱིས་ཤེས་མེད་པ་འདྲ་བས། རྣལ་གྱིས་བསམ་བློ་ཐོངས་དང༌། གཞི་ནས་ངས་བཤད་པའི་སྐད་ཆ་དེའི་བྲོ་བར་རོལ་ཐུབ་རྒྱུར་རེད།
གསུམ།
དགའ་སྐྱོ་ཆགས་སྡང་སོགས་ཀྱི་སྐབས་འབྲེལ་སེམས་ཚོར་ཕྱིར་མངོན་ཐུབ་བྱེད་རྒྱུ་ནི་འཇིག་རྟེན་གྱི་སྙན་ངག་སྤྱི་ལ་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་ཡིན། དེས་ན། ཁྱད་ཆོས་དེ་ལྡན་གྱི་བརྗོད་ངག་སྙན་ངག་མ་རེད་ཅེས་ཤོད་མཁན་ཡོད་ཀྱི་མ་རེད། ཡིན་ནའང༌། དེ་རིང་ཁ་སང་གི་ང་ཚོའི་སྙན་ངག་གིས་འགན་དེའི་ཟུར་ཙམ་ཡང་འཁྱེར་ཐུབ་ཀྱི་མེད་སྟབས། ཟིན་བྲིས་འབྲི་སར་སྙན་ངག་བྲིས་ན་ཡག་པོ་མི་འདུག་ཞེས་བཤད་པ་ཡིན། ཁྱད་པར་རྡ་རམ་ས་ལའི་སྙན་ངག་པ་ཡིན་ཟེར་མཁན་ཚོའི་བློ་ཡི་ཚུགས་ཀར་ཅིག་ལྟོས་དང༌། འདི་ཚོས་གོ་རྒྱུ་ཡོད་པའི་སྙན་ངག་ཅིག་འབྲི་རྒྱུ་ཟེར་ན་དགོད་མི་ཤོར་རམ། ཁྱོད་ཀྱིས་ང་ལ་ཁྱོས་སྙན་ངག་ཨེ་ཤེས་ཟེར། ངས་སྙན་ངག་ཤེས། འོན་ཀྱང༌། ངས་ཤེས་པའི་སྙན་ངག་ནི་དུས་རྒྱུན་རིང་པོའི་ན་ཟུག་ཅིག་གི་ཐོན་དངོས་ལས། བདུན་ཕྲག་གཅིག་གཉིས་ལ་ལོབས་འདྲིས་སུ་གཏོང་ཐུབ་པའི་ཁྱོད་ཚོའི་སྙན་ངག་དེ་འདྲ་མིན་ཞེས་ཀྱང་བཤད་ཀྱི་ཡོད། ད་དུང༌། བོད་ཀྱི་རིག་གཞུང་འགན་ལེན་དང༌། དར་སྤེལ་གྱི་བྱེད་པོ་སུ་ཡིན་སོགས་ཀྱི་ཐད་ནས་ལབ་རྒྱུ་མང་པོ་མང་པོ་ཞིག་ཡོད་ནའང༌། དུས་ཀྱི་དབང་གིས་འབྲི་ཐུབ་མ་བྱུང་ན། རྗེས་མར་ཁོམ་ལོང་འདྲ་བྱུང་ཚེ་དེ་དོན་ཁྱོད་ཕྱོགས་སུ་བརྫངས་ངེས་ཡིན། ལོ་གསར་བའི་ནང་སྐུ་གཟུགས་བདེ་ཞིང་བསམ་བློའི་འཕེལ་ཁ་རྒྱས་ཤོག།
སྤོབས་པ་མཐའ་ཡས་ལགས། དངོས་རེད། གུས་མོ་སུ་ཡིན་དང་གང་དུ་ཡོད་མེད་དེ་དགོས་མཁོ་ཡོད་པ་ཞིག་མ་རེད་ལ་དེ་གནད་དོན་ཞིག་ཀྱང་མ་རེད། གཙོ་བོ་ངས་ཅི་ཞིག་བཤད་འདུག་འདི་གལ་ཆེན་པོ་རེད།
དེ་མིན་གུས་མོས་ད་དུང་ཟིན་བྲིས་མི་གཉེར་བའི་རྒྱུ་མཚན་གཙོ་བོ་ནི་དེང་རྒྱུན་དུ་ཉིན་རེ་ཉིན་རེའི་ལས་དཀའ་རྣམས་དུས་བཀག་ལྟར་སྒྲུབ་དགོས་པས་དབང་གི་ཡིན་པ་ལས་གཞན་པའི་དམིགས་ཡུལ་མེད། ལྷག་པར་དུ་ལས་མགོ་གཅིག་སློབ་གླིང་དང་མཉམ་འབྲེལ་ཡིན་སྟབས་ཕྱི་ཟླ་དྲུག་པའི་ནང་ཚར་དགོས་ཡོད། དེའི་ཕྱིར་ང་བྲེལ་བ་ཅུང་ཙམ་འདུག
ཁམས་པའི་ཕོ་རྒོདང་དང་བྱམས་རྒྱལ་ལགས་གཉིས་འདིར་ཕེབས་ནས་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ། ལྷག་པར་དུ་བྱམས་རྒྱལ་ལགས་ནས་སྒྲོལ་མ་གཉིས་ཀྱི་ཐུན་མོང་གི་འདྲ་ས་ཞིག་ངོས་འཛིན་བྱས་པ་ལ་ཐུགས་ཆེ། བདེན་པ་འདྲ་ཞིག་རེད།
ཟིན་བྲིས་ཟེར་བ་དེ་དེ་ལྟ་བུའི་སྟབས་དེ་ཞིག་ཡིན་པ་ཁྱེད་ཀྱིས་མཁྱེན་ཡོད་ན་ཁྱེད་རང་གིས་ཟིན་བྲིས་སྒོ་མི་འབྱེད་དོན་ཅི་ཡིན།
ཁྱོད་ཕོ་མོ་གང་ཡིན་དང་གང་ན་ཡོད་མེད་སོགས་འདིར་མི་གླེང་། ཁྱོད་ཀྱིས་བཤད་པ་གནད་ལ་ཁེལ་འདུག རྒྱལ་མོ་འབྲུག་པ་སོགས་བོད་ནང་གི་ཤེས་ཡོན་ཅན་ཁ་ཤས་རེ་ཡང་སིད་ནི་ལ་དབྱིན་ཡིག་སློབ་སྦྱོང་དུ་ལོ་ཤས་གོང་སླེབས་འདུག ཁྱོད་ཀྱང་མེལ་བྷོན་དུ་ཡོད་པ་དེ་བདེན་པ་ལོས་ཡིན།
ཨ་ཧཧཧ ་བཀྲ་སྒྲོལ་ལགས་ཀྱིས་་གཅིག་བརྗེད་འདུག་ བཀྲ་ཤིས་སྒྲོལ་མ་དང་བདེ་ཆེན་སྒྲོལ་མ་གཉིས་ཀར་ཐུན་མོང་གི་ཁྱད་ཆོས་གཅིག་ཡོད་པ་ནི་གཉིས་ཀ་སྒྲོལ་མ་ཡིན་པ་དེ་མ་ཡིན་ནམ་
མཛངས་མ་བཀྲ་ཤིས་སྒྲོལ་མ་ལགས་སྙིང་ཐག་པ་ནས་ཁྱེད་ལ་རྟེན་འབྲེལ་ཞུ།
ངས་སྤོབས་པ་དང་བཅས་ཁྱེད་ལ་མཛངས་མ་ཞེས་འབོད་དོན་ང་རང་ལ་ངོས་ལེན་ཡོད་པའི་མཛངས་མ་དེ་དངས་བཙང་ལྷད་མེད་ཀྱི་སེམས་པའི་ལང་ཚོ་ལ་ཤེས་རིག་ཡོན་ཏན་གྱིས་མཛངས་ཤིང་ལྷག་བསམ་དང་དྲང་བདེན་གྱིས་སྒེག་པའི་ཉམས་འགྱུར་དང་ལྡན་པའི་བུ་མོ་ཡིན་ན་དོན་གྱི་མཛངས་མ་ཞེས་འབོད་ཀྱི་ཡོད།
དྲྭ་གྲོགས་ཆུ་ཐིགས་སྔོན་མོ་ལགས། ང་ཡག་མ་ཞིག་མིན་རུང་ཡ་རབ་ཅིག་ཡིན་དགོས་པ་རེད། ང་བོད་པའི་བུ་མོ་རེད།
དེ་མིན་ཉིད་ཀྱིས་གུས་མོའི་བྲིས་རྩོམ་ལ་བསྟོད་བསྔགས་བྱས་པ་ཐུགས་རྗེ་ཆེ། སྔོན་རྩོམ་ཞིག་གི་ནང་དུ་༼བསྟོད་པས་དགའ་བར་མི་འགྱུར་ཞིང་། །སྨད་པའི་མི་དགར་མི་འགྱུར་བ། །སྐྱེས་བུ་དམ་པའི་ཁྱད་ཆོས་ཡིན། །༽ཟེར་རྒྱུ་ཞིག་ཡོད་པ་རེད། འོན་ཀྱང་ང་སྐྱེས་བུ་དམ་པ་མིན་པ་འདྲ། ཁྱོད་ཀྱིས་བསྟོན་བསྔགས་བྱས་ཡོང་དུས་རང་བཞིན་གྱིས་ཁ་ནས་ཐུགས་རྗེ་ཆེ་ཤོར་སོང་།
ཚོད་དཔག་བྱས་ན་བུ་མོ་མཛེས་མ་ཞིག་གི་བཟོ་ལྟ་འདུག་་་མ་ཟད་གླེང་རིན་ཡོད་པའི་དགག་ལེན་ཞིག་ཀྱང་བྲིས་འདུག་་་་་་་གང་ལྟར་འདི་ལྟ་བུའི་རིགས་པས་དཔྱད་གཟོད་དུ་གྲུབ་པའི་རྩོམ་ཡིག་དག་མཐོང་ན་ཡིད་དགའ་ནི་ཞིག་རེད། དྲ་གྲོགས་མཛེས་མ་ཁྱེད་ཀྱིས་མུ་མཐུད་འདི་ལྟར་དྲ་བའི་རིན་ཐང་སྐོར་ནས་འཕྲོས་པའི་དཔྱད་གླེང་གང་མང་ཞིག་སྤེལ་རྒྱུའི་འབོད་སྐུལ་དང་། བཟང་པོའི་ཡོན་ཏན་ལ་བསྟོད་བསྔགས་དང། ངན་པའི་སྐྱོན་མཚང་ལ་མཛུབ་མོ་བཙུགས་ནས་ཐེར་འདོན་བྱ་རྒྱུའི་རེ་བ་ཞུ།
དྲྭ་གྲོགས་ཅོ་རི་ཉི་མ་ལགས། ཁྱེད་ཀྱིས་མཆན་བུ་འདི་འདེབས་སྐབས་བསམ་བློ་ཨེ་བཏངས། མ་གཞི་དྲྭ་ཚིགས་འདིར་ཡོང་མཁན་ཚོར་གུས་མོས་ཡིག་སྐྱོན་ཙམ་དང་ཚིག་གི་སྡེབ་སྦྱོར་ལ་དེ་ཙམ་གནད་འགག་བརྩི་ཡི་མེད་པ་གོང་གི་ངའི་བསམ་ཚུལ་བལྟ་བུའི་རྩོམ་ཡིག་འདིའི་ནང་གསལ་བ་ལྟར་ཡིན། འོན་ཀྱང་དེ་ནི་ཁྱེད་ལྟ་བུ་ཚོ་ཐར་གཏོང་བྱེད་མ་རེད། གཞན་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་ན་དེའི་ཚོད་ཀྱི་གདེངས་ཤིག་དགོས་པ་རེད།
ཁྱེད་ཀྱི་སྐད་ཆ་འདི་ང་ལ་དག་མོ་ཞིག་བཤད་ཐུབ་འདུག་གམ ? འདི་ནི་ཁྱོད་ཀྱི་སྐད་ཆ་རེད།
༼ཁྱེད་ཀྱི་སྐད་ཆ་ལ་ལྟས་ན་ཁྱེད་ཉིད་བུ་མོ་འཛེས་མ་ཞིག་ཡིན་པའི་འཚོ་བ་ཞིག་མི་འདུག་ལགས།སྦ་སའི་བླ་རྒན་རྣམས་ཀྱི་སྐད་ཆ་འདྲ་པོ་འདུག༽
མཛེས་སྡུག་ཡིད་འོང་གི་མིང་ཅན་བུ་མོ་བཀྲ་ཤིས་སྒྲོལ་མ་ལགས།
ཁྱེད་ཀྱི་སྐད་ཆ་ལ་ལྟས་ན་ཁྱེད་ཉིད་བུ་མོ་འཛེས་མ་ཞིག་ཡིན་པའི་འཚོ་བ་ཞིག་མི་འདུག་ལགས།
སྦ་སའི་བླ་རྒན་རྣམས་ཀྱི་སྐད་ཆ་འདྲ་པོ་འདུག
དྲྭ་གྲོགས་རྭ་ལོ་ལགས། ངས་ཁྱོད་ལ་གསལ་བོར་བཤད་ཆོག བཀྲ་ཤིས་སྒྲོལ་མ་དང་བདེ་ཆེན་སྒྲོལ་མ་གཉིས་ལ་འདྲ་ས་དང་མི་འདྲ་གཉིས་ཀ་ཡོད་པ་རེད།
འདྲ་ས་བཤད་ན་ངེད་གཉིས་ཀ་བུད་མེད་གཉིས་རེད། ངེད་གཉིས་ཀ་དུས་བབ་དྲྭ་ཚིགས་འདིར་ཡོང་ནས་རྩོམ་འབྲི་བ་དང་མཆན་འཇོག་རྒྱུར་དགའ་མཁན་གཉིས་རེད། མ་ཟད་བོད་ཡིག་བོད་སྐད་ལ་ཅུང་ཆ་རྒྱུས་དང་ཤ་ཞེན་ཡོད་མཁན་གཉིས་རེད། འདི་ཚོ་འདྲ་བའི་ཆ་རེད།
མི་འདྲ་ས་ནི། བདེ་ཆེན་སྒྲོལ་མར་དུས་བབ་དྲྭ་ཚིགས་ཀྱི་ཟིན་བྲིས་ནང་དུ་སྒེར་གཉེར་ཟིན་བྲིས་སློབ་ཆེན་གྱི་ལེའུ་ཞེས་པ་ཞིག་འདུག ང་ལ་དུས་བབ་ཟིན་བྲིས་ནང་ས་མིག་མེད། དེ་བཞིན་བདེ་ཆེན་སྒྲོལ་མས་བཤད་པ་དངོས་བདེན་ཡིན་ན་མོ་ཕལ་ཆེར་བོད་ནང་གི་སློབ་ཆེན་ཞིག་ཏུ་ཡོད་ཚུལ་བཤད་པ་ཞིག་དྲན་གྱི་འདུག ང་ནི་འཛམ་གླིང་གླིང་ལྔའི་ཡ་གྱར་ཉོས་ཟི་ལན་སྒྲིས་ཁྱིམ་མཚེ་རྒྱལ་ཁབ་ཨོ་སི་ཁྲིས་ལིའི་ཡའི་ཁྲོང་ཁྱེར་མེལ་བྷོམ་ནང་རྟེན་གཞིར་བྱས་ནས་བསྡད་ཡོད་པའི་བོད་ཕྲུག་སློབ་མ་བོད་ནས་ཐད་ཀར་ཡོང་བ་ཞིག་ཡིན། འདི་ཡང་ངེད་གཉིས་ཀྱི་མི་འདྲ་ས་རེད། ད་དུང་ཡོད་རྒྱུ་རེད།
དྲྭ་གྲོགས་ཕུན་ཚོགས་ལགས། རིག་པ་གོ་རྒྱུ་ཅན་དང་ལེན་ཅན་བཀོད་པར་ཐུགས་རྗེ་ཆེ། དངོས་གནས་སྔོན་འགྲོ་མི་འདོད་པར་དངོས་གཞིར་འཇུག་འདོད་པ་ཚོ་འཆི་ལམ་སྙེགས་བསམ་མཁན་རང་རེད།
སྐད་ཆ་གཅིག་རང་གཅིག་འདྲི་རྒྱུ་ཡོད།
བཀྲ་ཤིས་སྒྲོལ་མ་དང་བདེ་ཆེན་སྒྲོལ་མ་གཉིས་ཀར་ཐུན་མོང་གི་ཁྱད་ཆོས་ཅི་ཞིག་ཡོད་དམ།
སྐད་ཡིག་དང་རིག་གཞུང་གང་ཞིག་ཀྱང་ཚོང་རའི་ཁྲོད་ཀྱི་ཚོང་རྫས་ཉིད་ཡིན་པས།རང་ཉིད་འཕེལ་རྒྱས་འགྲོ་སའི་ཚོང་རྭ་དེ་ཉིད་ཇི་ལྟར་རྒྱ་ཆེ་ན་དེ་ནི་ཚོང་རྫས་རང་ཉིད་འཕེལ་རྒྱས་དང་འབྱོན་ནུས་རང་བཞིན་གྱི་རིག་གནས་དང་སྐད་ཡིག་ཅིག་ཏུ་འགྱུར་བའི་སྔོན་འགྲོ་ཐོག་མ་དེ་ཡིན་པས།སྔོན་འགྲོ་མི་འདོད་པ་དེ་ནི་རང་ ཉིད མེད་པར་འདོད་མཁན་ཚོ་ལས་ལོགས་སུ་ཕྱེ་དོན་མེད།